སྙིང་མིག་གི་སྙན་ངག་གསར་པ།

རྩོམ་ཡིག་འདི་ཐེངས་ 33 བཀླགས་འདུག


༢༠༢༥ བསུ་བའི་དབྱངས།
ཆུ་སྐྱེས་འདབ་ལོ་ཕྱལ་ལེ་བ།།
ཉ་གང་ཟླ་བ་འཁྱིལ་ལེ་དབུས།།
ཨུཏྤལ་འཁྲི་ཤིང་སར་པའི་སྐུ།།
ཡིད་བཞིན་འཁོར་ལོས་ཤིས་པ་སྒྲུབས།།
ནོར་འཛིན་ཡངས་པའི་རྒྱལ་ཁམས་སུ།།
ནད་མུག་མཚོན་གྱི་བསྐལ་བ་ཞི།།
རྫོགས་ལྡན་སོས་ཀ་གཞོན་ནུ་ཡིས།།
དཔྱིད་ཀྱི་རྒྱལ་མོའི་གར་ལ་རོལ།།
ནང་མི་སྨུག་པོའི་མཛའ་བརྩེ་ལྡན།།
ཁ་ལས་རླུང་རྟ་ཁྲི་གདུགས་འོད།།
ལ་ཉེ་དབང་པོའི་གཞུ་རིས་ཀྱིས།།
ཉེ་ཞོ་མེད་པར་སྣང་བས་ཁྱབ།།
མི་ལ་ཚེ་ཡི་དངོས་གྲུབ་སྩོལ།།
ཟས་ལ་བཅུད་ཀྱི་བྱིན་རླབས་ཕོབས།།
ནོར་ལ་གཡང་གི་དགའ་སྟོན་ཁྱེས།།
བཀྲ་ཤིས་ནམ་མཁའ་གང་བར་མཛོད།།
འདོད་པ་གེགས་མེད་ལྷུན་གྱིས་འགྲུབ།།
མི་འདོད་མཚན་མའི་རྒྱ་ལས་གྲོལ།།
ཕྱོགས་ལས་རྣམ་པར་རྒྱལ་བ་ཡི།།
སྨོན་ལམ་ས་གཞི་ཁྱབ་པར་མཛོད།།
ཉི་ཟླ་གའུ་ཁ་སྦྱར་དབུས།།
མི་ཤིགས་རྡོ་རྗེའི་སྲུང་བ་མདུད།།
འཕོ་བྲལ་གཡུང་དྲུང་མཛེས་པ་ཡིས།།
མི་ནུབ་རྒྱལ་མཚན་བླ་རུ་ཕྱོར།།
ཡེ་འདྲོག་ཕྲ་མེན་བྱད་མའི་དཔུང་།།
རྦད་འདྲེ་རྦོད་པ་དུམ་དུམ་ཚལ།།
ཆགས་ཆེ་ཉམ་ང་དགྲ་ལ་བཟློག།
ཕྱི་ནང་གསང་བའི་བར་ཆད་སོལ།།
གཞིས་ལ་གཡང་འཕེལ་ཕྱྭ་ཁུ་ཡེ།།
ཁུ་ཡེ་ཁུ་ཡེ་གཡང་ཁུགས་སོ།།
བྱེས་ལ་གཡང་འཕེལ་ཕྱྭ་ཧུ་ཡེ།།
ཧུ་ཡེ་ཧུ་ལྡན་གཡང་ཆགས་སོ།།
དེ་སྐད་ཕྱི་ལུགས་ལོ་སར་ལ།།
ཨ་ཤེ་དཀར་པོའི་གཤོག་རླབས་དང་།།
ཨུ་དུམ་བ་རའི་ཆུན་པོ་འདི།།
སྒྲ་དབྱངས་རྒྱ་མཚོའི་དཔལ་ལས་འོངས།།

༢༠༢༤།༡༢།༣༡ རྗེ་བཙུན་ཡིད་བཞིན་འཁོར་ལོ་ཡི།། བྱོན་ལེགས་བྲིས་སྐུ་མཇལ་བའི་མོད། །ཐད་ཀར་ནག་ཆུང་ཡི་གེར་བཏབ།། ནོར་བ་རྗེ་བཙུན་རང་ལ་བཤགས།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *