དིང་རི་ལ་ཕུལ་བའི་སྙན་ངག
རྩོམ་ཡིག་འདི་ཐེངས་ 3 བཀླགས་འདུག
– – – དིང་རི། དིང་རི། – – – སྙན་བཟང་གཡུང་དྲུང་ཚེ་རིང་།
དགུན་འཁྱག་གྲང་མོ་འདིའི་ནང་དུ།
དིང་རིའི་ས་གས། ཁང་པ་བརྡིབས།
རྩིག་གྱང་གི་བར་སྲུབས་ནས། སྙིང་ཉེ་བའི་ངོ་གདོང་མངོན།
ངུ་སྐད་མཆེད། ཁྲག་དམར་བརྡོལ་བས།
དིང་རིའི་ལས་དབང་ལ་ཤ་ཚ་བྱེད་མཁན་ཇེ་མང་དུ་སོང་།
སྐྱི་གཡའ་བའི་ས་ཡོམ་འདིས།
གཞས་པ་གཞས་མ་ཚོའི་གླུ་སྐད་ཆད། སྙན་ངག་པའི་རྩ་མདུད་གྲོལ།
ཕྱུག་པོ་ཚོའི་གཏོང་ཕོད་ཇེ་ཆེར་ཕྱིན་པས།
དིང་རི་བ་ཚོ་སྐྱོ་དགོས་དོན་མེད།
དིང་རི་བའི་མིག་ཆུ་ང་ཚོའི་སེམས་ཁོང་དུ་འཁྱིལ།
ང་ཚོ་དིང་རི་དང་མཉམ་དུ་འགྲེང་ཡོད།
སྙིང་ཐག་པ་ནས་དིང་རི་བར་ཤ་ཚ་བྱེད་མཁན་ཚོའི་ཁྲོད་དུ།
གདོང་འབག་གྱོན་ནས་ཟློས་གར་འཁྲབ་མཁན་མང་ཡང་།
རང་བྱུང་གི་འཇིགས་པ་འདིས།
བོད་མིའི་དཔུང་རྡང་གཅིག་ཏུ་སྦྲེལ།
ལ་རྒྱའི་ཁ་ཕོ་སྒྲོག་མཁན་ཇེ་མང་དུ་གྱུར།
དེ་ལྟ་ནའང་། མི་རིང་བར།
ཟང་ཟིང་འདི་དལ་གྱིས་འཇགས་ཤིང་།
ས་རྡུལ་སྟེང་གི་མིག་ཆུའང་བསེད་པར་འགྱུར་ནའང་།
ཉིན་ཞིག །ཡར་ཀླུང་གཙང་པོར་ཆུ་རགས་བཟོས་ཏེ།
གཙང་པོ་ཆེན་པོ་འདི་ལྷོག་ལྷོག་ཏུ་འཕྱུར་བའི་དུས་ཤིག་བྱུང་ཚེ།
དིང་རི་བ་ཚོས་ཅི་ཞིག་བྱེད་དགོས།
སྐབས་དེར། དིང་རི་བར་སྙིང་ཉེ་མཁན་སུ་ཞིག་ཡོད།
ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ པའི་ཚེས་ ༡༢ ཉིན་ཁོ་བོས་དིང་རི་དང་འབྲེལ་བའི་རྩོམ་ཡིག་ཅིག་འབྲི་བཞིན་སྙན་ངག་འདི་འཕྲལ་དུ་བྲིས་སོ།།
བསམ་ཚུལ་ཕྲིས།