<<མེ་ཏོག་ལྷ་མཛེས་དང་རེ་སྒུག>>
རྩོམ་ཡིག་འདི་ཐེངས་ 13 བཀླགས་འདུག
<<མེ་ཏོག་ལྷ་མཛེས་དང་རེ་སྒུག>>
མེ་ཏོག་ལྷ་མཛེས།
རང་ལོ་དྲུག་ཙམ་ལོན།
ན་ཚོད་ཕྲ་མོ་དེ་འཆར་ཡན་ཕྲ་མོས་སྐྱེད།
བྱིས་སྒྲུང་ཀློང་ནས་རང་གིས་འཇིག་རྟེན་ཞིག་བསྐྲུན།
རྟག་པར་རྒྱལ་སྲས་ཤིག་རང་ཉིད་ལེན་དུ་ཡོང་ན་སེམས།
མེ་ཏོག་ལྷ་མཛེས།
མོ་ལོ་བཅོ་བརྒྱད་ལ་བསླེབས།
ལང་ཚོ་གསར་པའི་གཞོན་ཤ་རྒྱས།
གློག་བརྙན་གྱི་གཏམ་རྒྱུད་ལས་བློ་རིག་སྨིན།
རྒྱུན་དུ་རང་ཉིད་སྐྱོབ་མཁན་གྱི་དཔའ་བོ་ཞིག་འོང་བར་རེ།
མེ་ཏོག་ལྷ་མཛེས།
ལོ་གྲངས་སུམ་ཅུ་སོ་དྲུག་ལ་སོན།
དར་བབ་ཡལ་ལ་ཉེ་ཡང་ཨ་མ་རུ་གྱུར།
ལོ་རྒྱུས་ལ་དོ་སྣང་འཕར་ཞིང་ཆབ་སྲིད་ལ་དབྱིངས་ཀྱང་ཞུགས།
ནམ་ཞིག་དཔོན་བཟང་བསླེབས་ནས་རང་གི་དབུལ་ཕོངས་སེལ་བར་སྒུག
མེ་ཏོག་ལྷ་མཛེས།
ད་ནི་ལོ་རྒན་བདུན་ཅུ་དོན་གཉིས་སུ་བགྲེས།
རེ་སྒུག་བཅང་རྒྱུ་དེ་ད་དུང་ཡང་མི་གློད།
ཚེ་མཐའ་ཆོས་དང་དགེ་བས་སྡུད་པར་བརྩོན།
རང་ཉིད་འདྲེན་པའི་གྲུབ་ཐོབ་ཅིག་ད་མོད་དུ་བྱོན་ན་སྙམ།
— འབུམ་རམས་པ་དགེ་བཤེས་ཆོས་འཁོར་ཚང་།
༢༠༢༥།༠༤།༢༡ པཱ་རག་(Prague)ནས།
བསམ་ཚུལ་ཕྲིས།