དིང་རི་ལ་ཕུལ་བའི་སྙན་ངག

རྩོམ་ཡིག་འདི་ཐེངས་ 4 བཀླགས་འདུག

དིང་རི་ལ་བཏེགས་པའི་སེམས། མུ་ཏིག

ཀྭ་ཡེ་གསོན་དང་དིང་རིའི་ཤ་ཉེ་ཚོ།།
ཁ་ཙམ་མིན་པའི་ང་ཡི་སྙིང་གི་ཚིག།
ག་ཤེད་ངག་ནས་དབང་མེད་ཐལ་ན་ཡང་།།
ང་དང་ཁྱོད་ཚོ་ས་ཐག་ཇི་འདྲའི་རིང་།།

ཅ་ལེ་ཅོལ་ལེ་ལས་ཀྱིས་བསྐོས་པ་འདྲ།།
ཆ་ཆོ་ས་ཡི་འགུལ་རིམ་རྩུབ་དྲགས་ནས།།
ཇ་མར་ཐུལ་བའི་ཁང་ཁྱིམ་རྡུལ་འཚུབ་སེ།།
ཉ་མོ་སྐམ་སར་ལྷུང་བ་ཡ་རེ་ང་།།

ཏ་ལ་ལ་ཡི་འོད་སྣང་གཅིག་གི་འོག།
ཐ་མར་སེམས་པ་ལྷན་དུ་གླན་ཚུལ་འདི།།
ད་ལྟའི་ཕྱི་ནང་བར་གྱི་བརྩེ་བ་རེད།།
ན་ཟུག་སྙིང་སྟོབས་སྒྱུར་ཅིག་རིགས་གཅིག་སྤུན།།

པ་རི་པི་རི་ཁྲོམ་བསྒྲགས་བརྙན་འཕྲིན་དུ།།
ཕ་མ་ཡིན་མདོག་མྱུར་སྐྱོབ་ཇག་རྐུན་ཚོ།།
བ་ཐག་སྒྱིད་པ་འདར་བཞིན་འདུར་གྱིན་འདུག།
མ་གེ་མུག་གེ་འདི་ཚོའི་ངོ་ཅིག་རྫོགས།།

ཙ་གེ་ཙིག་གེ་ཡིན་ན་དྲག་གི་ར།།
ཚ་བ་ཚ་ཕྱེད་ཁུག་མར་བཅུག་འགྲོ་བའི།།
ཛ་ལང་སྤྱོད་ངན་དེ་ཚོ་རིག་རིག་ནས།།
ཝ་ངོ་གཡོ་ངོ་འདི་ཚོར་སྙིང་ན་གི།

ཞ་བོ་ཞ་མོ་ཞང་ངོ་བརྩི་བརྩི་བྱོས།།
ཟ་རྒྱུ་འཐུང་རྒྱུ་ང་ཡོད་ཁྱོད་ཡོད་བྱོས།།
འ་བེ་འུབ་བེ་འཁུན་སྒྲ་ཆེ་དུས་འདིར།།
ཡ་རབས་སྤྱོད་པས་ཕྱི་ནང་མ་ནོར་ཅིག།

ར་དང་རེའུ་ལྷས་ལ་བསྐོར་འདྲ་བའི།།
ལ་དང་ལ་མོའི་རྒྱབ་ཀྱི་ཡུལ་མི་ཚོར།།
ཤ་རུས་གཅིག་གི་དུང་བ་མ་ལྷོད་པས།།
ས་ཐག་རིང་ཡང་སེམས་པའི་ཁུག་གི་དྲོ།།

ཧ་བོ་གནམ་རྒན་མ་ཡིས་མིག་ཕྱེས་ནས།།
ཨ་ཙི་ཉམ་ཆུང་ང་ཚོ་མ་གཟིགས་པ།།
ཧ་ཡོ་ལས་ཀྱིས་གྲིབ་མ་ཕོགས་སམ་ཅི།།
ཨ་མ་སྙིང་རྗེ་གཟིགས་རོགས་ལྷ་ཚོགས་ཀྱེ།།

མུ་ཏིག་གིས་རང་གི་བུ་གཉིས་དང་ལྷན་དུ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *