༧རྒྱལ་དབང་ཀརྨ་པས་གོ་སྟོན་ལ་ཕུལ་བའི་སྙན་ངག
རྩོམ་ཡིག་འདི་ཐེངས་ 15 བཀླགས་འདུག
༄༅། །སྤྱི་ནོར་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་དགའ་སྟོན་ལ་བསྟོད་པ།
མ་ལུས་ཞིང་གི་རྒྱལ་དང་རྒྱལ་སྲས་སློབ་མར་བཅས་པའི་ཚོགས་ཐམས་ཅད། །
གཅིག་ཏུ་བསྡུས་ཀྱང་གང་གི་མཛད་པའི་ཆ་ཤས་ཙམ་ཡང་མི་བསྒྲུན་པ། །
སྲིད་ཞིའི་འདྲེན་མཆོག་ལྷ་མིའི་རྣམ་འདྲེན་བསྟན་འཛིན་རྒྱ་མཚོར་ཆེར་གྲགས་པའི། །
མགོན་པོ་ཁྱོད་ཀྱིས་དགེ་ལེགས་བྱེ་བས་འགྲོ་འདི་བྱང་ཆུབ་བར་དུ་སྐྱོངས། །
སྲིད་པའི་གངས་ལ་མཐའ་དམག་གདུག་པས་ཁྲག་གི་སྨུག་རྩི་བསྐུས་པའི་དུས། །
སྐོར་གསུམ་སྒང་དྲུག་རུ་བཞིའི་སྐྱེ་བོ་གཞིས་བྱེས་གཉིས་སུ་གཏོར་བའི་ཚེ། །
ཨ་སྔོན་གནམ་ལས་འབོད་ས་མེད་པའི་ས་ཡ་དྲུག་གི་བོད་འབངས་ལ། །
མེས་དབོན་དམ་པའི་ཕོ་ཉ་ཁྱོད་ནི་དུས་ཐོག་ཆར་པ་བཞིན་དུ་ཕེབས། །
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་བདེ་གཤེགས་བསྟན་པའི་རིང་ལུགས་ཆེ། །
ཧི་མ་ལ་ཡའི་རི་བོ་བརྒལ་ཏེ་རྒྱ་མཚོའི་ཕ་མཐར་སྤེལ་བ་ཡིས། །
རྒྱལ་བསྟན་མི་ནུབ་སྲོག་གི་ཀ་ཆེན་གནམ་སའི་བར་དུ་ལེགས་བཙུགས་ཏེ། །
རྒྱལ་བ་གཉིས་པའི་མཚན་གྱི་ཅོད་པན་ཁྱོད་ཉིད་ཁོ་ནས་བདག་གིར་བཞེས། །
རྣལ་འབྱོར་པ་ལ་མངོན་སུམ་གྱུར་པའི་ལྟ་སྒོམ་སྤྱོད་པའི་རྣམ་བཞག་དང་། །
ཚན་རིག་མཁས་པས་འཕྲུལ་གྱིས་རྙེད་པའི་དངོས་ཁམས་རིག་པའི་ལྟ་གྲུབ་སོགས། །
གནའ་དེང་རིག་པ་ཟུང་དུ་སྦྲེལ་བའི་རྣམ་དཔྱོད་གསེར་གྱི་ལྡེ་མིག་གིས། །
ལུས་སེམས་གཉིས་ལ་ཕན་བདེ་སྦྱིན་པའི་སྔོན་མེད་སྒོ་འཕར་གསར་དུ་ཕྱེས། །
བོན་དང་བནྡེས་རིས་སུ་མ་བཅད་བོད་འབངས་ཡོངས་ཀྱི་མགོན་དང་སྐྱབས། །
ཤར་དང་ནུབ་ཀྱི་ཕྱོགས་སུ་མ་ལྷུང་འཛམ་གླིང་ཞི་བདེའི་དེད་དཔོན་ཆེ། །
ཕྱི་དང་ནང་གི་དབྱེ་བས་མི་ཕྱེད་དུས་རབས་འདི་ཡི་སྟོན་པ་སྟེ། །
མ་འདྲིས་ཡོངས་ཀྱི་མཛའ་བཤེས་ཞེས་པ་དོན་དང་མཐུན་པ་ཁྱོད་ཉིད་ཙམ། །
འཛམ་བུའི་གླིང་དུ་སྙན་པས་ཁྱབ་ཀྱང་ཆོས་བརྒྱད་བདུད་ཀྱིས་བསླུ་མ་མྱོང་། །
ཉིན་མཚན་ཀུན་ཏུ་མཛད་པས་བྲེལ་ཡང་ཐོས་བསམ་སྒོམ་གསུམ་ཆད་མ་མྱོང་། །
སྐུ་སྲོག་ཚུན་ལ་རྒོལ་བ་མང་ཡང་གཞན་ཕན་སེམས་མཆོག་ཉམས་མ་མྱོང་། །
བགྲང་བྱ་དགུ་བཅུའི་ཁུར་གྱིས་ནོན་ཀྱང་སྙིང་སྟོབས་ཞུམ་པ་ཡོད་མ་མྱོང་། །
མཆོག་དམན་ཀུན་ལ་གཅིག་ཏུ་མཛའ་བས་ངོ་ལྐོག་མེད་པའི་ཐུགས་གཤིས་དང་། །
ཉེ་རིང་མེད་པ་འཛུམ་གྱིས་བསུ་བས་ཕ་ཁུ་ལྟ་བུའི་བྱམས་བརྩེ་དང་། །
ཆགས་ཐོགས་མེད་པར་ལུགས་གཉིས་གཟིགས་པས་ཉི་ཟླ་ལྟ་བུའི་མཁྱེན་རྒྱ་སོགས། །
ཁྱོད་ཀྱི་ཡོན་ཏན་ཇི་ཙམ་བསམས་ཀྱང་དེ་ཙམ་ཁྱོད་ཉིད་ཁོ་ནར་དད། །
སྡང་བའི་སེམས་དང་འདོད་པའི་ཆང་གིས་རབ་ཏུ་མྱོས་པའི་བརླང་སྤྱོད་ཀྱིས། །
ས་ཆེན་འདི་ཡང་བརླག་པར་བྱེད་པའི་མཚོན་གྱི་བསྐལ་པ་དར་བའི་ཚེ། །
ཞི་དུལ་སྤྱོད་པས་ཐལ་མོ་སྦྱར་ནས་གོ་ལ་ཟླུམ་པོ་སྐོར་བཞིན་དུ། །
མཁའ་ཁྱབ་འགྲོ་ལ་སེམས་ཁུར་སྦྱིན་པའི་སྐྱབས་གནས་ཁྱོད་ལས་གཞན་མ་མཆིས། །
ཞབས་ཀྱི་ཆུ་སྐྱེས་བརྟན་པ་ཙམ་གྱིས་འགྲོ་བའི་ཡིད་ལ་དགའ་བདེ་སྦྱིན། །
མཚན་ཙམ་གྱིས་ཀྱང་བོད་འབངས་ཉམ་ཆུང་མགོ་བོ་གྱེན་དུ་འདེགས་པར་བྱེད། །
ཇི་ལྟར་བསམས་ཀྱང་ཁྱོད་ལས་གཅེས་པ་འཇིག་རྟེན་འདི་ན་མ་མཆིས་པས། །
ས་ཆེན་ལྷུན་པོ་གནས་ཀྱི་བར་དུ་གཡོ་མེད་བརྟན་པར་བཞུགས་སུ་གསོལ། །
ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་༧གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་གྱི་མཛད་སྒོ་གནང་བའི་སྐབས་བསྟོད་ཚིག་ཅིག་འབྲི་དགོས་ཞེས་བསྐུལ་མ་བྱུང་དོན་ལྟར། སློབ་འབངས་སུ་གཏོགས་པ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས། སྤྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༣༡ ཉིན་བྲིས་ནས་ཕུལ་བ་དགེའོ། །
བསམ་ཚུལ་ཕྲིས།