ས་ག་ཟླ་བར་སྟོན་པ་དྲན་ཚུལ།

རྩོམ་ཡིག་འདི་ཐེངས་ 21 བཀླགས་འདུག

ས་ག་ཟླ་བར་སྟོན་པ་དྲན་ཚུལ།

བླ་རུང་། རིག་ལྡན་ཉི་མ།
ཕ་མཐའ་ཟད་དུ་མེད་པ་སྲིད་པའི་ཐང་ནས། །
གཞལ་དཀའ་གོམ་པའི་འགྲོས་ཀྱིས་ཧ་ཅང་དུབ་ཚེ། །
སྙིང་ལ་བདུད་རྩིའི་བསང་གཏོར་ཡི་གར་འོང་བ། །
སྟོན་མཆོག་དོན་ཀུན་གྲུབ་པས་དགེ་ལེགས་སྩོལད་ཅིག །

ལས་ཉོན་སྲིད་པའི་ཚ་གདུང་ཇི་ལྟར་ཆེ་ཡང་། །
ཁྱེད་ཐུགས་བྱམས་པའི་གྲུ་ཆར་དལ་གྱིས་འཐོར་དུས། །
ཡིད་ལ་ཞི་བསིལ་སྟོང་གི་སིམ་པ་ཐོབ་པའི། །
སྐལ་ལྡན་པདྨོའི་འཛུམ་ཁ་ཅིར་ཡང་གྲོལ་བ། །

བསོད་ནམས་བརྒྱ་ལས་གྲུབ་པ་མཚན་དཔེའི་ཟླ་བ། །
མུ་མེད་འགྲོ་བའི་མཁའ་ལ་མཛེས་པར་འཆར་ཚེ། །
དད་གདུང་རྙོག་པ་མེད་པའི་ཡིད་ཀྱི་རྫིང་བུར། །
འགོག་མེད་ལྷན་ནེར་འཕོས་པ་རྒྱན་དུ་ཆེ་འོ། །

སྙིང་རྗེའི་ལོ་མ་གཡོ་བའི་མཁྱེན་རབ་ཀློང་ནས། །
གསུང་དབྱངས་དཔྱིད་ཀྱི་རྒྱལ་མོའི་དྲུག་འགྱུར་འཁྲོལ་དུས། །
ཡིད་ལ་རྣམ་དཀར་སོ་མའི་མྱུ་གུ་འབུས་ཏེ། །
འགྲོ་ཁམས་འཛིན་མའི་གཞི་རུ་སོས་ཀ་ཤར་འོང་། །

ཆེར་སྙིགས་དུས་ཀྱི་མུན་པའི་དཔུང་ཁ་མཐུག་ཅིང་། །
ལས་ཉོན་ལྕགས་ནག་མདུད་པ་ཤིན་ཏུ་དམ་རུང་། །
ཁྱེད་གསུང་འོད་དཀར་སྣང་བའི་འཚོ་བ་འདི་ཀོས། །
མི་ཡུལ་ལན་གཅིག་འགྲིམ་པ་དོན་ལྡན་ལོས་ཡིན། །

མིག་གི་བདུད་རྩིར་སོན་པའི་སྐུ་ཡི་མཛེས་པ། །
ཆེན་པོའི་བསོད་ནམས་དཔལ་དང་ལྷན་དུ་ཐེགས་ཀྱང་། །
གདམས་པའི་དབྱངས་ཀྱི་ཡན་ལག་བཅུད་དུ་འཁྱིལ་བས། །
ཡིད་ཀྱི་རི་དྭགས་ཚོགས་ཀུན་དེ་ཀས་འཚེངས་སོ། །

ཐུགས་ལ་མཉེས་གཤིན་བྱམས་པའི་འོད་ཀྱིས་འཁྱུད་པས། །
འགྲོ་ལ་བརྩེ་བའི་གྲུ་ཆར་གཏན་དུ་འཇོ་བའི། །
ཡེ་ཤེས་ཕུང་པོར་སྤུངས་པ་སྙིང་རྗེའི་རང་གཟུགས། །
དུས་ཀྱི་ཡང་མཐའ་འདི་ན་ཅི་འདྲའི་མཛེས་པ། །

གང་དག་ཆེན་པོའི་གཏམ་གྱིས་གཡང་ཁར་ཕྱོགས་ཤིང་། །
འགའ་ཞིག་རང་འདོད་ལས་ཀྱིས་ཐུར་དུ་བབས་ཚེ། །
དམིགས་མེད་ཐུགས་རྗེའི་འོད་དཀར་སྙོམས་པོར་འགྱེད་པའི། །
ཕྲིན་ལས་ཆ་ཤས་ཤིག་གི་དོ་ཟླ་སུས་འོང་། །

ད་ནི་སྙིགས་མའི་རང་རྟགས་ཅི་བས་བདོ་བ། །
ནད་མུག་མཚོན་གྱི་རྒུད་པས་ཀུན་ཏུ་མནར་དུས། །
ཁྱེད་གསུང་ཞི་བ་ཆེན་པོའི་འོད་དཀར་ཟེགས་མ། །
དུས་ཀྱི་མུན་པའི་ཀློང་ནས་ཇེ་བས་ཇེ་གསལ། །

རྒྱ་ཆེན་ནམ་མཁའི་ཁྱོན་ལས་ཡོངས་སུ་འགོངས་པའི། །
མཁྱེན་བརྩེའི་ཡེ་ཤེས་གླེང་ན་ཟད་དུ་ཅི་ཡོད། །
སྙིང་རྗེ་ཉག་མ་གཅིག་གི་འོད་སྣང་དཀར་པོས། །
མུ་མེད་འགྲོ་བའི་གསོས་སུ་ཁྱབ་ཚུལ་འདི་རེད། །

མདོར་ན་མུན་པས་གཡོགས་པའི་སྤྲིན་རུམ་སྟུག་པོར། །
རབ་དཀར་གློག་གི་ཕྲེང་བ་ཤས་ཙམ་གཡོས་འདྲའི། །
ཐ་ན་དགེ་སེམས་ཕྲ་མོའི་འདུན་པ་ཚུན་ཆད། །
མགོན་པོ་ཁྱེད་ཀྱི་བཀའ་དྲིན་ཁོ་ནར་ངེས་སོ། །

ནམ་ཞིག་ཚེ་ཡི་ལོ་མ་རླུང་གིས་ཁུར་ཏེ། །
ཤིང་ཁའི་བྱ་ཚོགས་བཞིན་དུ་སོ་སོར་གྱེས་དུས། །
མཚུངས་མེད་ཞི་བ་མཆོག་གི་བྱམས་བརྩེའི་ཀློང་ན། །
མ་པང་བུ་འཇུག་ལྟ་བུས་གྲོལ་བར་སྨོན་ནོ། །

ས་གསུམ་འགྲོ་བའི་གཉེན་གཅིག་སྙིང་གི་ཉི་མ། །
ས་འདིའི་དཔལ་དུ་འཁྲུངས་པའི་བཀྲ་ཤིས་གཏམ་བཟང་། །
ས་སྟེང་སྐྱེ་བོ་ཡོངས་ཀྱི་སེམས་པའི་སྐྱེས་སུ། །
ས་ག་ཟླ་བའི་དུས་དྲན་འདི་ཙམ་ཐལ་ལོ། །

2025 / 6 / 2

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *