«ས་གཤིས་ལོ་རྒྱུས་དུས་སྐབས་ཀྱི་མདོ་དབུས་མཐོ་སྒང་གི་བྱུང་བ།»
རྩོམ་ཡིག་འདི་ཐེངས་ 59 བཀླགས་འདུག
«མདོ་དབུས་མཐོ་སྒང་གི་རི་ཆུའི་རིག་གནས»ལས་ས་གཤིས་ལོ་རྒྱུས་དུས་སྐབས་ཀྱི་མདོ་དབུས་མཐོ་སྒང་གི་བྱུང་བ།
བློ་བཟང་ལྷུན་གྲུབ་རྡོ་རྗེས་བརྩམས།
ཆོས་སྐྱོང་བཀྲ་ཤིས་ཀྱིས་བསྒྱུར།
གཅིག གནའ་སྔ་མོར་མདོ་དབུས་མཐོ་སྒང་ནི་རྦ་རླབས་དྲག་ཏུ་འཕྱོ་བའི་རྒྱ་མཚོ་ཆེན་པོ་ཞིག་ཡིན།
མདོ་དབུས་མཐོ་སྒང་གི་ས་གཤིས་ལོ་རྒྱུས་ནི་ལོ་ངོ་དུང་ཕྱིར4–5སྔོན་གྱི་ཨོ་ཐོ(奥陶)དུས་རབས་ས་གཏུག་ཆོག སྐབས་དེར་མདོ་དབུས་མཐོ་སྒང་ནི་སྔར་བཞིན་མུ་མཐའ་མེད་པའི་རྒྱ་མཚོ་ཞིག་ཡིན་ལ་དེར་ས་གཤིས་རིག་པས་ཐེ་ཏི་སི་རྒྱ་མཚོ(特提斯海)ཟེར། གནའ་བོའི་གྷི་རིག་གི་ལྷ་སྒྲུང་དུ་ཐེ་ཏི་སི་ནི་མཚོ་བྱུང་ལྷ་མོའི་ཁྱོ་ག་ཡིན་པར་བཤད། ས་གཤིས་རིག་པ་བས་ཐེ་ཏི་སི་ལ་ཡ་ཡོབ་སྐམ་ས་ཆེན་མོའི་ལྷོ་མཐར་འཕྲེད་བཅད་དུ་ཆགས་པའི་རྒྱ་མཚོ་ཆེན་མོ་ཞེས་པའི་མཚན་ཉིད་བཞག་ཡོད། དེ་ན། མདོ་དབུས་མཐོ་སྒང་ནི་མུ་མཐའ་མེད་པའི་རྒྱ་མཚོ་ཞིག་ནས་སྐམ་སའི་མཐོ་རིའི་ཁུལ་དུ་ཇི་ལྟར་འགྱུར་བ་ཡིན་ཞེ་ན་གླིང་དུམ་གྲུབ་ཚུལ་གྱི་གཞུང་ལུགས་ནས་གླེང་བར་བྱའོ། །
སའི་གོ་ལའི་ཕྱི་ངོས་ཀྱི་རང་བྱུང་གི་སྡེ་ཚན་གཙོ་བོ་ནི་སྐམ་ས་དང་རྒྱ་མཚོ་ཡིན་ལ། དུས་རབས20པའི་དུས་མགོར། འཇར་མན་གྱི་ཚན་རིག་པ་ཝེ་གྷ་ན་ཡིས་མེ་གླིང་ལྷོ་མའི་སྐམ་ས་ཆེན་མོ་དང་ཧྥེ་གླིང་སྐམ་ས་ཆེན་མོའི་མཐའ་མཚམས་ཆ་འགྲིག་ཏུ་གྲུབ་པའི་སྣང་ཚུལ་ལས་ཚོར་རྟོགས་གསར་བ་ཞིག་རྙེད། ཁོས་སྐམ་ས་དེ་གཉིས་ཀྱི་གདོད་མའི་སྐྱེ་དངོས་ཀྱི་འགྱུར་རྡོ་དང་གདོད་མའི་འཁྱག་ཀླུང་ནུས་པའི་རྗེས་ཤུལ། སའི་གོ་ལའི་དངོས་རྫས་དང་ས་གཤིས་གཤེར་འཇལ་གྱི་རྒྱུ་ཆར་གཞིགས་ནས་སྐམ་ས་འཕྱོ་གཡེང་སྨྲ་བའི་ཆ་འཇོག་གི་ལྟ་བ་བཏོན། མཚོ་གཏིང་རི་རྒྱུད་ལ་ཞིབ་འཇུག་བྱས་ནས་གླིང་དུམ་གྲུབ་ཚུལ་སྨྲ་བའི་ཕྱོགས་བསྡུས་ཀྱི་ལྟ་བ་བཏོན། གླིང་དུམ་གྲུབ་ཚུལ་སྨྲ་བས་རྒྱ་མཚོ་དང་སྐམ་ས་ནི་སའི་གོ་ལའི་ཕྱི་ངོས་ཀྱི་གླིང་དུམ་ཕན་ཚུན་འགུལ་སྐྱོད་ལས་བྱུང་བའི་མཐའ་འབྲས་ཡིན་པར་འདོད། སའི་གོ་ལའི་ཕྱི་ངོས་ནི་གླིང་དུམ་ཆེན་པོ་དྲུག་གིས་གྲུབ་ཅིང་གླིང་དུམ་དེ་ནི་ས་ཤུན་འོག་གི་གཉེན་རྒྱུ་མུ་ཁྱུད་ཀྱི་དངོས་གཟུགས་ལས་མཚམས་མི་ཆད་པར་འགུལ་སྐྱོད་བྱེད་བཞིན་ཡོད། གཉེན་རྒྱུག་རིམ་པ་ཁ་གཏད་དུ་འགུལ་སྐྱོད་བྱེད་སྐབས་གླིང་དུམ་བསྡེབས་བརྩེགས་ཀྱིས་སྐམ་ས་གྲུབ་ཅིང་ལྡོག་ཕྱོགས་སུ་འགུལ་སྐྱོད་བྱེད་སྐབས་གླིང་དུམ་ཁ་གྱེས་ཀྱིས་རྒྱ་མཚོ་ཆགས་པ་རེད། དེ་བས་སྐམ་ས་དང་རྒྱ་མཚོའི་གནས་ཡུལ་ལ་རྟག་པར་འགྱུར་ལྡོག་འགྲོ་བཞིན་ཡོད།
གདོད་མའི་ཐེ་ཏི་སི་རྒྱ་མཚོའི་ལྷོ་བྱང་སྣེ་གཉིས་ནི་སའི་གོ་ལའི་སྐམ་ས་ཆེན་མོ་གཉིས་ཡིན་ཞིང་ལྷོ་ངོས་ཀྱི་གྷ་ཝ་ན་གདོད་མའི་སྐམ་ས(岗瓦纳)འམ་ལྷོ་ཕྱོགས་སྐམ་ས་ཆེན་མོར་དེང་གི་ཨེ་ཤ་ཡའི་སྐམ་ས་ཆེན་མོ་དང་ཧྥེ་གླིང་། མེ་གླིང་ལྷོ་མ། ཨོ་སི་ཁྲོ་རི་ཡ། ལྷོ་སྣེ་གླིང་གི་སྐམ་ས་བཅས་འདུས། བྱང་གི་ལོའོ་ཡཱ་གནའ་བོའི་སྐམ་ས(劳亚)འམ་བྱང་ཕྱོགས་སྐམ་ས་ཆེན་མོ་སྟེ་གཙོ་བོ་དེང་གི་མེ་གླིང་བྱང་མ་དང་ཡ་ཡོབ་སྐམ་སའི་དབུས་རྒྱུད་དང་བྱང་རྒྱུད་ས་ཁུལ་བཅས་ཚུད་ཡོད། ཐེ་ཏི་སི་རྒྱ་མཚོའི་འགྱུར་ལྡོག་གི་ལོ་རྒྱུས་ལ་དུས་རིམ་གསུམ་དུ་དབྱེ་ཡོད་དེ། དུས་རིམ་དང་པོ་ནི་ཧ་ལམ་ལོ་ངོ་དུང་ཕྱིར་དགུའི་སྔོན་གྱི་ཀྲིན་ཏེན(震旦)དུས་རབས་ནས་དུང་ཕྱིར་བཞི་དང་བྱེ་བ་ལྔའི་སྔོན་གྱི་ཨོ་ཐོའི་དུས་རབས་ཡིན་ལ་དེར་གདོད་མའི་ཐེ་ཏི་སིའི་འཕེལ་འགྱུར་དུས་རིམ་ཀྱང་ཟེར། དུས་རིམ་གཉིས་པ་ནི་ལོ་ངོ་དུང་ཕྱིར་གསུམ་དང་བྱེ་བ་ལྔའི་སྔོན་གྱི་རྡོ་ཐལ་དུས་རིམ་ནས་ལོ་ངོ་དུང་ཕྱིར་གཉིས་དང་བྱེ་བ་གཉིས་སྔོན་གྱི་གཉིས་བརྩེགས་དུས་རིམ་བར་ཡིན་ལ་དེར་གནའ་བོའི་ཨོ་ཐེ་སིའི་འཕེལ་འགྱུར་དུས་རིམ་ཟེར། དུས་རིམ་གསུམ་པ་ནི་ལོ་ངོ་དུང་ཕྱིར་གཅིག་དང་བྱེ་བ་བརྒྱད་སྔོན་གྱི་གསུམ་བརྩེགས་དུས་མཇུག་ནས་ལོ་ངོ་བྱེ་བ་བཞིའི་སྔོན་གྱི་བསྐལ་ཆེན་གསུམ་པའི་དུས་སྐབས་གསར་བའི་དུས་རབས་ཡིན། དེ་ལ་ཨོ་ཐེ་སི་གསར་མའི་འཕེལ་འགྱུར་དུས་རིམ་ཟེར།
ཧ་ལམ་ལོ་ངོ་དུང་ཕྱིར་གཉིས་ཙམ་གྱི་སྔོན་དུ། ལྷོ་ཕྱོགས་ཀྱི་གྷ་ཝ་ན་སྐམ་ས་དེ་གླིང་དུམ་དུ་མར་གྱུར་ཏེ་ཁ་ཕྱོགས་ངེས་མེད་དུ་འགུལ་སྐྱོད་བྱས་པ་དང་གླིང་དུམ་བར་གྱི་གས་ཆད་མཚམས་མི་ཆད་པར་ཇེ་ཆེར་གྱུར་བས་གླིང་དུམ་བར་དུ་རྒྱ་མཚོ་ཆགས་པ་རེད། ཧིན་རྡུ་རྒྱ་མཚོ་ནི་དེ་ལྟར་གླིང་ཕྲན་ཁ་གྱེས་ཀྱི་གས་རོང་ཆེན་པོའི་བར་གསེང་དུ་ཆགས་པ་ཡིན། ཧ་ལམ་ལོ་ངོ་བྱེ་བ་བདུན་གྱི་གོང་རོལ་དུ་ཧིན་རྡུ་གླིང་དུམ་ནི་གཉེན་རྒྱུག་མུ་ཁྱུད་ཀྱི་སྟེང་རིམ་ནས་བྱང་དུ་སྤོས། ཧུན་རྡུ་རྒྱ་མཚོའི་གཉེན་རྒྱུག་ཡར་འཕགས་ཀྱི་སྒུལ་ཤུགས་འོག་དམར་ལམ་ཉེ་འགྲམ་ནས་འགྲོས་ཚད་མཐོན་པོས་བྱང་དུ་འགུལ་སྐྱོད་བྱས་ཏེ་ཡ་ཡོབ་སྐམ་ས་དང་ཉེ་བར་བཅར། ཧ་ལམ་ལོ་ངོ་བྱེ་བ་ལྔའི་སྔོན་དུ་གླིང་དུམ་དེ་ཡར་ཀླུང་གཙང་པོའི་རྒྱུད་དུ་ཡ་ཡོབ་སྐམ་ས་ཆེན་མོར་གདུང་ཐུག་བྱས་ཏེ་ཨོ་ཏི་སི་རྒྱ་མཚོ་ཕྱིར་བྲི་ནས་སྐམ་ས་ཆགས་པ་རེད། སའི་གོ་ལའི་རྣམ་པ་མ་ངེས་པའི་འགྱུར་ལྡོག་འདི་ལ་རི་བོ་ཧི་མ་ལ་ཡའི་འགུལ་སྐྱོད་ཟེར། དེ་ནས་བཟུང་ཧིན་རྡུ་གླིང་དུམ་དེ་རི་བོ་ཧི་མ་ལ་ཡའི་ལྷོ་འདབས་ནས་བོད་ལྗོངས་ས་དུམ་གྱི་འོག་རིམ་དུ་འཛུལ་ཞིང་བཙུར་གནོན་ཆེན་པོའི་ལྷོ་བྱང་གཉིས་ཀྱི་བར་ཐག་ཐུང་དུ་བཏང་ནས་མཚོ་ངོས་མཐོ་ཚད་ཇེ་མཐོ་དང་ས་རིམ་ཇེ་མཐུག་ཏུ་གྱུར། ས་ངོས་མཚམས་མ་ཆད་པར་ཡར་འཕགས་ཏེ་རི་ཁུལ་དང་མཐོ་སྒང་གྲུབ་ཅིང་ས་འོག་ནས་གླིང་དུམ་གཏིང་རུམ་དུ་མཆེད་དེ་ཤིན་ཏུ་མཐུག་པའི་ས་ཤུན་འདི་ཉིད་གྲུབ་པ་རེད།
གཉིས། གླིང་དུམ་གྱི་འཕྱོ་གཡེང་དང་འབྲེལ་མཐུད། གདུང་ཐུག
གླིང་དུམ་བར་གྱི་ཁ་གཏད་འགུལ་སྐྱོད་ཀྱིས་རྒྱ་མཚོ་བྲི་ནས་ཕྱོགས་གཉིས་ཀྱི་སྐམ་ས་དང་གླིང་ཕྲན་ཕན་ཚུན་གཞི་གཅིག་ཏུ་འདུས་ཤིང་འདུས་གྲུབ་ས་རྒྱུད་དེར་ས་གཤིས་རིག་པ་བས་མཚམས་འབྱར་ས་རྒྱུད་ཟེར། མཚམས་འབྱར་ས་རྒྱུད་ཀྱི་ས་ཁོངས་དུ་འདྲ་མཚུངས་ཀྱི་གཏིང་བསགས་ས་རིམ་དང་ཆགས་གྲུབ་རྣམ་པ། བྲག་ཞུན་འགུལ་སྤྱོད། ས་ཤུན་འགུལ་སྐྱོད། རྒྱུ་འགྱུར་ནུས་པ་བཅས་ཡོད་པ་མ་ཟད་འདྲ་མཚུངས་ཀྱི་ས་གཤིས་རིམ་འགྱུར་གྱི་ལོ་རྒྱུས་ཡོད། དེ་ལྟ་བུའི་ས་ཁོངས་ཀྱི་སྒེར་ཚུགས་དུམ་གཟུགས་ལ་ས་གཟུགས་ཟེར་ཞིང་ས་གཤིས་རིག་པས་ལོ་ངོ་བཅུ་ཕྲག་དུ་མར་ལྟ་ཞིབ་བརྒྱུད་མཐར་མདོ་དབུས་མཐོ་སྒང་ནི་ཤར་ནུབ་ཏུ་ཧ་ལམ་མཉམ་འགྲོ་ཡིན་པའི་མཚམས་འབྱར་ས་རྒྱུད་དང་ས་གཟུགས་སྤེལ་མས་གྲུབ་པ་ངོས་འཛིན་བྱས་ཡོད། འདི་ལྟ་བུའི་ས་གཟུགས་དང་མཚམས་འབྱར་ས་རྒྱུད་མང་པོས་མདོ་དབུས་མཐོ་སྒང་ནི་རྒྱ་མཚོས་ཆོད་པའི་དུམ་གཟུགས་ཀྱིས་གྲུབ་པ་དང་མཐོ་སྒང་གྲུབ་སྟངས་ཀྱི་དུས་རིམ་མང་པའི་རང་བཞིན་མངོན་ཡོད་པ་གསལ་བཤད་བྱས་ཡོད། མིག་སྔར་ཐག་བཅོད་བྱེད་ཐུབ་པ་ནི་མདོ་དབུས་མཐོ་སྒང་གི་ས་རིམ་ནི་བྱང་ནས་ལྷོ་རུ་ས་རྙིང་བ་ནས་གསར་བར་རིམ་པ་ལྟར་སྒྲིག་ཡོད་དེ། ནུབ་ཀྱི་ཁུ་ནུ་རི་རྒྱུད། –ཨར་ཅིན་རི་བོ། —མདོ་ལ་རིང་མོའི་མཚམས་འབྱར་ས་རྒྱུད་དང་ཁུ་ནུ་རི་བོའི་ལྷོ་ཕྱོགས་ཀྱི་མཚམས་འབྱར་ས་རྒྱུད། ནུབ་ཀྱི་གནམ་མཚོ་ནས་ཟླ་ཆུའི་མཚམས་འབྱར་ས་རྒྱུད། མཚོ་མོ་ངང་ལག་རིང་མོ་ནས་རྒྱལ་མོའི་རྔུལ་ཆུའི་མཚམས་འབྱར་ས་རྒྱུད། ཧིན་རྡུ་ཆུ་བོ་དང་ཡར་ཀླུང་གཙང་པོའི་མཚམས་སྦྱར་ས་རྒྱུད་བཅས་སོ། །མཚམས་འབྱར་ས་རྒྱུད་འདི་དག་ལས་ཧིན་རྡུ་གླིང་དུམ་དང་ཡ་ཡོབ་སྐམ་སའི་གླིང་དུམ་གྱི་གདུང་ཐུག་ནི་བྱང་ནས་ལྷོ་རུ་བྱུང་ཞིང་ཇེ་དྲག་ཏུ་གྱུར་བ་གསལ་བཤད་བྱས་ཡོད།
གླིང་དུམ་གདུང་ཐུག་བྱེད་སྐབས་ཀྱི་ཚད་མཐོན་པོའི་བཙུར་གནོན་ལས་ཉེ་འགྲམ་ས་ཁུལ་དང་ས་རིམ་ནང་ཁུལ་དུ་ཛ་དྲག་ཆེ་བའི་འཁྱོག་གུག་དང་དུམ་ཆད་བྱུང་སྲིད། དེ་བས་མཐོ་སྒང་གི་གང་སར་ལྟེབ་གཉེར་དང་དུམ་ཆད་མཐོང་ཐུབ་ཅིང་ལྷག་པར་མཚམས་འབྱར་ས་རྒྱུད་དུ་སྤྱི་ལེ་བཅུ་ཕྲག་དང་བརྒྱ་ཕྲག་དུ་མར་བསྲིངས་བའི་དུམ་ཆད་ཁུལ་རིང་པོ་དང་སྨི་བརྒྱ་ཕྲག་ནས་སྟོང་ཕྲག་འགའི་ལྟེབ་གཉེར་ཁུལ་མཐོན་པོ་མཐོང་ཐུབ། སྔོན་དུས་མཚོ་གཏིང་དུ་གནས་པའི་ས་ཤུན་དངོས་རྫས་དག་བཙུར་གནོན་ཀྱིས་ཡར་འཕགས་ཏེ་ས་ངོས་སུ་གྱུར་ཅིང་སླར་ཡང་བཙུར་གནོན་ཁྲོད་བྱུང་བའི་དྲོད་ཚད་དང་གནོན་ཤུགས་མཐོན་པོས་འགྱུར་ལྡོག་ཐེབས་སྲིད། མཚོ་གཏིང་ནས་ནས་སྐམ་སའི་ས་ངོས་སུ་ལུས་པའི་དངོས་རྫས་རིགས་འདིར་ས་གཤིས་རིག་པས་སྦྲུལ་ལྗང་བྲག་རྡོ(蛇绿岩)ཟེར། མདོ་དབུས་མཐོ་སྒང་གི་མཚམས་འབྱར་ས་རྒྱུད་ལྔ་ལས་འདི་འདྲའི་སྦྲུལ་ལྗང་བྲག་རྡོ་བྱུང་བ་མ་ཟད་ས་ཁུལ་ཁ་ཤས་སུ་མཚོ་གཏིང་མེ་རི་འཕྱུར་བའི་ལྷག་ལུས་དངོས་རྫས་ཡང་རྙེད། དངོས་རྫས་འདི་དག་ཆུ་དང་འཕྲད་ཚེ་མྱུར་དུ་གྲང་མོར་གྱུར་ཏེ་ཁྱད་པར་ཅན་གྱི་བྲག་རྡོ་རུ་འགྱུར་ཅིང་དེ་ལ་སྔས་དབྱིབས་བྲག་རྡོ་ཟེར། མཚོ་གཏིང་གི་ས་ཤུན་དང་དེའི་མཚོན་བྱེད་དངོས་རྫས་འདི་དག་གིས་མདོ་དབུས་མཐོ་སྒང་ནི་རྒྱ་མཚོ་ནས་སྐམ་སར་གྱུར་བའི་ལོ་རྒྱུས་དེ་ཉིད་ཡང་དག་པར་ར་སྤྲོད་བྱས་ཡོད།
གསུམ། མདོ་དབུས་མཐོ་སྒང་ཡར་འཕགས་པ།
ཧིན་རྡུ་གླིང་དུམ་དང་ཡ་ཡོབ་གླིང་དུམ་གཉིས་ཀྱི་གདུང་ཐུག་དང་བྱང་ཕྱོགས་སུ་འགུལ་སྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད་མདོ་དབུས་མཐོ་སྒང་གི་བྱང་ངོས་ཀྱི་ཐ་ལིམ་ས་དུམ་སྲ་འཁྲེགས་ཅན་གྱི་འགོག་ཤུགས་དང་འཕྲད་པས་མཚོ་བོད་ས་དུམ་བྱང་དུ་འདེད་མ་ཐུབ་པ་མ་ཟད་ཧིན་རྡུ་གླིང་དུམ་དང་ཐ་ལིམ་ས་དུམ་གཉིས་འགུལ་སྐྱོད་ལས་ཧི་མ་ལ་ཡའི་རི་རྒྱུད་དང་ཁུ་ནུ་རི་རྒྱུད་ཀྱི་འོག་རིམ་ཏུ་བཅུག་པ་རེད། དེ་ལས་ཧིན་རྡུ་གླིང་དུམ་དང་ཡ་ཡོབ་གླིང་དུམ་གྱི་ས་ཤུན་དེ་ཆུ་སྙོམས་སུ་བསྟུད་མར་བཙུར་གནོན་གྱིས་སྦྱར་ཅིང་དྲང་འཕྱང་སྟེང་ཕྱོགས་སུ་བརྩེགས་ཏེ་ས་རིམ་ཇེ་མཐུག་ཏུ་གྱུར། མདོ་དབུས་མཐོ་སྒང་གི་མཚོ་བརྩིས་མཐོ་ཚད་རིམ་བཞིན་ཇེ་མཐོ་དང་རི་རྒྱུད་མཐོན་པོ་ཆགས་པ་ལས་སྙན་པའི་གྲགས་པ་གླིང་དུ་ཁྱབ་པའི་མཐོ་སྒང་ཆེན་མོ་འདི་ཉིད་གྲུབ་པ་རེད།
གྲུ་གཟེངས་ཆུ་ངོས་སུ་གཡེང་བ་དང་འདྲ་བར་ས་ཤུན་གྲུབ་བྱེད་ཀྱི་གླིང་དུམ་དག་ཀྱང་ས་གུར་གྱི་གོང་དུ་གཡེང་ནས་འགུལ་སྐྱོད་བྱེད་བཞིན་ཡོད། ཨ་ཅི་མེ་ཏིའི་གཏན་སྲོལ་ལ་ལྟར་ན་དངོས་གཟུགས་དེའི་ཆུ་ཁར་གཡེང་བའི་ཁག་དང་ཆུ་འོག་ཏུ་ནུབ་པའི་ཆ་ཤས་བར་དུ་སྡུར་ཚད་ངེས་གཏན་ཅིག་གྲུབ་ཚེ་ད་གཟོད་གཏན་འཇགས་ངང་ཆུ་ཁར་གཡེང་བའི་རྣམ་པ་སྲུང་འཛིན་བྱ་ཐུབ། མདོ་དབུས་མཐོ་སྒང་ནི་ས་ཁུལ་གཞན་དག་ལས་ཆ་སྙོམས་སྨི4500ལྷག་ཟིན་པས་ས་ཤུན་མཐུག་པོ་ཡོད། ཚན་རིག་ཞིབ་འཇུག་དང་རྟོག་ཞིབ་ལས་རྙེད་པ་ལྟར་ན་མདོ་དབུས་མཐོ་སྒང་གི་ས་ཤུན་མཐུག་ཚད་སྟོང་སྨི50–70ཡོད་ཅིང་དེ་ནི་སའི་གོ་ལའི་ས་ཤུན་གྱི་ཆ་སྙོམས་མཐུག་ཚད་ལས་ལྡབ་གཅིག་ཡིན། ཡིན་ནའང་ས་བབས་ཆེས་མཐོ་བའི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ས་ཤུན་མཐུག་ཚད་ལ་སྟོང་སྨི50ཡས་མས་ལས་མེད། དེ་ལས་ས་ཁུལ་འདིའི་ས་ཤུན་ད་དུང་དོ་མཉམ་རྣམ་པར་མ་སླེབས་པར་མཐོ་སྒང་གི་ས་ངོས་སྔར་བཞིན་ཡར་འཕགས་པའི་དུས་སྐབས་ཡིན་པ་གསལ་བཤད་བྱས་ཡོད།
ཐེངས་མང་པོའི་ས་ཆུ་བརྟག་དཔྱད་ཀྱི་གྲུབ་འབྲས་དང་གོ་ལ་ཧྲིལ་བོའི་གནས་ངེས་མ་ལག(GPS)གི་ཚད་མཐོའི་གཞི་གྲངས་ལ་གཞིགས་ན་རི་བོ་ཧི་མ་ལ་ཡ་ནི་ལོ་རེར་ཧ་ལམ་ཧོའོ་སྨི5-10ཡི་འཕར་ཚད་མཐོན་པོས་ཡར་འཕགས་པ་དང་། དེ་ནི་ཡོབ་གླིང་གི་ཨར་པེ་སིའི་རི་ཁུལ་ཡར་འཕགས་པའི་འགྲོས་ཚད་ཀྱི་ལྡབ4-5ཡིན། བཤད་ཚུལ་ཁ་ཤས་སུ་ཧི་མ་ལ་ཡའི་མིག་སྔའི་འགུལ་སྤྱོད་ལ་སྔར་བཞིན་ལྷོ་བྱང་དང་བྱང་ཤར་ནས་ལྷོ་ནུབ་ཁ་ཕྱོགས་ཡིན་པར་བཤད། ཆུ་སྙོམས་གནོན་ཤུགས་ཀྱི་ཚོད་འཛིན་ལས་གླིང་དུམ་གདུང་ཐུག་བྱུང་རྗེས་ཧིན་རྡུ་གླིང་དུམ་བྱང་དུ་སྤོ་མཚམས་བཞག་པས་མཐོ་སྒང་ཡར་འཕགས་པའི་འཕེལ་ཕྱོགས་སྔར་བཞིན་རྒྱུན་བསྐྱངས་པར་འདོད། ཞིབ་འཇུག་བྱས་པ་ལྟར་ན། པཱེ་ཨེ་དུས་རབས(白垩纪)ཀྱི་དུས་མཇུག་ནས་ཧ་ལམ་ལོ་ངོ་བྱེ་བ་གཅིག་དང་ས་ཡ་གཉིས་སྔོན་བར་ཧིན་རྡུ་གླིང་དུམ་ལོ་རེར་ཧ་ལམ་ལི་སྨི་5ཡི་འགྲོས་ཚད་ཀྱིས་བྱང་དུ་སྤྱི་ལེ600ལྷག་གི་བར་ཐག་ལ་འགུལ་སྐྱོད་བྱས་པ་མ་ཟད་ད་དུང་ཡང་དེ་ལྟར་བྱང་ཕྱོགས་སུ་སྤོ་བཞིན་ཡོད།
མཐོ་ནས་མཐོ་རུ་འཕགས་པའི་མདོ་དབུས་མཐོ་སྒང་དུ་སྔར་བཞིན་ཛ་དྲག་ཆེ་བའི་ས་ཤུན་འགུལ་སྐྱོད་ཡོད་པ་ནི་མཐོ་སྒང་གི་མཐའ་འཁོར་ནས་ནང་ལོག་གི་གས་ཆད་ས་རྒྱུད་དང་ཁྱོན་ཆེ་བའི་ས་ཚའི་ནུས་བ། ལན་གྲངས་མང་པོའི་ས་འགུལ་སོགས་ལས་མངོན་ཐུབ། ས་ཚ་ཁུལ་ཕལ་ཆེ་བ་ནི་རི་བོ་ཧི་མ་ལ་ཡ་དང་གངས་ཏི་སེ། གཉན་ཆེན་ཐང་ལྷའི་རི་ཁུལ་གྱི་ས་ཚའི་རྒྱུད་ཆེན་པོར་ཆགས་ཤིང་ནུབ་ཀྱི་མངའ་རིས་ནས་ཤར་དུ་སྟོང་སྨི2000གིས་ཆོད་པའི་འཕྲེད་རྒྱུག་རི་རྒྱུད་ཀྱི་བར་དུ་བརྐྱངས་ཏེ་ལྷོ་ཕྱོགས་ཡུན་ནན་ནུབ་རྒྱུད་ཀྱི་ས་ཚའི་རྒྱུད་དང་འབྲེལ་ཡོད། གནས་འདི་ནས་འཛམ་གླིང་སྟེང་ལག་ཟོན་བྱུང་བའི་ས་ཚའི་རིགས་ཕལ་ཆེ་བ་རྙེད་ཐུབ་ཅིང་མིང་གྲགས་ཅན་གྱི་ཡངས་པ་ཅན་ཆུ་ཚན་ནི་ས་རྒྱུད་འདི་རུ་ཆགས་ཡོད། གཞན་ད་དུང་གློ་བུར་བའི་གྱེན་འཕྱུར་ཆུ་ཚན་དང་ཆུ་ཚའི་འགད་གཏོར་སོགས་མཐོན་དཀོན་པའི་སྣང་ཚུལ་དག་ཀྱང་འབྱུང་བཞིན་ཡོད། མདོ་དབུས་མཐོ་སྒང་གི་སའི་ཚ་ནུས་འབོར་ཆེན་འདི་དག་གི་ཚ་ཁུངས་ནི་གཙོ་བོ་ནི་ས་འོག་ཏུ་འགུལ་སྐྱོད་བྱེད་པའི་བྲག་ཞུན་ཡར་འཕགས་ལས་བྱུང་བ་རེད།
མེ་རིའི་འགུལ་སྐྱོད་ནི་མདོ་དབུས་མཐོ་སྒང་གི་འོག་རིམ་བྲག་ཞུན་འགུལ་སྐྱོད་ཀྱི་མངོན་ཚུལ་གཞན་ཞིག་ཡིན་ལ། མེ་རིའི་འགུལ་སྐྱོད་ཀྱི་དུས་ཡུན་དང་གཞི་ཁྱོན། བྲག་ཞུན་གྱི་ངོ་བོར་གཞིགས་ན་མདོ་དབུས་མཐོ་སྒང་གི་མེ་རི་འགུལ་སྐྱོད་དེ་ལྷོ་བྱང་རྒྱུད་གཉིས་སུ་དབྱེ་ཆོག་སྟེ། ལྷོ་རྒྱུད་ནི་གངས་ཏི་སེའི་མེ་རིའི་བྲག་རྡོ་རྒྱུད་ཡིན། ས་ཁོངས་རྒྱ་ཆེ་ཞིང་འགུལ་སྐྱོད་ཀྱི་དུས་སྐབས་ནི་གཙོ་བོ་ལོ་ངོ་བྱེ་བ་བཞི་ནས་ལྔའི་སྔོན་གྱི་གདོད་མའི་དུས་རབས་གསར་མར་འཁེལ་ཡོད། དེས་མདོ་དབུས་མཐོ་སྒང་གི་གདོད་མའི་ས་ཁམས་ཀྱི་སྒྲིག་གཞི་ལའང་གཏོར་བརླག་བཟོས་ཡོད། བྱང་རྒྱུད་ནི་བྱང་ཐང་མེ་རིའི་བྲག་རྡོ་རྒྱུད་ཡིན་ལ་དེའི་འགུལ་སྐྱོད་ཀྱི་དུས་ཡུན་ནི་ལོ་ངོ་ས་ཡ་གཉིས་སྔོན་གྱི་གསར་སྒྱུར་དུས་རབས་སྔ་མ་ནས་ད་ལྟའི་བར་ཡིན། ཡིན་ནའང་དེའི་འགུལ་སྐྱོད་ཀྱི་གཞི་ཁྱོན་ནི་རིམ་བཞིན་ཇེ་ཆུང་དུ་འགྱུར་བཞིན་ཡོད།
མདོ་དབུས་མཐོ་སྒང་གི་མཐའ་སྐོར་དུ་གས་ཆད་ཆེན་པོས་བསྐོར་ཞིང་ཛ་དྲག་ཆེ་བའི་ས་འགུལ་ཐེབས་ཐེངས་མང་པོ་ནི་ས་རིམ་གས་ཆད་ཆགས་ཚུལ་དང་འབྲེལ་བ་དམ་པོ་ཡོད། འདི་ལས་མདོ་དབུས་མཐོ་སྒང་གི་འཁྲུག་ཆ་དོད་པོའི་ས་ཤུན་འགུལ་སྐྱོད་དེ་མཚོན་ཐུབ། ཧི་མ་ལ་ཡའི་མདུན་ཕྱོགས་ནི་ཛ་དྲག་ཆེ་བའི་གཏིང་ཐུང་ས་འགུལ་རྒྱུད་ཡིན་པས་སྤྱི་ལོ1950ལོར་བོད་ལྗོངས་རྫ་ཡུལ་དུ་ཚད་རིམ8.5ཡི་ས་འགུལ་དྲག་པོ་བྱུང་བ་དང་སྤྱི་ལོ2015ལོར་བལ་བོར་ཚད་རིམ8.1གི་ས་འགུལ་བྱུང་། མཐོ་སྒང་གི་བྱང་མཐའི་ཨར་ཅིན་དུམ་ཆད་རྒྱུད་དུ་ཚད་རིམ7ཡན་གྱི་ས་འགུལ་ཐེངས་གཉིས་བྱུང་བ་བཀོད་ཡོད། སྤྱི་ལོ2001ལོར་ཁུ་ནུ་རི་བོའི་དུམ་ཆད་རྒྱུད་དུ་ཚད་རིམ8.1གི་ས་འགུལ་དྲག་པོ་བྱུང་སྟེ་ས་ངོས་ཀྱི་གས་ཆད་དེ་སྨི400ལྷག་ཇེ་རིང་གྱུར་བ་རེད། མཐོ་སྒང་ཤར་ལྷོའི་མཐའ་མཚམས་ཀྱི་འཕྲེད་རྒྱུད་རི་རྒྱུད་ཀྱི་ས་ཁུལ་ཡང་ས་འགུལ་བྱུང་ཚད་མང་པའི་ས་ཁོངས་ཞིག་ཡིན། འདས་པའི་ལོ་བརྒྱ་ཕྲག་ལྷག་གི་རིང་ལ་སི་ཁྲོན་ནུབ་ཁུལ་དུ་ཚད་རིམ7ཡན་གྱི་ས་འགུལ་ཐེངས15ལྷག་བྱུང་བའི་ཟིན་ཐོ་ཡོད། སྤྱི་ལོ2008ནས2013ལོའི་བར་བསྟུན་མར་ཝུན་ཁྲོན་དང་ལོའོ་ཧྲིན་ས་ཁུལ་དུ་ཚད་རིམ8.0དང7.0གི་ས་འགུལ་ཚབས་ཆེན་བྱུང་། མཐོ་སྒང་ནང་ཁུལ་གྱི་མཚོ་སྔོན་རྫ་སྟོད་དང་བོད་ལྗོངས་ཀྱི་སེར་གླིང་མཚོ། འདམ་གཞུང་སོགས་སུ་ཚད་རིམ7-8ཀྱི་ས་འགུལ་བྱུང་བ་རེད། མཐོ་སྒང་གི་ལྷོ་བྱང་ཁ་ཕྱོགས་ཀྱི་དུམ་ཆད་འགུལ་སྐྱོད་ཀྱིས་ས་འགུལ་འདི་དག་གི་བྱུང་བ་ལ་ཤུགས་རྐྱེན་ཐེབས་ཡོད་པ་མངོན་གསལ་ཡིན།
གོ་ལ་ཧྲིལ་བོའི་གནམ་གཤིས་དཔེ་ཚུལ་གྱི་ཚོད་ལྟའི་འབྲས་བུར་གཞིགས་ན་མདོ་དབུས་མཐོ་སྒང་ཡར་འཕགས་པ་དེས་ཨེ་ཤ་ཡ་གླིང་གི་རླུང་ཁམས་ཆེན་མོའི་འཁོར་སྐྱོད་ལ་འགྱུར་ལྡོག་ཐེབས་ཡོད། འཛམ་གླིང་སྟེང་ནུས་ཚད་དྲག་ཤོས་ཀྱི་ཧིན་རྡུ་རྒྱ་མཚོའི་དུས་རླུང་དེ་སྔར་བས་ཇེ་དྲག་ཏུ་སོང་སྟེ་ཧིན་རྡུ་རྒྱ་མཚོ་ནས་འོང་བའི་དུས་རླུང་ལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འགོག་ཤུགས་ཐེབས་པས་ལྷོ་ལྡེབས་རི་ཁུལ་དེ་འཛམ་གླིང་སྟེང་ཆར་ཆུ་ཆེས་མང་པའི་ས་ཁུལ་དུ་གྱུར་བ་རེད། དེ་བཞིན་ཞི་བདེ་རྒྱ་མཚོ་ནས་འོང་པའི་ཚ་ཁུལ་ཕལ་བའི་དུས་རླུང་གིས་རང་རྒྱལ་ཤར་ཕྱོགས་སུ་སོས་ཀའི་ཆར་བ་གྲུབ་ཡོད། གལ་ཏེ་མདོ་དབུས་མཐོ་སྒང་འདི་བྱུང་མེད་པའི་དབང་དུ་བཏང་ན་ཨེ་ཤ་ཡ་གླིང་གི་དུས་རླུང་དྲག་པོ་ཡོད་མི་སྲིད་ལ་རང་རྒྱལ་ཤར་ལྷོའི་ས་ཁུལ་དེ་དག་ཀྱང་ཡ་གླིང་དབུས་མ་དང་ནུབ་མའི་ས་ཁུལ་གྱི་ནམ་ཟླ་དང་འདྲ་བར་མྱ་ངམ་ཐང་ཆེན་པོའི་གཟིགས་ལྗོངས་ཆགས་སྲིད། ཨེ་ཤ་ཡ་གླིང་གི་དུས་རླུང་སྲུང་འཛིན་དང་དྲག་འགྱུར་དུ་གྱུར་བས་གོ་ལ་ཕྱེད་བྱང་མའི་ཚ་རྒྱུད་ཕལ་བའི་བྱེ་ཐང་གི་གནས་ཡུལ་བྱང་ཕྱོགས་སུ་སྤོས་པ་དང་མདོ་དབུས་མཐོ་སྒང་གི་བྱང་ཕྱོགས་སུ་ཐ་ཁི་ལ་མ་གན་དང་ཐིན་གི་ལིང་། མོའི་ཝེ་སོའོ་སོགས་ཀྱི་བྱེ་ཐང་གྲུབ་པ་རེད། ཡ་གླིང་ཤར་མ་དང་ཤར་ལྷོའི་ས་ཁུལ་དུ་དེ་ལས་ལྡོག་སྟེ་འཛམ་གླིང་སྟེང་རང་བྱུང་ཆ་རྐྱེན་ཕུན་སུམ་ཚོགས་པའི་ཡུལ་ཁོངས་ཆེན་པོར་གྱུར། མདོ་དབུས་མཐོ་སྒང་ཡར་འཕགས་པ་དེས་བྱང་སྣེ་ས་ཁུལ་གྱི་དགུན་དུས་རླུང་གི་ནུས་ཤུགས་ཇེ་ཆེར་བཏང་སྟེ། བྱེ་ཐང་གི་རྡེའུ་བསགས་དང་རྡུལ་ཕྲན་མང་པོ་རང་རྒྱལ་གྱི་ནུབ་བྱང་དང་ཧྭ་པེ་ས་ཁུལ་དུ་སྤུངས་གསོག་བྱས་པས་རྒྱ་ཆེ་ལ་གཏིང་མཐུག་པའི་ས་སེར་མཐོ་སྒང་འདི་ལྟ་བུ་གྲུབ་པ་རེད།
བཞི། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག
མདོ་དབུས་མཐོ་སྒང་གི་ས་ཁུལ་འདི་ནི་དུས་ཡུན་རིང་མོའི་ས་གཤིས་ལོ་རྒྱུས་དང་སྡུར་ན་མཐོ་སྒང་ཧྲིལ་བོ་ཡར་འཕགས་པའི་དུས་ཡུན་ནི་ཐུང་ཐུང་ཞིག་རེད། མདོ་དབུས་མཐོ་སྒང་ཡར་འཕགས་པར་ཉེ་བའི་ལོ་ངོ་བྱེ་བ་བརྒྱད་ལྷག་གི་ལོ་རྒྱུས་ལས་མེད་ཅིང་དེའི་སྔོན་དུ་ནམ་ཟླའི་ཆ་རྐྱེན་ལེགས་ཤིང་ནགས་ཚལ་ཚང་ཚིང་དུ་མཁྲིགས་པའི་ཚ་ཁུལ་དང་ཚ་ཁུལ་ཕལ་བའི་དམའ་ཁུལ་ཡིན།
ལོ་ངོ་ས་ཡ་གཉིས་དང་བྱེ་བ་ལྔའི་གོང་དུ་མདོ་དབུས་མཐོ་སྒང་དུ་ཅུ་གང་དང་ཐན་ཁུལ་ཚ་རིགས་འདུས་པའི་གཏིང་བསགས་དམར་པོ་ཡོད་པ་རྟོགས། དེ་ལས་སྐབས་དེར་མདོ་དབུས་མཐོ་སྒང་ནི་ད་ལྟའི་རང་རྒྱལ་ཤར་ཕྱོགས་ཀྱི་མཚོ་རྒྱུད་ས་ཁུལ་དང་འདྲ་བར་ས་བབས་དམའ་ཞིང་ནམ་ཟླ་དྲོད་འཇམ་ལྡན་ལ་ནམ་གཤིས་དྲོད་ཚད་མཐོ་བ་གསལ་བཤད་བྱས་ཡོད། མདོ་དབུས་མཐོ་སྒང་གི་མིག་སྔའི་མཚོ་བརྩིས་མཐོ་ཚད་ནི་སྨི4000ནས5000ཡན་ཆད་ཡིན་ནའང་གདོད་མའི་ཁཱ་སི་ཐེ་ས་བྱད(喀斯特地貌)ཀྱི་རྗེས་ཤུལ་ཡོད། ས་གཤིས་གཤེར་མཇལ་གྱི་མཐའ་འབྲས་ལ་གཞིགས་ན་ཁཱ་སི་ཐེ་ས་བྱད་འདི་དག་ཆགས་ནས་ད་ལྟའི་བར་ཧ་ལམ་ལོ་ངོ་བྱེ་བ་གཅིག་དང་ས་ཡ་ལྔ་ནས་ས་ཡ་བདུན་ལྷག་ཕྱིན་ཡོད། ཉེ་བའི་དུས་ཀྱི་མཐོ་སྒང་གི་གྲང་རླུང་དྲག་པོའི་རླུང་འགྱུར་ནུས་པས་ད་ལྟ་དེ་དག་ཆ་ཤས་ཙམ་ལས་མེད་པར་བཟོས་ཡོད།
རྐྱང་རྨིག་གསུམ་མ་ནི་ད་ལྟའི་རྟའི་རིགས་ཀྱི་མེས་པོ་ལྟ་བུ་ཡིན་ལ་རྟ་དེའི་རིགས་ལ་སུག་པ་རེར་རྨིག་རྩེ་གསུམ་རེ་ཡོད་པས་སྐད་གྲགས་ཆེ། སྲོག་ཆགས་ཀྱི་སྐྱེ་ལུགས་ངོས་ནས་བཤད་ན་སྐབས་དེར་རྟ་དེའི་རིགས་ལ་རྨིག་པ་གསུམ་ཡོད་པས་རྨིག་པ་གཅིག་པོ་དང་སྡུར་ན་བརླན་སའི་ན་འདམ་ཁུལ་དུ་འགྲོ་བར་འཚམ། དེ་དང་འཚོ་གནས་ཁོར་ཡུག་མི་འདྲ་བའི་ཤ་བ་སྐེ་རིང་དང་བསེ་རུ། གླིང་ཆེན། གཙོད། གྲུམ་པ་སོགས་ཀྱིས་རྐྱང་རྨིག་གསུམ་མའི་སྲོག་ཆགས་ཀྱི་ཁྱུ་ཚོགས་གྲུབ་པ་ཡིན་ལ་དེ་དག་ཚང་མ་ནི་ཚ་རྒྱུད་ནགས་ཚལ་དང་རྩྭ་ཐང་གི་ཁོར་ཡུག་ཁྲོད་འཚོ་གནས་བཅའ་བའི་སྲོག་ཆགས་ཀྱི་རིགས་ཡིན། སྤྱི་ལོ1975ལོ་ནས་བཟུང་རང་རྒྱལ་གྱི་ཚན་རིག་པ་ཚོས་བོད་ལྗོངས་ལྷོ་ཕྱོགས་ཀྱི་སྐྱིད་ལུང་གཤོང་ས་དང་མདོ་པ་གཤོང་ས། རྩ་མདའ་གཤོང་ས། བྱང་ཁུལ་གྱི་འབྲི་རུ་གཤོང་ས་སོགས་ནས་རྐྱང་རྨིག་གསུམ་མའི་འགྱུར་རྡོ་རྙེད། ལོ་ངོ་ས་ཡ་ལྔའི་ཡར་སྔོན་ལས་ས་འོག་ཏུ་སྦས་པའི་གཏིང་བསགས་དངོས་རྫས་འདི་དག་ལས་སྐབས་དེར་ས་ཁུལ་འདི་ཡང་ཁྱོན་ཆེ་བའི་ནགས་ཚལ་དང་རྩྭ་ཐང་གིས་ཁེབས་ཡོད་པ་གསལ་ཞིང་ད་ལྟའི་གྲང་ངར་དང་སྐམ་གཤིས་ཆེ་བའི་ཁོར་ཡུག་དང་སྡུར་ན་གནམ་ས་ལྟ་བའི་ཁྱད་པར་ཡོད་པ་རྟོགས་ཐུབ།
ཚན་རིག་པའི་ཞིབ་འཇུག་ལས་མངོན་པ་ལྟར་ན་མདོ་དབུས་མཐོ་སྒང་ཡར་འཕགས་པའི་བརྒྱུད་རིམ་འདི་དུས་སྐབས་བཞི་རུ་དུ་དབྱེ་ཆོག་སྟེ། ཡར་འཕགས་དུས་སྐབས་དང་པོ་ནི་ཧ་ལམ་ལོ་ངོ་བྱེ་བ་བཞི་དང་ས་ཡ་ལྔ་ནས་བྱེ་བ་བཞིའི་སྔོན་གྱི་གདོད་མའི་དུས་སྐབས་གསར་བའི་དུས་དཀྱིལ་དུ་བྱུང་བ་དང་སྐབས་དེ་ནི་ཧིན་རྡུ་གླིང་དུམ་དང་ཡ་ཡོབ་གླིང་དུམ་གདུང་ཐུག་བྱས་ནས་ཡིན་རིང་མ་ཕྱིན་པའི་སྐབས་ཤིག་ཡིན། དུས་སྐབས་གཉིས་པའི་ཡར་འཕགས་ནི་ཧ་ལམ་ལོ་ངོ་བྱེ་བ་གསུམ་དང་ས་ཡ་གསུམ་ནས་བྱེ་བ་གསུམ་གྱི་སྔོན་དུ་བྱུང་ཞིང་སྐབས་དེར་སྐྱེ་དངོས་དུས་སྐབས་གསར་བའི་གཤོང་ས་མང་པོ་གྲུབ། དུས་སྐབས་གསུམ་པའི་ཡར་འཕགས་ནི་ཧ་ལམ་ལོ་ངོ་བྱེ་བ་གཅིག་དང་ས་ཡ་གསུམ་ནས་བྱེ་བ་གཉིས་དང་ས་ཡ་གཉིས་སྔོན་གྱི་བར་མའི་དུས་སྐབས་གསར་བའི་བའི་དུས་མགོའི་བར་ཡིན་ཞིང་མཐོ་སྒང་ཡར་འཕགས་པ་དང་བསྟུན་ནས་སྐྱེ་དངོས་དུས་སྐབས་གསར་བའི་ཁྲོད་ཆེས་ཛ་དྲག་ལྡན་པའི་ས་རིམ་འགྱུར་ལྡོག་བསླངས། ཡར་འཕགས་དུས་སྐབས་བཞི་བ་ནི་ཧ་ལམ་ལོ་ངོ་ས་ཡ་བརྒྱད་ཀྱི་གོང་དུ་བྱུང་ཞིང་དེ་ལ་དྲག་ཤུགས་ཀྱི་ཧྲིལ་གཟུགས་རང་བཞིན་ཡོད་པ་མ་ཟད་རིམ་གྱིས་དྲག་འགྱུར་དུ་གྱུར་བའི་ཁྱད་ཆོས་ལྡན། འགུལ་སྐྱོད་ཀྱི་དུས་རིམ་གཙོ་བོ་ནི་ཧ་ལམ་ལོ་ངོ་ས་ཡ་གསུམ་དང་འབུམ་དྲུག ས་ཡ་གཅིག་དང་འབུམ་གཅིག འབུམ་གཅིག་དང་ཁྲི་ལྔའི་སྔོན་བཅས་རེད།
ཧ་ལམ་ལོ་ངོ་ས་ཡ་གསུམ་དང་འབུམ་དྲུག་སྔོན་གྱི་མདོ་དབུས་མཐོ་སྒང་ཡར་འཕགས་གི་བརྒྱུད་རིམ་ཐ་མའི་ཁྲོད་མཐོ་སྒང་མྱུར་མོར་ཡར་འཕགས་ཏེ་ཆ་སྙོམས་ཀྱི་མཚོ་བརྩིས་མཐོ་ཚད་དེ་དམའ་ཁུལ་ནས་སྨི1000-2000དུ་འཕར་ཏེ་གདོད་མའི་མཐོ་སྒང་གི་ས་བྱད་ལ་འགྱུར་ལྡོག་རབ་དང་རིམ་ཐེབས། མཐོ་སྒང་དང་དེའི་མཐའ་སྐོར་ས་དབྱིབས་བར་གྱི་མཐོ་ཚད་བར་ཁྱད་ཇེ་ཆེར་གྱུར་པས་མཐའ་མཚམས་ཡོངས་སུ་ཤིན་ཏུ་མཐུག་པའི་བྲག་རྡོ་མངོན་པ་དང་། ཆུ་རྒྱུན་གྱི་བསླད་ཟད་ནུས་པ་ཇེ་དྲག་ཏུ་གྱུར་བས་ཆུ་ལག་གི་རྒྱུག་ལམ་སྙོམས་སྒྲིག་དང་ཕྱི་རྒྱུག་ཆུ་བོའི་ཆུ་ལམ་རྩ་བའི་སྟེང་གཏན་འཇགས་སུ་གྱུར། ལོ་ངོ་ས་ཡ་གཅིག་དང་འབུམ་གཅིག་གི་སྔོན་དུ་མཐོ་སྒང་འདིའི་མཚོ་བརྩིས་མཐོ་ཚད་སྨི3500ལ་སླེབས་པས་རི་བོ་ཧི་མ་ལ་ཡ་དང་གངས་ཏི་སེ། ཁུ་ནུ་རི་རྒྱུད་སོགས་རི་ཁུལ་གཙོ་བོ་དག་ཏུ་གཞི་ཁྱོན་སྔ་ན་མེད་པའི་ཆགས་ཀླུང་གྲུབ། ལོ་ངོ་བདུན་འབུམ་སྔོན་ཡས་མས་ནི་མདོ་དབུས་མཐོ་སྒང་དུ་འཁྱག་ཀླུང་ཁྱབ་ཚད་ཆེས་ཆེ་བའི་དུས་སྐབས་ཤིག་ཡིན། སྐབས་འདིར་མཐོ་སྒང་དུ་དྲ་བ་སྣོལ་བ་ལྟ་བུའི་གྲོག་རོང་འཁྱག་ཀླུང་དང་རི་རྩེའི་འཁྱག་རླུང་ཆེ་ཆུང་མང་དུ་གྲུབ། འཁྱག་ཀླུང་དེ་དག་ནི་མཐོ་སྒང་གི་རི་རྒྱུད་མཐོན་པོ་ལྟེ་བ་བྱས་ཏེ་ཁྱབ་ཡོད་ནའང་རི་རྒྱུད་སོ་སོའི་འཁྱག་ཀླུང་དག་ཕན་ཚུན་འབྲེལ་ནས་གཅིག་འདུས་ཀྱི་ཆགས་ཀླུང་ཆེན་པོ་གྲུབ་མེད། དར་ཁེངས་དུས་སྐབས་མཇུག་སྒྲིལ་རྗེས་མཚེའུ་ཆེན་མོའི་དུས་སྐབས་ཡིན་ལ་སྐབས་དེར་མདོ་དབུས་མཐོ་སྒང་ནི་མཚོ་དང་མཚེའུ་མང་པོ་ཆགས་པའི་དུས་རབས་སུ་སླེབས། ལོ་ངོ་འབུམ་གཅིག་དང་ཁྲི་ལྔའི་སྔོན་ཡས་མས་ཀྱི་གསར་སྒྱུར་དུས་རབས་བར་མའི་དུས་མཇུག་ནས་བཟུང་མཐོ་སྒང་ཡང་བསྐྱར་སྨི1000ཡས་མས་ཡར་འཕགས་ཏེ་ད་ལྟའི་མཐོ་སྒང་འདི་ཉིད་ཕལ་ཆེར་གྲུབ་པ་རེད། མཐོ་སྒང་ཡར་འཕགས་པ་དང་བསྟུན་ནས་མཐོ་སྒང་གི་ནམ་ཟླ་ཇེ་གྲང་དང་སྐམ་གཤིས་ཇེ་དྲག་ཏུ་གྱུར་ཏེ་ངེས་པ་དོན་གྱི་སའི་གོ་ལའི་སྣེ་ཁུལ་གསུམ་པ་འདི་ཉིད་གྲུབ་པ་རེད།
གོ་ལ་ཧྲིལ་བོའི་ནམ་ཟླའི་འགྱུར་ལྡོག་དང་མཐོ་སྒང་ཡར་འཕགས་པའི་ཤུགས་རྐྱེན་འོག་མདོ་དབུས་མཐོ་སྒང་དུ་གྲང་འཁྱག་ཐན་སྐམ་དང་དྲོད་འཇམ་བརླན་བཤེར་གྱི་ནམ་ཟླའི་བརྗེ་འགྱུར་ཐེངས་མང་པོ་བྱུང་མྱོང་། ཚན་རིག་པས་གཏིང་བསགས་དངོས་རྫས་ཀྱི་རྗེན་འབུར་བཤགས་ངོས་དང་འཁྱག་ཀླུང་རིམ་བརྩེགས། མཚོ་དང་མཚེའུའི་གཏིང་བསགས་དངོས་རྫས་ལ་ཞིབ་འཇུག་དང་མཐོ་སྒང་གི་ནམ་ཟླའི་ཁོར་ཡུག་མཚོན་པའི་ཆ་འཕྲིན་བསྡུ་རུབ་བྱས་ཏེ་གནའ་སྔ་མོའི་ཁོར་ཡུག་གི་འགྱུར་ལྡོག་འཐུས་ཚང་སྒོས་སླར་གསོ་བྱས་ཡོད། འདས་ཟིན་པའི་མཐོ་སྒང་གི་ཆུ་ལག་འགྱུར་ལྡོག་དང་གནའ་བོའི་འཁྱག་ཀླུང་སྤུངས་ཀྱི་དངོས་རྫས་ལ་ཞིབ་འཇུག་བྱས་པ་བརྒྱུད་ནས་མདོ་དབུས་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་མཚོན་པའི་སྤྱི་ཁོག་གཅིག་བཟོས་ཡོད། ལོ་ངོ་ཉིས་ཁྲི་ཡས་མས་སྔོན་གྱི་འཁྱག་ཀླུང་ནུས་ཤུགས་ཆེས་དྲག་པའི་དུས་སྐབས་ཐ་མ་ཡིན་ལ་སྐབས་དེར་མཐོ་སྒང་གི་ནམ་ཟླ་ཇེ་གྲང་དང་སྐམ་གཤིས་ཆེས་ཆེ་བའི་དུས་སྐབས་སུ་སླེབས་པས་སྡོང་ཐུང་དང་སྔོ་དྲེག་མ་གཏོགས་ས་ཁུལ་ཕལ་ཆེ་བའི་ནགས་ཚལ་མེད་པར་གྱུར། ཡིན་ནའང་ཉེ་བའི་ལོ་ངོ་ཁྲི་གཅིག་སྔོན་གྱི་དུས་སྐབས་གསར་བར་ནམ་ཟླ་ཇེ་དྲོར་གྱུར་ཅིང་ལྷག་པར་ལོ་ངོ་བདུན་སྟོང་ནས་སུམ་སྟོང་ལྔ་བརྒྱའི་ཡར་སྔོན་དུ་མཐོ་སྒང་འདིར་ཤིན་ཏུ་དྲོད་འཇམ་ལྡན་པའི་དུས་སྐབས་ཤིག་ཤར་བ་རེད། བོད་ལྗོངས་ལྷོ་ཕྱོགས་དེང་གི་གཉའ་ལམ་རྫོང་གི་ཡར་སླེབས་ས་ཁུལ་གྱི་ནམ་ཟླའི་དྲོད་འགྱུར་གྱིས་སྐབས་དེའི་ཁུག་རྟ་དག་ད་ལྟ་ལས་སྨི700–800ལས་མཐོ་བའི་ས་ཁུལ་དུ་འཚོ་གནས་བྱེད་པ་དང་བྱང་མཐའི་ཁུ་ནུ་རི་བོའི་ས་ཁུལ་ནས་ལོ་ངོ་སུམ་སྟོང་སྔོན་གྱི་མིའི་རིགས་ཀྱིས་མེ་བཀོལ་བའི་སོལ་ཐལ་རིམ་པ་བྱུང་། མི་མེད་ཐང་སྟོང་དུ་ལུས་པའི་བྱང་ཐང་ནས་ཀྱང་སྐབས་དེའི་མིའི་རིགས་ཀྱི་རྡོ་ཆས་གསར་མའི་རྗེས་ཤུལ་རྙེད། དེ་དག་ལས་སྐབས་དེའི་མདོ་དབུས་མཐོ་སྒང་གི་རང་བྱུང་ཁོར་ཡུག་ཆ་རྐྱེན་དེ་ད་ལྟ་ལས་ལེགས་པོ་ཡིན་པ་རྟོགས་ཐུབ།
རྣམ་པ་གསར་བའི་དྲོད་འཇམ་དུས་སྐབས་བརྒྱུད་མཐར་མདོ་དབུས་མཐོ་སྒང་སླར་ཡང་གྲང་ངར་དང་ཐན་སྐམ་གྱི་དུས་རིམ་དུ་སླེབས། ལོ་ངོ་ཉིས་སྟོང་ལྔ་བརྒྱ་ཡས་མས་སྔོན་ནི་ཅུང་གྲང་བའི་དུས་སྐབས་དང་པོ་ཡིན་ལ་ས་གཤིས་ལོ་རྒྱུས་སུ་དེ་དར་ཁེངས་དུས་སྐབས་གསར་བ་ཟེར། དུས་སྐབས་དེ་མཇུག་སྒྲིལ་རྗེས་ཀྱི་ཉེ་བའི་ལོ་ངོ་ཉིས་སྟོང་ནས་བཟུང་མདོ་དབུས་མཐོ་སྒང་གི་ནམ་ཟླ་དྲོད་འཇམ་ཐན་སྐམ་དུ་འགྱུར་བ་མངོན་ཡོད། ཆར་ཆུའི་གསབ་སྤྲོད་མངོན་གསལ་གྱིས་ཇེ་ཉུང་དུ་སོང་བས་ཤར་ལྷོའི་ཁུལ་གྱི་འཁྱག་ཀླུང་ཇེ་ཉུང་དུ་གྱུར་ཞིང་དབུས་ཁུལ་གྱི་ལོ་མང་པོར་ཁེངས་འཁྱག་ཏུ་གྱུར་བའི་ས་ཁུལ་དག་ཀྱང་རིམ་བཞིན་མེད་པར་འགྱུར་བཞིན་ཡོད། རྒྱ་ཆེ་བའི་སྔོ་དྲེག་དེ་ཐན་སྐམ་རྩྭ་ཐང་དུ་འགྱུར་བ་དང་མཚེའུའི་ཆུ་ངོས་ཀྱི་མཐོ་ཚད་དང་རྒྱ་ཁྱོན་བསྟུད་མར་ཇེ་ཆུང་དང་ཐ་ན་སྐམ་སྟེ་མེད་པར་འགྱུར་བཞིན་ཡོད།
དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་ནས་དུས་རབས་ཉེར་གཅིག་པའི་དུས་མགོའི་བར་དུ་མདོ་དབུས་མཐོ་སྒང་གི་རླངས་འགྱུར་ཚད་སྤྱིའི་ཆ་ནས་ཇེ་ཉུང་དུ་ཕྱིན་ཞིང་བྱང་ཐང་གི་ཆར་ཆུ་འབབ་ཚད་ཇེ་མང་དུ་གྱུར་ཏེ་ས་ཁུལ་ཁ་ཤས་ཀྱི་མཚོ་དང་མཚེའུའི་རྒྱ་ཁྱོན་ཇེ་ཆེར་གྱུར། སའི་གོ་ལའི་ནམ་ཟླ་དྲོད་འགྱུར་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཆ་རྐྱེན་ལེགས་བཅོས་ཅུང་ཟད་ཕྱིན་མོད། ཡིན་ནའང་དུས་ཡུན་རིང་མོའི་ནམ་ཟླའི་འགྱུར་ལྡོག་གི་ཆོས་ཉིད་ལས་བལྟས་ན་འདི་ནི་ཡུན་ཐུང་ཙམ་གྱི་འགྱུར་བ་ལས་རྩ་བའི་སྟེང་ནས་ཐན་སྐམ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་འདི་ཉིད་ལེགས་བཅོས་བྱས་མེད་དོ། །
ཡོང་ཁུངས། མཚོ་སྔོན་པོ་དྲ་བ། རྩོམ་སྒྲིག་པ། ལམ་བཟང་པོ།
བསམ་ཚུལ་ཕྲིས།