གོ་འཇོ་ཡེ་ཤེས་རྒྱ་མཚོའི་རྩོམ་གསར།

རྩོམ་ཡིག་འདི་ཐེངས་ 54 བཀླགས་འདུག

སྐར་ཚོགས་ལ་འཕྲེང་བའི་སེམས་པ། 
                                      
            ང་ཚོ་མི་སུ་འདྲ་ཞིག་ཡིན་རུང་ལོ་ན་ཡར་ཡར་ལོན་ཚེ་བྱིས་དུས་ཀྱི་འཚོ་བར་ཕྱིར་དྲན་བྱེད་རྒྱུར་ཧ་ཅང་དགའ་ཞིང་། མི་གཞན་ལ་རང་ཉིད་ཆུང་དུས་ཀྱི་དགའ་སྐྱོ་ཆགས་སྡང་གི་གནས་ཚུལ་རྣམས་བཤད་རྒྱུར་ཤིན་ཏུ་མོས། དེའི་རྒྱུ་མཚན་ནི། བྱིས་པའི་འཚོ་བ་དེ་དྭངས་གཙང་ལྷད་མེད་ཡིན་པས་མི་ཡུལ་གྱི་བཅོས་མ་སྣ་ཚོགས་ཀྱིས་མ་བསླད་པ་ཤས་ཆེ་ལ།  ལྷག་པར་དུ་སྐབས་དེར་བྱ་བ་གང་ཞིག་སྒྲུབ་རུང་འགན་ཁུར་ཅི་ཡང་མེད་པར་རང་གི་བསམ་པ་ནང་བཞིན་རང་དབང་གིས་སྒྲུབ་ཆོག་པས་ཀྱང་ཡིན་ནམ་སྙམ།
          ཁོ་བོ་ཆུང་དུས་རང་ཁྱིམ་གྱི་སྒོ་ར་དང་སྒེའུ་ཁུང་ནང་ནས་མཁའ་དབྱིངས་སུ་སྐར་མ་སྣ་ཚོགས་བཀྲ་བ་མཐོང་མྱོང་ལ། དེ་ཡང་སྐར་མ་དེ་དག་ནི་ནམ་མཁའ་རྒྱ་ཆེན་པོ་དེའི་ནང་ལ་མི་ཤོང་བའི་དོགས་པ་ཡོད་པ་ལྟར་འཚང་ཁ་ཤིག་ཤིག་གིས་འཆར་ཡོད་ཅིང་། མཚམས་ལན་རེར་སྐར་མ་མང་ཆེ་སོང་བས་རང་རང་གི་གྲལ་དུ་མ་ཆུད་པར་གཅིག་རྒྱབ་ཏུ་གཅིག་བསྐུངས་ནས་བསྡད་ཡོད་པ་ལྟ་བུའི་སྣང་ཚུལ་ཡང་ཡོད། ངས་སྐར་མ་དེ་དག་མཐོང་རྗེས། ངོ་མཚར་བའི་མིག་མདངས་ཀྱིས་ནམ་མཁའ་ལ་བལྟས་ཏེ། སྐར་མ་རྣམས་རེ་རེ་བཞིན་དུ་བརྩི་ཐུབ་ན་ཅི་མ་རུང་སྙམ་ནས་མཛུབ་མོ་གནམ་ལ་ཀེར་བཞིན་སྐར་མའི་གྲངས་ཀ་ལོན་ཐབས་ལ་འབད་མོད། འོན་ཀྱང་། ངའི་མཛུབ་མོ་ཆུང་ཆུང་དེའི་རྩེ་ནས་སྐར་མའི་གྲངས་ཀ་མང་པོ་ཞིག་ལོན་མི་དར།

    གྲང་ངར་ཆེ་བའི་དགུན་དུས་ཀྱི་ཕ་ཡུལ་ནི། བོད་ཡུལ་གྱི་ས་ཆ་ཕལ་མོ་ཆེ་ལྟར་སྣོད་བཅུད་གཉི་ག་ལྷགས་པས་བཅུམ་ཞིང་། དུས་དེར་ཕ་ཡུལ་གྱི་ལུང་གཞུང་དུ་རྒྱུ་བཞིན་པའི་ཆུ་ཕྲན་དེའང་འཁྱག་རོམ་གྱི་སྦུབས་སུ་ཚུད་ནས་འུར་སྒྲ་དང་ཤག་སྒྲ་གང་ཡང་མེད་པར་འཇམ་ཐིང་ཐིང་དུ་འགྱུར་འགྲོ། དུས་ཚོད་འདི་དག་ཏུ་ཕ་ཡུལ་གྱི་བྱིས་པ་ཚོ་ཡང་དགོང་ཡན①བྱས་ཏེ་ཕྱི་རོལ་ཏུ་ཡུན་རིང་མི་འདུག་པར་དགོང་ཁ་སྔ་མོ་ནས་རང་ཁྱིམ་དུ་ལོག་ཡོང་བས། དེ་འདྲའི་མཚན་མོ་རྣམས་སུ་ངས་རང་ཁྱིམ་གྱི་བང་བའི་སྒེའུ་ཁུང་ཆེན་པོ་དེ་ཕྱེས་ཏེ་ཁུ་སིམ་མེར་མཁའ་དབྱིངས་སུ་ལྟ་དུས། ནམ་མཁའི་ལྷ་མོ་རྣམས་ཀྱི་མུ་ཏིག་གི་མགུལ་རྒྱན་ཆད་དེ་གང་སར་འཐོར་བ་དང་འདྲ་བའི་སྐར་ཚོགས་རྣམས་ནི། རུས་རྐང་ལ་ཟུག་པའི་གྲང་ངར་གྱི་ཁྲོད་དུ་གཅེར་བུར་གནས་ཤིང་། ད་དུང་གྲང་ངད་མ་བཟོད་པའི་དབང་གིས་ཅུང་ཟད་འདར་ཕྲིལ་ཕྲིལ་བྱེད་ཀྱིན་ཡོད་པའི་སྣང་བ་ཞིག་ཀྱང་འབྱུང་།

  ལོ་རེའི་སྟོན་ཀ་ཚེས་རིམ་བཞིན་དུ་ཕ་ཡུལ་ནས་སྟོན་ཐོག་བསྡུ་བ་དང་། དེ་རྗེས་ཞིང་ནང་དུ་སྐྱེས་ཡོད་པའི་ཡུང་མ་དག་ཡར་ལ་འབལ་དགོས་ཤིང་། ཡུལ་མི་ཚོས་དེ་ལ་ཡུང་བརྐོ་ཞེས་པའི་ཐ་སྙད་འདོགས་པར་བྱེད། ཡུང་བརྐོས་རྗེས་ཞིང་ཁའི་ནང་དུ་ཡུང་མ་མང་པོ་སྤུངས་ཡོད་པ་དག་གཞན་གྱིས་ཁྱེར་དོགས་ཀྱིས་མཚན་མོར་ཡུང་བསྲུང་དུ་འགྲོ་དགོས་པས། སྐབས་དེར་ཁོ་བོས་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཐང་གི་གྲུ་ཟུར་གང་ཞིག་ཏུ་ཉལ་ས་བཅས་ཏེ། ནུབ་ཕྱོགས་ཀྱི་བྲག་རིའི་མགོ་ནས་གྲག་པའི་འུག་སྐད་དེ་ལ་འཇིགས་དངངས་ཅུང་ཟད་དང་བཅས་ཡུང་ཕུང་སྲུང་གི་ཡོད། དེ་འདྲའི་དུས་སྐབས་དག་ཏུ་མཚམས་ལན་རེར་རང་ལུས་གན་ཀྱལ་དུ་ལོག་ནས་མཁའ་དབྱིངས་སུ་ཡར་ལ་བལྟས་ན། སྨག་ནག་པའི་ནམ་མཁའ་ཡོངས་རྫོགས་སྐར་མས་ཁེངས་པ་མཐོང་འོང་ཞིང་། འོད་འཚེར་འཚེར་བྱེད་པའི་སྐར་མ་དག་ལ་བལྟས་ཀྱིན་བལྟས་ཀྱིན་རང་ཉིད་ས་གཞི་འདིའི་སྟེང་དུ་མེད་པར་གོ་ལའི་ཕར་རྒྱབ་ཀྱི་བར་སྟོང་གང་ཞིག་ཏུ་ཉལ་ཏེ་ཡོད་པའི་ཚོར་སྣང་ངང་གིས་སྟེར་བར་བྱེད།
      ཕ་ཡུལ་གྱི་ཡུལ་མི་རྒན་པ་ཚོ་ནི་རང་བྱུང་ཁམས་དང་ལོ་མང་འདྲིས་པའི་ཉམས་མྱོང་ཟབ་པས། ཁོང་ཚོས་ནམ་རྒྱུན་སྤྲིན་པའི་རྒྱུ་ལུགས་དང་ཉི་རྟགས་བཞག་པ་སོགས་ལ་བརྟེན་ནས། ཉིན་དེར་ཆར་འབབ་མིན་དང་། ག་དུས་སོ་ནམ་རན་མིན་སོགས་ཀྱི་གནས་ཚུལ་ཡང་ཐག་གཅོད་བྱེད་ཀྱི་ཡོད་ལ། ད་དུང་ཁོང་ཚོས་ཕྱུག་པོས་རྟ་བཏགས་སྐར་མ་དང་། དབུལ་པོས་ཆོལ་འཐུང②སྐར་མ། སྐར་མ་སྨིན་དྲུག་དང་། དུ་བ་མཇུག་རིང་སོགས་མདོར་ན་སྐར་མ་མང་པོ་ཞིག་ངོ་ཤེས་ཀྱི་ཡོད། ད་སྐབས་ཕལ་ཆེ་བ་ཞིག་འཇིག་རྟེན་འདིར་བཞུགས་མེད་པའི་རང་ཡུལ་གྱི་ཡུལ་མི་དེ་ཚོས། མཛུབ་མོ་གནམ་ལ་ཀེར་ཏེ་ང་ལ་ཡང་སྐར་མ་མང་པོ་ཞིག་ངོ་སྤྲོད་བྱེད་མྱོང་ཡོད་མོད། འོན་ཀྱང་། ད་ལྟ་ཁོ་བོས་སྐར་ཚོགས་ཀྱི་ཁྲོད་ནས་ངོས་ཟིན་པའི་སྐར་མ་ནི་སྐར་མ་སྨིན་དྲུག་ལྟ་བུ་རེ་གཉིས་ཤིག་ལས་མི་འདུག

          ཁོ་བོ་ལོ་ན་ཡར་ཡར་སོན་པ་དང་རང་གི་ཕ་ཡུལ་དུ་འཚོ་བ་རོལ་རྒྱུའི་གོ་སྐབས་དེ་འདྲ་མ་བྱུང་ཞིང་། ལྷག་པར་དུ་ཕྱིས་ཀྱི་འཚོ་བ་བསྐྱལ་སའི་ཁོར་ཡུག་དག་ནི་གློག་འོད་ཀྱི་ཆ་རྐྱེན་འཛོམས་པའི་ས་ཆ་རྐྱང་རྐྱང་ཡིན་པས། གློག་འོད་ཀྱིས་སྐར་མ་དག་གི་མཛེས་སྡུག་དེ་མི་མངོན་པར་བྱས་པའི་དབང་གིས་ཡིན་ནམ། གང་ལྟར་ཆུང་དུས་ལྟར་དུ་སྐར་ཚོགས་ཀྱི་གྲོང་ཁྱེར་ལ་མིག་གིས་ལོངས་སྤྱོད་ཡིད་ཚིམ་པོ་ཞིག་བྱ་རྒྱུ་མ་བྱུང་བར་ཡུན་རིང་འགོར། དེའི་དབང་གིས་སྐབས་སྐབས་སུ་ལས་ཀ་སོགས་ཀྱི་རྐྱེན་གྱིས་མཚན་མོར་རླངས་འཁོར་དུ་ཞུགས་ནས་ས་སྟོང་ལུང་སྟོང་དག་བརྒྱུད་དེ་ཕྱིན་ནས། གནམ་རྒྱ་ཡངས་པའི་ས་ཆ་དང་ཐུག་ཚེ་ངས་ཁ་ལོ་པ་ལ་རླངས་འཁོར་གྱི་ཁ་ཅུང་ཟད་འགོག་རོགས་ཞུས་ཏེ། དེའི་བར་གྱི་དུས་ཚོད་དག་བེད་སྤྱད་ནས་མཚན་སྨག་གི་ཁྲོད་ཀྱི་སྐར་ཚོགས་ཀྱི་རྣམ་པ་ལ་རོལ་མྱོང་ཅུང་ཟད་བྱེད་ཀྱི་ཡོད།

      ད་སྐབས་ཁོ་བོས་མཁའ་དབྱིངས་ན་ཤར་བའི་སྐར་མ་འདི་དག་ནི་གོ་ལ་སྣ་ཚོགས་ལས་གྲུབ་པ་དང་། འདི་དག་གི་ནང་དུ་ཆེ་ཆུང་དང་རྒྱང་ཐག་མི་འདྲ་བའི་སྐར་མ་མང་པོ་ཡོད་པར་གོ་ཞིང་། སྐར་མ་འགའ་རེ་ནི་ང་ཚོས་ད་ལྟ་རང་ལ་མཐོང་སྣང་འཆར་གི་ཡོད་མོད། དོན་ལ་དེ་འདྲའི་སྐར་མ་དེ་འཇིག་ཟིན་ནས་ལོ་ཁྲི་ཕྲག་མང་པོ་ལོན་རབས་ཀྱང་ཐོས། ཁོ་བོ་ཆུང་དུས་ལ་ལྟོས་ན་ད་ལྟ་སྐར་མ་དག་གི་དོན་དངོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཇེ་བཟང་དུ་འགྲོ་གི་འདུག་མོད། དེ་ལྟ་ན་ཡང་། འུར་འུར་ཟིང་ཟིང་གི་འཚོ་བའི་ཁྲོད་ནས། མིག་ལམ་དུ་ཤར་བའི་སྐར་མ་དག་གི་མ་བཅོས་པའི་མཛེས་སྡུག་གི་སྣང་ཚུལ་དང་ནི་བར་ཐག་ཇེ་རིང་དུ་འགྲོ་བཞིན་མཆིས། དེས་ན་ནམ་རྒྱུན་ཁོ་བོའི་སེམས་ལ་ཤར་འོང་བ་ནི། ཁོམ་སྐབས་ཀྱི་དུས་ཚོད་ཅིག་བཙལ་ཏེ། དེང་རབས་ཀྱི་གློག་འོད་གང་ཡང་མེད་པའི་ས་སྟོང་ཞིག་གམ། ཡང་ན་ལུང་པ་ཁུག་ཀྱོག་ཅིག་ཏུ་ཕྱིན་ནས། ནམ་མཁའ་རུ་འཚང་ཁ་རྒྱག་གིན་པའི་སྐར་ཚོགས་ལ་རང་ཉིད་གཅིག་པུས་ཡིད་ཚིམ་པ་ཞིག་བལྟས་ནས། ནམ་ཡང་ཕྱིར་འོང་མེད་པར་ཡལ་ཟིན་པའི་བྱིས་དུས་ཀྱི་འཚོ་བ་ལ་ཕྱིར་དྲན་ཞིག་བྱེད་ན་འདོད་དོ།། །།

                  ༢༠༢༦.༤.༢༡ ཉིན་བྲིས།

① ཕ་ཡུལ་གྱི་སྐྱེས་པ་དང་བྱིས་པ་དག་དགོང་མོར་གྲོང་པའི་སྲང་མདོ་སོགས་སུ་འཛོམས་ཏེ་ཡུན་རིང་པོའི་བར་དུ་སྐད་ཆ་སྣ་ཚོགས་བཤད་དེ་འདུག་པ་ལ་ཟེར། ཡན་ནི་གོ་འཇོའི་ཡུལ་སྐད་དེ། རང་དབང་དུ་བག་ཡངས་པོས་འཁྱམ་འཁྱམ་དང་། རྩེད་མོར་རོལ་བ་སོགས་ཀྱི་དོན་ནོ། །
② ཆོལ་འཐུང་ནི། ཆོ་ལེ་འཐུང་བ་ཞེས་པའི་ཚིག་བསྡུས་པའོ། །  ཆོ་ལེ་ནི་ཡུང་མ་བཤགས་ཏེ་བསྐོལ་བའི་ཐུག་པ་སྟེ།འདི་ལ་ཡུང་མ་གསར་པ་བསྐོལ་བའི་ཆོལ་དཀར་དང་། ཡུང་མ་རྙིང་པ་བསྐོལ་བའི་ཆོལ་སེར་ཞེས་པ་གཉིས་ཡོད། ཕ་ཡུལ་དུ་ཤིན་ཏུ་དར་ཁྱབ་ཆེ་བའི་ཟས་རིགས་ཤིག་ཡིན།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *