བདག་གི་བསོད་ནམས་ཀྱི་བགོ་སྐལ་དུ་བྱོན་པའི་བླ་མ་འཆི་མེད་རིག་འཛིན།
རྩོམ་ཡིག་འདི་ཐེངས་ 118 བཀླགས་འདུག
རྩོམ་པ་པོ། མཁན་ཆོས་དབྱིངས་ལྷུན་གྲུབ།
རིགས་དང་འབྱོར་བས་མི་དྲེག་ཐོས་པའི་སྙེམས་པ་ཐེད་ལ་བོར། །
མཁས་པའི་ཁུར་གྱིས་ལྗིད་ཅིང་བཙུན་པའི་དཔེ་ཟླ་སྲིད་ན་དཀོན། །
བཟང་པོའི་ཡོན་ཏན་བློ་ཡིས་མི་ཆུན་ཞི་དུལ་དེས་པའི་སྤྱོད་པ་ཅན། །
དམན་བུའི་སེམས་ཀྱི་དཀོན་མཆོག་དང་པོ་ནམ་ཡང་དད་པའི་ཕུ་དུད་བྱེད། །
སྒྲ་མདོ་ཀ་ཙན་ཐུགས་ལ་འཁྲུངས་ཤིང་རྟེན་འབྲེལ་རྩིས་ཀྱི་རྣམ་གཞག་འབྱེད། །
རྟར་དཔྱད་སྨན་གྱི་གཞུང་ལུགས་ཆུབ་ཅིང་རྩ་ཆུའི་བརྟག་པ་བློ་ལ་དོད། །
མངོན་རྗེས་རིག་པའི་འགྲོ་ཚུལ་ཞིབ་ཅིང་སྒྲུབ་དང་སུན་འབྱིན་རྩལ་ལ་བྱང་། །
མངོན་བརྗོད་མིང་གི་རྣམ་གྲངས་ཤེས་ཤིང་ཚིག་གི་ཡང་ལྕི་སྡེབ་ལ་མཁས། །
ཚོགས་གསུམ་ཡི་གེའི་གནད་ལ་མཁས་ཤིང་དེ་དོན་གཞུང་གི་མདུད་རྒྱ་བཀྲོལ། །
སྲོག་ལུས་རྒྱན་གྱི་རྣམ་གཞག་ཟབ་ཅིང་སྙན་ངག་རིག་པའི་ཕ་མཐར་སོན། །
ཡིག་མཁན་དམ་པའི་གོ་ས་བཟུང་ཡོད་སྣ་ཚོགས་ཡིག་རིས་འབྲི་བར་མཁས། །
ཕལ་པ་མ་ཡིན་དམ་པ་ཁྱོད་ནི་གནས་ལྔ་རིག་པའི་པཎྚི་ཏ། །
དམ་ཆོས་འདུལ་བའི་གླེག་བམ་ཞིག་སྟེ་ལུས་ན་འདུལ་བའི་དཔེ་རིས་ཡོད། །
གོང་འོག་མངོན་པའི་ཀ་དཔེ་ཞིག་སྟེ་བརྡ་དོན་མངོན་པའི་ཕུ་ཐག་ཆོད། །
དངོས་བརྒྱད་བདུན་ཅུའི་བདག་པོ་ལགས་ཏེ་སྦས་དོན་ཟབ་མོའི་གཏེར་ཁ་འབྱེད། །
མཐའ་བྲལ་དབུ་མའི་སློབ་དཔོན་ལགས་ཏེ་སྟོང་ཉིད་རིག་པའི་རྩལ་གྱིས་བསྒྲུབས། །
ཕྱི་ནང་གཞན་གསུམ་དེ་ཉིད་རིག་པས་གཉིས་མེད་དུས་ཀྱི་འཁོར་ལོའི་བདག །
སྡེ་གསུམ་ཀློང་དགུའི་མཛོད་དུ་བཞུགས་ཤིང་ཐེག་རྩེ་ཨ་ཏིའི་རྒྱལ་ས་ཟིན། །
འདི་འདྲའི་སྐྱེས་གཅིག་སྲིད་ན་དཀོན་ཡང་ཁྱོད་རང་སྲིད་པའི་ཁམས་ན་སྲིད། །
བདག་ལ་བཙིར་རྒྱུའི་དད་པ་མེད་ཀྱང་ཁྱོད་ལ་དགའ་བ་དཔག་ཏུ་མེད། །
བློ་སྦྱོང་ཉམས་ལེན་སྔར་ནས་བྱས་པས་བློ་ལྡོག་རྣམ་བཞིའི་གསོན་དཔེ་ཡིན། །
ཚད་མེད་རྣམ་བཞིའི་སྦུག་ན་ཉལ་བས་གཞན་ལ་འཚེ་བའི་གཞི་ཡང་མེད། །
རིག་པ་ཅོག་བཞག་ཆུང་ནས་ཤེས་པས་ལྟ་མགུར་ཟབ་མོའི་གད་རྒྱང་འཐེན། །
སྣང་གྲགས་རིག་གསུམ་ལྷ་རུ་ཤར་ཁྱོད་བྱར་མེད་ངང་དུ་ཉོལ་ལ་སྡོད། །
མི་མེད་ནགས་སུ་གཅིག་པུར་རྒྱུ་ཁྱོད་ཟླ་འོད་བདུད་རྩི་སྒུག་པ་འདྲ། །
ཆུ་བོའི་རྒྱུན་གྱི་རྣལ་འབྱོར་པ་ཁྱོད་འཇིག་རྟེན་བྱ་བས་མི་ཚུགས་ཀྱང་། །
ང་དང་བཅས་པའི་འཇིག་རྟེན་འདི་ཡི་རིན་ཆེན་དང་པོ་ཁྱེད་ཡིན་པས། །
སྐུ་ཚེ་ཞབས་པད་ཡུན་དུ་བརྟན་དགོས་ང་ཡི་སྙིང་གི་ཕྱེད་ཀ་ལགས། །
ནང་འདྲིས་ཨ་འགྱུར་གྱི་པར་མཛོད་ནས་བླ་མ་རིན་པོ་ཆེའི་སྐུ་པར་འགའ་མཇལ་བས། དད་གདུང་དང་། དྲན་གདུང་དགའ་གདུང་སོགས་དབྱེར་མི་ཕྱེད་པའི་བློས་ཡང་ཡང་གཙེས་པས། ན་ཟུག་འཇགས་ཆེད་དུ་སྒྲོ་སྐུར་བྲལ་བའི་གཉུག་གཏམ་ཞིག་བྲིས་པས་བླ་མ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཉག་ཙམ་ཞིག་བརྒྱུད་ལ་འཇུག་པའི་རྒྱུ་རུ་འགྱུར་བར་གྱུརཅིག་གུ། །
བསམ་ཚུལ་ཕྲིས།