མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག་ལ་བསྟོད་པ་མ་བཅོས་སེམས་ཀྱི་མགྲིན་གླུ།
རྩོམ་ཡིག་འདི་ཐེངས་ 42 བཀླགས་འདུག
____ གླིང་ཚང་ཕྲིན་ལས་མཐར་ཕྱིན།
ཡིད་འོང་རྣམ་མཛེས་ཆུ་སྐྱེས་སྟོང་ལས་ལང་ཚོའི་འཇོ་སྒེག་མཚར་མོ་མ།།
སྙན་འཇེབས་རྒྱུད་མངས་དབྱངས་ལ་སྒྲུན་ཞིང་གླུ་ཡི་འགྱུར་ཁུག་འགུག་མཁན་མོ།།
ཀུན་ནས་མཛེས་ཤིང་ཀུན་ཏུ་སྙན་པའི་དཔལ་དང་ཕུན་ཚོགས་ཡོངས་རྫོགས་པ།།
སྙན་པའི་ངག་ལ་རང་དབང་སྟེར་མཛད་དབྱངས་ཅན་མ་ཡིས་དགེ་ལེགས་སྩོལ།།
བསྟན་འགྲོའི་ཁུར་ཆེན་ཕྲག་ཏུ་བཏེག་པའི་ཡབ་རྗེ་གྲུབ་དབང་བླ་མ་ཡི།།
མཛད་རྗེས་གསེར་གྱི་ལྷུན་པོའི་སྤོ་ལ་འོད་ཟེར་མདངས་ཀྱིས་བརྒྱན་པ་སྟེ།།
བསྟན་པའི་ཀ་ཆེན་གྱེན་དུ་སྒྲེང་ལ་དཔུང་རོགས་གྱད་སྟོབས་ཆེ་བ་པོ།།
དུས་ཀྱི་སྟོན་པའི་བསྟན་པ་སྤེལ་བར་བསམ་བཞིན་གྲོགས་དན་བྱོན་པ་འོ།།
ཤར་ནུབ་མི་ཡིས་མིག་འབུར་གཏོད་ས་ཡིད་བཞིན་ནོར་གྱི་མཚན་འཆང་བ།།
མཁས་ཀྱང་མཁས་ལ་གྲུབ་ཀྱང་གྲུབ་པས་སྐྱེས་ཆེན་རླབས་ཆེན་མི་ཆེན་སོགས།།
སྙན་པའི་གྲགས་པ་གནམ་གྱིས་མ་ཁྱོག་གོ་ལའི་ཁྱིམ་དུ་ལྷུང་བ་ན།།
བྱང་ནས་ལྷོ་རུ་རྡོ་ཟམ་བཙུགས་ཏེ་ཕྲིན་ལས་ཁ་ལོ་ཕྱོགས་བཅུར་བསྒྱུར།།
མཁས་ཚུལ་མི་སྙོད་མདོ་སྔགས་འཆད་ལ་ཆགས་ཐོགས་མེད་པས་བདེན་དཔུང་བྱེད།།
བཙུན་ཚུལ་མི་རྗོད་དུས་ཀྱི་ཁུག་པར་ཚུལ་ཁྲིམས་དྲི་ངད་འཐུལ་ལ་ལྟོས།།
བཟང་ཚུལ་མི་བཤད་སྣ་མང་སྐྱེ་དགུས་ལྷ་ཡི་ལྷ་བཞིན་བཏུད་ཅིང་གུས།།
བསྟོད་ཅིང་བསྟོད་ན་ཡོན་ཏན་བརྙེད་པ་མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག།
གསལ་དག་སྡེབས་ཀྱི་ཐིག་ཚད་མ་བརྒལ་རྣ་བའི་བུ་ག་བརྟོལ་ནས་འགྲོ།།
ཟབ་རྒྱས་ཟུང་གསུམ་གོ་རིམ་མ་འཆོར་སེམས་ཀྱི་ཁོང་དུ་འཛུལ་ཏེ་ཡོང་།།
ཡོ་འཁྱུག་ནོར་བའི་གཤིས་ཀྱང་མ་མཆིས་ཉག་ཉོག་གཏམ་གྱི་བསྲེ་བསླད་མེད།།
འཆད་པའི་རྩལ་ལ་རྣོ་ངར་ལྡན་པས་ཉོབ་དང་ངལ་སོགས་རྩད་ནས་འཇོམས།།
གཏན་ཚིགས་རིག་པའི་འགྲོ་ཚུལ་འཆད་ན་ཕྱོགས་གླང་ཡབ་སྲས་དངོས་བྱོན་རེད།།
སྐྱེ་མེད་རིག་པ་གཏིང་ནས་བསྔོགས་ན་ཀླུ་སྒྲུབ་གསོན་པོ་ཕེབས་དང་མཚུངས།།
རྫོགས་ཆེན་སྡེ་གསུམ་དགོངས་ཀློང་བརྡོལ་བས་སློབ་དཔོན་པདྨའི་ངང་ཚུལ་འཛིན།།
ཟབ་ཅིང་ཕྲ་བའི་ཆོས་ཚུལ་འཆད་ལ་ལྗགས་བརྒྱར་སྤྲུལ་པ་ཐེངས་གཅིག་མིན།།
བརྒྱུད་པའི་མན་ངག་དྲོད་རླངས་མ་ཡལ་བྱིན་རླབས་འོད་མདངས་ཤིགས་སེ་ཡོད།།
ཐུགས་བརྩེའི་ཆར་ཆུ་དུས་དང་དུས་སུ་འབབ་པ་རྒྱ་མཚོའི་གཏེར་དུ་གྱུར།།
རིན་ཆེན་ནོར་དང་དཔག་བསམ་འདོད་འཇོ་དཔེ་དང་བརྡ་རུ་དྲངས་གྱུར་ན།།
ཡིད་གཉིས་ནེམ་ནུར་སྤུ་ཙམ་མེད་པར་སྤོབས་དང་གདེངས་ཀྱིས་ཁྱེད་ཉིད་འབོད།།
ཕྱི་ཚུལ་རྫིག་པོའི་བླ་བྲང་མེད་ཀྱང་སློབ་ཚོགས་མ་བོས་རང་འཁོར་རེད།།
ཆེ་ཆེ་ཁྲི་ཡི་གཙོ་བདག་མིན་ཡང་གཙུག་ཏུ་བཀུར་བའི་དད་ལྡན་མང་།།
ཟོག་པོ་རྫུན་གྱི་བསླུ་བྲིད་མེད་ཀྱང་རྗེས་འབྲང་ཉིན་ལྟར་ཇེ་འབེལ་རེད།།
གང་ལྟར་ལོ་ཟླ་འདི་ཤེད་ཅིག་ནས་བདག་ཀྱང་གློ་བ་གཏོད་ས་ཉིད།།
བདེན་པའི་དོན་ལ་དཔྱོད་པས་ཟུར་བརྒྱན་སྙན་པའི་གདངས་སུ་སྦྱར་བ་འདི།།
ཕྱོགས་དང་རིས་ཀྱི་རླུང་ལ་མ་བསྐུར་གཟུར་བོའི་མིག་གིས་བལྟས་ཏེ་བཏབ།།
ངོ་སྲུང་ཟས་ཕྱིར་སྤྲེལ་ལད་མ་ཡིན་བཅོས་མིན་སེམས་ཀྱི་དད་འདུན་ཡིན།།
ཚོར་བའི་གཏིང་དང་དམར་པོ་སྙིང་གིས་གུས་ཤིང་བཀུར་ས་ཁྱེད་ཉིད་ཡིན།།
2020 / 04 / 04 ཉིན།
བསམ་ཚུལ་ཕྲིས།