ཐ་སྙད་འགའ་ཞིག་གི་བསམ་གཞིག

རྩོམ་ཡིག་འདི་ཐེངས་ 120 བཀླགས་འདུག


རྩོམ་པ་པོ། དྷཱིཿ ལྷ་ལྡན།
༡ ངན་མཛངས།
ངན་མཛངས་ཞེས་པའི་ཐ་སྙད་འདི་ནི་ཏོང་ཧང་ཡིག་རྙིང་ལས་བྱུང་།
ཐ་སྙད་འདི་མི་ལོ་སྟོང་ཕྲག་ཡས་མས་རིང་ཏོང་ཧང་གི་བྲག་ཁུང་ཞིག་ཏུ་སྦས་ནས་བསྡད་ཅིང་། རང་རེའི་སྤྱི་ཚོགས་ཁྲོད་ངན་མཛངས་ཅན་གྱི་མི་བུ་ཆེས་ཆེར་བདོ་བའི་དུས་འདིར་གློ་བུར་ཕྱི་རུ་བུད་པ་ལགས་ཏེ། དེ་ནི་འོད་སྲུང་ཆེན་པོའི་སྐུ་གདུང་བཞིན་དུས་ཡུན་ཞིག་ལ་བསྒུགས་ནས་དུས་སུ་སླེབས་དུས་སླར་ཡང་ཕེབས་ཡོང་བ་དང་ཤིན་ཏུ་འདྲ། རང་ཅག་གིས་མཛངས་པ་ནི་འདི་དང་འདིའོ་ཞེ་པོ་ཏིའི་གྲངས་ཀ་ལོངས་པའི་ཚུལ་དུ་ཞིབ་འགྲེལ་མང་དུ་བྱས་མོད། ངན་མཛངས་ནི་འདིའོ་ཞེས་འགྲེལ་མཁན་ནི་མ་བྱུང་།
ངན་མཛངས་ནི་ཅི་ཞིག་ཡིན་ནམ། ཆེ་ས་ནས་བཤད་ན་དིང་དུས་དྲ་བའི་འཇིག་རྟེན་ནས་ཁ་ལྕེ་གློག་དམར་འཁྱུག་འཁྱུག །རྣམ་རིག་མེ་ཏོག་བཀྲ་བཀྲ་བྱེད་ཀྱིན་རྫུན་དང་རྫུས་མ་འབའ་ཞིག་གིས་མི་ཚོགས་ཀྱི་མགོ་བོ་འགལ་མེ་ལྟར་བསྐོར་ནས་དངུལ་སྒོར་ཚང་མ་རང་ཉིད་ཀྱི་ཁུག་མའི་ནང་དུ་བསྡུ་འགྲོ་བ་དེ་ཚོ་ལ་ངན་མཛངས་ཟེར་ཞིང་། གྲུབ་མཐའ་ཞིག་གི་ལར་རྒྱ་གླེང་ཁུལ་དང་ཡུལ་ཕྱོགས་ཤིག་གི་སྐྱིད་སྡུག་བགྲོ་ཁུལ་གྱིས་ཅོལ་ཅུང་དག་ཁྱི་ལྡོམ་བཞིན་འཁྲིད་ནས་ཆོལ་ཁ་དང་གྲུབ་མཐའི་བར་གྱི་འགལ་བའི་མེ་སོན་སློང་བཞིན་པ་དེ་དག་ལའང་ངན་མཛངས་ཟེར། ཆུང་ས་ནས་བཤད་ན་རྒྱན་པོ་འགྱེད་དང་ཆང་ལ་རོལ་བར་མཁས་པ་དེ་ལ་ངན་མཛངས་ཟེར་ལ། གྲོགས་དང་གྲོགས་ཀྱི་བར་དུ་ཕྲ་མ་བགྱི་བ་དང་མི་དང་མི་ཡི་བར་དུ་བསླུ་བྲིད་གཏོང་བར་མཁས་པ་དེ་ལའང་ངན་མཛངས་ཟེར། ཐུ་བྷོད་བཙན་པོའི་ལོ་རྒྱུས་སྟེང་གི་བློན་ཆེན་པོ་ཁྱུང་པོ་སྤུང་སད་ཟུ་ཙེ་ནི་ངན་མཛངས་ཆེ་བ་ཞིག་ཡིན་ལ། ད་ལྟའི་ཨ་རིའི་སྲིད་འཛིན་ཁྲོམ་རྒན་འདི་ཡང་ངན་མཛངས་ཆེ་བ་ཞིག་ནི་ཅིས་ཀྱང་མིན་ནམ་སྙམ།
འཕྲུལ་གྱི་བྱིན་ནུས་ཆེ་ཞིང་དུག་གི་ཁ་རླངས་འཐུལ་བའི་དུས་རབས་འདིར་ངན་མཛངས་ཆེ་བའི་མི་བུ་ཞིག་ཚན་རིག་པ་མཐུ་བོ་ཆེ་ཞིག་ཏུ་གྱུར་ན་གོ་ལ་འདི་ཡང་བྱིས་པའི་ལག་གི་རྩེད་རྡོ་ཙམ་དུ་འགྱུར་སྲིད་ལ། དམག་གི་དཔུང་བཙན་ཞིང་མཚོན་གྱི་དབལ་ཚ་བའི་དུས་རབས་འདིར་ངན་མཛངས་ཆེ་བ་ཞིག་འཛམ་གླིང་གི་སྣ་བོ་ཆེ་ཞིག་ཏུ་གྱུར་ན་འགྲོ་བ་མིའི་རིགས་ཀྱང་ཉིན་གཅིག་གི་མགྲོན་པོ་ཙམ་དུ་ཡང་འགྱུར་ཉེན་རབ་ཏུ་ཆེའོ། །
ངན་མཛངས་ནི་ངན་མཛངས་ཏེ། བྱ་བ་ངན་པའི་ཕྱོགས་ལ་བློ་རིག་གི་འཕྲུལ་མངའ་བ་ལ་ཟེར་ཏེ། མི་གཤིས་མེད་ཅིང་གཞུང་དང་བྲལ་བའི་རྣམ་རིག་རྒོད་པོ་ཅན་དེ་ཚོ་ལ་ངན་མཛངས་ཟེར། དེའི་ལྡོག་ཕྱོགས་ཀྱི་མཛངས་པ་ནི་ཀུན་སྤྱོད་ཀྱི་གཞུང་དང་ལྡན་ཞིང་དཔྱོད་ཤེས་ཀྱི་འཕྲུལ་མངའ་བའི་སྐྱེས་བུ་ལ་ཟེར་བ་ཡིན། དེ་ལྟར་བོད་ཀྱི་མེས་པོ་ཚོས་བཞག་པའི་མཛངས་ཀྱི་ཚད་ནི་མི་གཤིས་ཀྱི་གཞུང་དང་བསམ་ཤེས་ཀྱི་བློ་དང་ལྡན་མིན་འདི་ཁོ་ན་ལ་འཇོག་པ་ལགས་པས། མཛངས་པ་ཞེས་པ་ཡི་གེ་ཤེས་མིན་ལའང་འབྲེལ་བ་མེད་ལ། ཤེས་རིག་ལྡན་མིན་ལའང་འབྲེལ་བ་མེད། དཔེ་ཆ་ཀློག་པ་དང་ཤེས་རིག་སྦྱོང་བ་ནི་མཛངས་ཀྱི་སྣོན་མ་ཙམ་ལས་གཞན་མིན་པར་གསུངས་ཡོད། གལ་ཏེ་མ་མཐའི་མི་གཞིའི་ཆ་རྐྱེན་འདི་དག་མི་ལྡན་ཚེ་ཤེས་བྱ་ག་ཚོད་སྦྱངས་ཤིང་རིག་གནས་ཅི་ཙམ་བསླབས་ནའང་དེ་ནི་ངན་མཛངས་ཀྱི་སྣོན་མ་ཙམ་ལས་མེད་དོ། །
༢ གུ་ཡངས།
ཅི་ཞིག་ལ་གུ་ཡངས་ཟེར་རམ། རང་གི་བསམ་སྤྱོད་ལ་བསྟོད་ར་བཏང་ན་ཀུན་ཀྱང་ངོ་གདོང་འཛུམ་ལྷུག་ལྷུག་ཏུ་ཡོང་ཞིང་། རང་གི་བསམ་སྤྱོད་ལ་འགོག་རྒོལ་བཏང་ན་ཐམས་ཅད་ཁ་ལྕེ་འདར་འདར་དུ་ཡོང་ན། གུ་ཡངས་ཞེས་པའི་ཁྱད་འཕགས་ཀྱི་སྐྱེས་བུ་ཞིག་གང་དུ་ཡོད་དམ། ང་ཡི་ལྟ་གྲུབ་དང་བསམ་ཚུལ་ནི་གཡའ་དག་པའི་དྲི་བྲལ་གྱི་ནམ་མཁའ་དེའོ་ཞེས་སྒྲོག་པར་སུ་ཡང་འདྲ་ཞིང་། རང་དང་མི་མཐུན་པའི་ལྟ་གྲུབ་དང་བསམ་ཚུལ་དག་ནི་བློ་རུ་མི་ཤོང་བར་འཇིག་རྟེན་ནས་རྒྱང་ཕུད་གཏོང་བར་རྔམ་པར་ཐམས་ཅད་འདྲ་ན། གུ་ཡངས་ཞེས་པའི་བླ་མེད་ཀྱི་བསམ་བློ་དེ་སུ་ལ་ཡོད་དམ། རང་གི་ལྟ་གྲུབ་ཙམ་ལས་གཞན་དག་བློ་རུ་མི་ཤོང་བའི་བསམ་སྤྱོད་སྦུག་དོག་པོ་དེ་སུ་ལ་ཡོད་ན། གུ་དོག་ནི་གུ་དོག་རང་ཡིན་པས། དེ་ལ་ཤར་ནུབ་རིག་གནས་ཀྱི་ཁྱད་པར་ཡོད་མི་སྲིད་ལ། གནའ་དེང་དུས་ཚིགས་ཀྱི་ཧེ་བག་ཅིག་ཀྱང་འཇོག་པར་དཀའ་སྟེ། “རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་སྡང་བའི་རྟོག་པ”ཡིས་བཅིངས་ན་སུ་ཡང་གུ་དོག་གི་རླུབས་ལས་འདའ་བ་ཡོད་མི་སྲིད་དོ། །
ང་ཚོས་མི་ལོ་ཉི་ཤུ་ཡས་མས་ལ“སྲོལ་རྒྱུན་གྱི་བསམ་བློ་ནི་གུ་དོག་པའོ”ཞེས་སྨྲ་ཞིང་བརྗོད་བརྗོད་ནས་ཡོང་བ་ཡིན་ན། སྐབས་དང་སྐབས་སུ་ང་ཚོའི་རང་སྟེང་ནས་ཀྱང་ཕྱིར་རྟོག་ཅིག་ནི་ཅིས་ཀྱང་མི་བྱ་མི་རུང་ཨང་། འདི་ལྟར་ཕྱིར་ཞིང་བསམ་དུས་ངས་གློ་བུར་དུ་སྲོལ་རྒྱུན་གྱི་ཆོས་རའི་ཁྲོད་ཀྱི་གྲོགས་པོ་དཔུང་རྗེན་དེ་ཚོ་དབང་མེད་དུ་དྲན་ཡོང་། ཁོ་ཚོ་ཡིག་ཆ་ཞིག་གི་ར་སྐོར་ནས་ཕྱི་རུ་འབུད་ཐུབ་མེད་པ་ནི་བདེན་མོད། མི་སྒེར་གྱི་ལྟ་ཚུལ་དང་གོ་བ་ལེན་སྟངས་ནི་ཡ་དང་ཆ་རུ་སོང་ནས་ལོ་ནས་ཟླ་རུ་བརྩད་ནའང་། ནང་གི་བརྩེ་བ་ནི་སྔར་ལས་ཆེ་རུ་འགྲོ་ཞིང་། ཟས་ཀྱི་ཕུད་དང་གོས་ཀྱི་རྩེ་ཡོངས་རྫོགས་གཅིག་ཏུ་སྤྱོད་པར་བྱེད། སྤྱི་ཚོགས་ཁྲོད་ཀྱི་གུ་ཡངས་དང་སྒམ་དཀྱེལ་སོགས་ཐ་སྙད་འདི་དག་ཁ་ལ་འབྲལ་མེད་དུ་ཡོད་མཁན་མང་དག་ཅིག་ནི་དེ་ལྟ་མ་ལགས་ཏེ། ལྟ་གྲུབ་ཀྱི་རྩོད་གླེང་ཅུང་ཟད་བྱས་ན་ཤ་འཁོན་གྱི་འདུ་ཤེས་འཛིན་ཅིང་། རང་ཉིད་ཀྱི་བསམ་མནོ་གཏོང་སྟངས་དང་མི་འཚམས་པའི་སྤྱོད་པ་སྣ་གཅིག་སྒྲུབ་ན་བརྩེ་བ་ལ་རྒྱབ་གཏོད་པར་བྱེད་པས། ལྟ་བ་ནི་ལྟ་བ་དང་བརྩེ་བ་ནི་བརྩེ་བ་རུ་འཇོག་མཁན་གྱི་གུ་ཡངས་ཀྱི་མི་བུ་ཞིག་ནི་མཐོང་བར་ཤིན་ཏུ་དཀོན་ཏེ། ཐ་ན་དྲྭ་ཐོག་ནས་ས་དང་གནས་ཀྱི་ཁ་ཆད་བཞག །དུས་དང་ཡུན་གྱི་ཚད་ཤིང་བགོས་ནས་ལྟ་གྲུབ་ཀྱི་མཐར་ཐུག་ཁུ་ཚུར་གྱིས་ཐག་གཅོད་པར་བགྲོ་མཁན་ཡང་མང་དུ་བྱུང་བ་དེའོ། །དེ་བས་ངས་ནི་མི་ལོ་དེ་གའི་རིང་ཆོས་རའི་ཁྲོད་ཀྱི་དཔུང་རྗེན་དེ་དག་བཞིན་ལྟ་གྲུབ་མི་མཐུན་པར་རྩོད་གླེང་ཅི་ནུས་བྱེད་ཅིང་ད་དུང་བརྩེ་བས་འགྲོག་གིན་འགྲོ་ཆོག་པའི་གྲོགས་པོ་ཞིག་ཁྱོན་ནས་རྙེད་མ་སོང་སྟེ། ལམ་བུ་འདི་ནས་གྲོགས་མེད་ཁེར་རྐྱང་གི་ཚོར་བ་ཞིག་ཀྱང་ངང་གིས་བྱུང་།
ཁོ་བོ་ནི་མི་ཚེའི་སྟོད་དུ་གྲུབ་མཐའ་མི་འདྲ་བའི་གྲྭ་ས་མང་དུ་ཕྱིན་ཅིང་ལྟ་གྲུབ་མི་མཚུངས་པའི་ཆོས་ཀྱི་སློབ་དཔོན་མང་དུ་བསྟེན། ཡིག་ཆ་འདྲ་མིན་ལ་ཐོས་བསམ་བྱས་ཏེ་རང་བློས་ཆུན་ཚོད་ཀྱིས་ཞུན་བརྡར་བཏང་། རྗེས་སུ་སྤྱི་ཚོགས་ཁྲོད་ནས་ཀྱང་ལྟ་གྲུབ་སྣ་མང་གི་མི་དང་གྲོགས་སུ་འགྲོགས་ནས་ཡོང་བ་ཡིན་པས་རང་ལྟ་ལ་ཞེན་པ་མེད་པ་ནི་རྫུན་དུ་ངེས་ནའང་། གཞན་ལྟ་ལ་སྡང་བ་མེད་པ་ནི་ལག་ལེན་གྱིས་དཔང་པོ་བྱས་ནས་ཡོད་དེ། འདི་དག་ཀྱང་ར་སྐོར་གཅིག་གི་ཁོར་ཡུག་ལས་མ་བརྒལ་ཡང་ར་སྐོར་གཞན་ལ་སྡང་ཞུགས་མེད་པའི་སློབ་དཔོན་དཔུང་རྗེན་འགའ་ཞིག་གི་ཤན་དང་རྒྱུན་ཡིན་པ་ནི་གོར་མ་ཆགས་སོ། །
༣ རང་ལྟ་མཆོག་འཛིན།
མི་ཚེ་ནི་ཆུ་བོ་བཞིན་འགྲོས་མྱུར། མི་སེམས་ནི་ཆུ་དབྱིབས་བཞིན་འགྱུར་རྐྱེན། ཡིད་ཀྱི་ལྟ་གྲུབ་ནི་ཆར་དུས་ཀྱི་སྤྲིན་པ་བཞིན་གསོབ་ནའང་། རང་ལྟ་མཆོག་འཛིན་ནི་ཆར་སྤྲིན་གྱི་བང་རིམ་བཞིན་རྔམས་མཐུག །མི་ཀུན་གྱིས་རང་བློ་ཁབ་མིག་ཙམ་པོའི་ཚད་ཤིང་ཐུང་ངུ་འདི་ལག་ཏུ་བསྣམས་ནས་སྲིད་ཁམས་ཆེན་པོའི་ཕྲེད་ཞེང་ཆ་ཚང་ལ་ཚད་ཐིག་འདེབས་ཤིང་། རང་ལྟ་མཆོག་འཛིན་གྱི་འགྱུར་ཤེལ་ཆུང་ངུ་ཞིག་གདོང་ལ་གོན་ནས་མི་ཡི་ལྟ་གྲུབ་ཀྱི་ཁ་དོག་ཡོད་དགུ་ལ་གོང་ཐང་གཅོད། བྱིས་བློ་ནི་ཁེབ་ཆུང་། ཤེས་བྱ་ནི་རྒྱ་ཆེ། རང་འདོད་ནི་སྦུག་དོག །མོས་པ་ནི་གྲངས་མང་བས། མཁས་དབང་དགེ་ཆོས་ཀྱིས། “རི་བོང་རྩྭ་ཟན་སྤྱང་ཀི་ཤ་ཟན་གཉིས། །ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་བ་ལས། །རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ། །རང་རང་སོ་སོའི་སྤྱོད་པ་བསྐྱངས་ན་ལེགས། །”ཞེས་གསུངས་པ་ལྟར་འགྲོ་བ་ནི་འགབ་མོད། མི་རྣམས་ནི་དེ་ལྟ་མིན་པར“ང་ཡི་ལྟ་གྲུབ་ལྟར་མ་སོང་ན་གཞན་གྱི་བསམ་ཚུལ་ནི་ལོག་པའོ”ཞེས་དཔྱས་ཤིང་། རང་བློ་ཆུང་ངུ་དེས་འཇིག་རྟེན་ལ་ལམ་སྟོན་བྱེད་རྒྱུ་ཞེས་ཨུ་ཚུགས་བྱེད་ཅིང་རྩོད་གླེང་བགྱི།
རྩོད་གླེང་བགྱི་བའི་དུས་སུའང་དྲང་བདེན་ཟེར་བའི་ཐ་སྙད་དེ་ནི་སུས་ཀྱང་ཚིག་གི་མགོ་སྔ་ཀུན་ཏུ་སྦྱོར་ཞིང་། ལྷག་བསམ་སྐད་པའི་ཐ་སྙད་དེ་ཡང་ཀུན་གྱི་ལྕེ་ལ་འབྲལ་མེད་དུ་འབྱར་ནས་ཡོད་མོད། རྣ་བར་འཇེབས་པའི་ཐ་སྙད་དེ་དག་མར་བཤུས་ཏེ་སྐད་ཆའི་མགོ་སྔ་ཚང་མ་ལྷུ་རུ་བསྒྲིགས་པར་བྱས་ན་དོན་གྱི་འབབ་ས་ནི་རང་ལྟ་མཆོག་འཛིན་ཙམ་ལས་ཆེས་ཆེར་མེད་དོ། །དྲང་བདེན་དང་ལྷག་བསམ་སྐད་པའི་ཐ་སྙད་སྙན་སྙན་མོ་འདི་དག་གིས་བསླུ་བྲིད་བཏང་བ་ནི་བླུན་པོ་རེ་གཉིས་ཙམ་དུ་ཡང་ག་ལ་ཟད་དེ། ལོ་རྒྱུས་ཀྱི་མེ་ལོང་ཆེན་པོའི་སྒེའུ་ཁུང་ལས་བལྟས་ན་མཐོ་བ་རྒྱལ་པོ་ནས་དམའ་བ་སྤྲང་པོ། ཆེ་བ་མི་རིགས་ནས་ཆུང་བ་མི་བུ་སྒེར་བའི་བར་བསླུ་བྲིད་བཏང་བ་ཆེས་མང་ཞིང་། གཡོ་འོག་ཏུ་ཚུད་པ་རབ་ཏུ་འབེལ་བོ་མཐོང་དུ་ཡོད་པས། དྲང་བདེན་དང་ལྷག་བསམ་ཞེས་པའི་ཐ་སྙད་འདི་དག་ལས་གཉན་ཞིང་ཟབ་པའི་མི་རྣམས་བསླུ་བྲིད་གཏོང་བའི་ནག་ཅན་ཞིག་ཀྱང་ཁྱོན་ནས་མེད་པ་འདྲའོ། །
དེ་ལྟར་སོ་སོའི་ལྟ་བ་དམ་ཧྲེག་གེ་བ་རེ་རེ་བཟུང་ནས་ཕན་ཚུན་དཔྱས་རེས་བྱེད་ཅིང་། དགག་སྒྲུབ་ཀྱི་རྣོ་སོ་གཏིང་ནས་སྤྲུགས་པའི་ཁུལ་དུ་བྱས་ནའང་མཐར་ཐུག“ཆོས་ཅན་མཐུན་སྣང”གཅིག་གི་སྟེང་དུ་འབབ་ཡོང་བ་དེ་འདྲ་ཡང་ཁྱོན་ནས་མེད་ལ། ང་ཡི་འདི་ནི་བདེན་པའོ་ཞེས་ལུང་དང་རིགས་པའི་གཏན་ཚིགས་ག་ཚོད་བསྟན་ཡང་མཐར་གཏུགས་ན“སོ་སོའི་བློ་མིག་ཆུང་ངུ་འདིར་རྣམ་གཞག་འདི་ལྟར་བྱས་ན་བདེ་བར་སྣང”ཞེས་བདེན་རྫུན་ཡོད་ཚད་ཀྱི་དཔང་པོ་རང་བློ་ཆུང་ངུ་འདི་ཡིས་བྱས་པ་ཙམ་ལས་མེད་དེ། འདི་ཡང་མཁས་དབང་དགེ་ཆོས་ཀྱིས། “དོན་ལ་སེང་གེའི་དཔང་པོ་ལ་སྟག །སྟག་གི་དཔང་པོ་ལ་གཡག །དེའི་དཔང་པོ་ལ་ཁྱི། ཁྱི་ཡི་དཔང་པོ་ལ་བྱི་ལ། བྱི་ལའི་དཔང་ལོ་ལ་འབུ་བཙུག་འདུག་པས་ཐམས་ཅད་ཀྱི་དཔང་པོ་མཐར་ཐུག་དེ་འབུ་ལ་བྱེད་པར་འདུག །”ཅེས་གསུངས་པའི་ངང་ཚུལ་ལས་མ་འདས་སོ། །འདི་ནི་ཚད་བཅས་ཀྱི་རང་བློ་ཚད་ཤིང་བྱས་ཏེ་ཚད་མེད་ཀྱི་ཤེས་བྱ་ལ་གོང་ཐང་གཅོད་པའི་འཁྲུལ་འབྱམས་ཀྱི་ཀློང་དུ་རྒྱུ་སྟངས་ཤིག་སྟེ། མཐར་གཏུགས་ན་ནི་སླར་ཡང་མཁས་དབང་དགེ་ཆོས་ཀྱིས། “ཡོད་མེད་བློ་ཡིས་བཞག་པའི་ཤེས་བྱ་དང་། །བདེན་རྫུན་ཡུལ་ལ་ལྟོས་པའི་ཚད་མ་གཉིས། །གཅིག་གི་རྫུན་ཁུངས་གཅིག་ལ་བརྟེན་མཐོང་ནས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །”ཞེས་ཐ་སྙད་ཚད་གྲུབ་ཀྱི་བེའུ་རྡང་གཏོར་སྟངས་དང་ཡང་འདྲ་བ་ཉིད་དོ། །
མིག་ནི་རང་ཉིད་མཐོང་བྱེད་མིན་པར་གཞན་ལ་ལྟ་བྱེད་ཡིན་པས་ཅི་ལ་མིན་ཏེ། ཡོད་ཚད་ཀྱིས་གཞན་གྱི་ལྟ་སྤྱོད་ལ་གོང་ཐང་གཅོད་ཅིང་། ཐམས་ཅད་ཀྱིས་གཞན་གྱི་ལེགས་ཉེས་ལ་ཁ་རྨས་གཏོང་བ་ལས། རང་གི་ལྟ་གྲུབ་འདི་འགྲིག་མིན་དང་སྤྱོད་པ་འགབ་མིན་ལ་ནི་རང་ཅག་སུས་ཀྱང་མནོ་བར་མི་བྱེད།
སངས་རྒྱས་གཉིས་པར་གྲགས་པའི་མཁས་པ་ཆེན་པོ་གང་གིས། “རྩོད་པའི་རྩ་བར་གྱུར་ཕྱིར་དང་། །”ཞེས་ཚོར་འདུ་གཉིས་ནི་རྩོད་པའི་རྩ་བར་གསུངས་པ་ནང་བཞིན་ཏེ། ཚོར་བ་རྩོད་པས་ནི་མི་ལུས་ཁྲག་ལ་སྦྱོར་བར་བགྱི་ཞིང་། འདུ་ཤེས་རྩོད་པས་ནི་མི་སེམས་ཐལ་བར་གཏོར་བར་བྱེད་དོ། །ཁྱིམ་པས་ཚོར་བ་རྩོད་ཅིང་རབ་བྱུང་བས་འདུ་ཤེས་རྩོད་པར་གསུངས་པ་དེ་ཡང་གནའ་སྔ་མོའི་དོན་དག་ཅིག་སྟེ། དིང་སང་ནི་ཀུན་ཀྱིས་ཐམས་ཅད་རྩོད་པར་བྱེད་ལ། འདུ་ཤེས་ནི་ལུང་རིགས་ཀྱིས་རྩོད་ཅིང་ཚོར་བ་ནི་མདའ་མདུང་གིས་རྩོད་པར་བཤད་པ་དེ་ཡང་རྫོགས་ལྡན་དུས་ཀྱི་སྐད་ཆ་ཞིག་སྟེ། དིང་སང་ནི་ཁྲིམས་དང་བཙོན་ཁང་མེད་པའི་དབང་དུ་ན་ལུང་རིགས་ཀྱི་ཚབ་ཏུ་འབར་རྡེལ་མཚོན་ཆ་བཀོལ་བར་ཡང་ཐེ་མི་ཚོམ་པར་འདུག་གོ །
2025.5.4ཉིན་དྷཱི༔ལྷ་ལྡན་གྱིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *