དིང་རི་ལ་ཕུལ་བའི་སྙན་ངག
རྩོམ་ཡིག་འདི་ཐེངས་ 6 བཀླགས་འདུག
སེམས་པ་མཁྲེགས་ཙམ་གནང་རོགས་ཕུ་ནུ་ཚོ།
ལམ་བཟང་པོ།
འཛམ་གླིང་མི་ཡི་བྱ་བྱེད་མང་བ་ཡིན་ནམ།།
ད་ཞག་འབྱུང་བཞིའི་བཟོད་པ་མཐའ་ཅན་གྱུར་འདུག།
ས་ཆེན་ཁྲོས་པའི་རལ་པ་སྟོབས་ཀྱིས་གསིགས་ཏེ།།
ཁང་ཁྱིམ་སྟོང་ཕྲག་ཐལ་བའི་ཀློང་དུ་བརྡལ་སོང་།།
རྐྱེན་ངན་ཐོག་ཏུ་འབབ་ས་གཉོམ་ཆུང་འགྲོ་བ།།
བཟའ་མི་བུ་ཕྲུག་འདི་ཕྱི་ཁ་ཁ་ཕྲལ་ཏེ།།
དིང་རི་བ་ཡི་ངུ་ངག་གནམ་ས་བསྲེས་སོང་།།
སྙིང་བརྩེའི་མགོན་སྐྱབས་ཞེས་པ་གང་ཞིག་ཡོད་དམ།།
རོགས་སྐྱོར་བ་ཡི་ཐད་གཏོང་སྒེའི་ཁུང་དེ་ནས།།
སྙིང་ཤ་འཁྱག་པོས་མིག་ཟུང་ཅེར་ཅེར་བྱས་པས།།
རས་གུར་མཐའ་རུ་གྲང་འདར་རྒྱག་པ་མཐོང་བྱུང་།།
ཁང་རོའི་གསེང་ནས་ངུ་སྐད་གྲག་པ་ཐོས་བྱུང་།།
མགྱོགས་ཐུག་བཟུང་བའི་བྱིས་པ་རྒན་འཁོགས་དེ་ཚོ།།
དཀའ་སྡུག་འདི་འདྲ་བྱས་པ་ཅི་ཡིས་ཉེས་སམ།།
དགུན་ངར་ནང་དུ་རང་ཁྱིམ་ཐལ་བ་འགྱུར་དུས།།
དེ་རིང་འཚོས་ཀྱང་སང་ཉིན་ཅི་ཞིག་བྱ་འམ།།
མི་ཚོགས་རྣམས་ཀྱི་རྣམ་འགྱུར་ཡིད་ལ་དྲན་བཞིན།།
དྭ་ཕྲུག་དེ་ཚོའི་ཚུགས་ཀ་སེམས་ལ་འཁོར་བཞིན།།
གྱང་རོ་དག་གི་འགྱེལ་སྟངས་མིག་ལ་འཆར་བཞིན།།
དབང་མེད་མིག་ཆུ་ཤོར་བ་ལན་གཅིག་མ་ཡིན།།
མཚོ་འཕགས་ལྔ་སྟོང་བརྒལ་བའི་ས་མཐོ་དེ་རུ།།
གྲང་ལྷགས་རལ་ཁ་འགྲན་པའི་དགུན་གྱི་གཡུལ་སར།།
རང་རེའི་བརྩེ་བའི་མེ་ཕུང་མཉམ་དུ་སྒོང་དུས།།
ཁྱེད་རྣམས་མ་ཟད་བདག་སེམས་དྲོས་ཙམ་བྱུང་སོང་།།
དུས་རྒྱུན་སེམས་བཟང་དཀོན་འདྲའི་མི་རིགས་འདི་ལ།
འགག་རྩའི་སྐབས་སུ་སེམས་བཟང་དངོས་དེ་འདུག་ཅེས།།
གྲོང་དེ་ཡིན་ནམ་དེ་ཡི་ཉེ་འཁོར་མི་ཡིས།།
ངེས་པ་རྙེད་པའི་སྐད་ཆ་རྣ་བར་སྙན་བྱུང་།།
མདོ་དབུས་ཁམས་ཀྱི་རིགས་ཞེན་སྤུན་གྲོགས་རྣམ་པས།།
རྒྱུན་ཆད་མེད་པར་རོགས་རམ་བྱ་རྩིས་འདུག་ཀྱང་།།
འགྲོ་ས་འདུག་སའི་ལམ་ལ་ཚད་ཐིག་བཟོས་ཏེ།།
དཀའ་སྡུག་མྱོང་བའི་མི་དང་འཕྲད་རྒྱུ་བཀག་འདུག།
ཏང་གི་ཁྱབ་བསྒྲགས་ཨང་ཀིའི་གྲངས་ཀ་མང་གདའ།།
ནམ་མཁའི་ཁམས་ལ་བྱ་ཙམ་ཡོད་པར་སྣང་ཡང་།།
ཡུལ་མིའི་ལག་ཏུ་བྱིའུ་ཙམ་ཨེ་འབབ་སྙམ་གྱི།།
མ་གཞི་རྗེས་ཀྱི་འབྲས་བུ་ག་ལེར་ལྟ་ཆོག།
ས་ཡི་ནོར་བརྐུས་ཆུ་ཡི་བཅུད་དག་བཏུངས་ཤིང་།།
དབུལ་ཞྭ་ཕུད་ཅེས་དྲིལ་བསྒྲགས་ཅི་འདྲ་བཤད་མྱོང་།།
ད་རེས་རྫུན་གྱི་ཁུག་མ་འབྱུང་བས་བརྟོལ་དུས།།
ཅི་ཞིག་བྱེད་རྒྱུ་ཡོད་ན་བྱེད་ཚོད་ཡིན་ཨ།།
ཏང་གི་གསར་ལམ་གཞུང་གི་དྲིལ་བསྒྲགས་བྲེལ་འདུག།
ཏང་གི་ལས་བྱེད་རྒྱུ་དང་ནོར་ལ་རྔམ་ངེས།།
ཏང་གིས་བརྒྱབས་པའི་ལྕགས་ཀྱི་ཁང་ཆུང་དེ་ཚོ།།
ཏང་ཡོན་ཡིན་ཡང་དགུན་ལ་ཚུགས་ས་མ་རེད།།
རང་རེའི་སྤུན་གྲོགས་རྣམས་ཀྱི་ལྷག་བསམ་ལ་རྒྱས།།
ས་ཐག་མ་འཛེམས་ས་ཡུལ་དངོས་སུ་ཆས་ཏེ།།
ཕྱི་གསལ་ནང་གསལ་རོགས་དང་ཐད་གཏོང་མིན་ན།།
གནས་ཚུལ་དངོས་དེ་སུ་ཡིས་མཐོང་ཐབས་དཀའ་བ།།
དཀའ་སྡུག་ཐོད་དུ་ལྷུང་ཚེ་རང་རེ་བ་ཡི།།
བརྩེ་སེམས་ལ་རྒྱ་ཟེར་བ་མངོན་རྒྱུ་ཡོད་པས།།
འཕྲལ་གྱི་རྐྱེན་ངན་འདྲ་མིན་ཅི་འདྲ་འཕྲད་ཀྱང་།།
ཁེར་རྐྱང་མ་རེད་གདོང་དམར་སེམས་པ་གཅིག་ཡིན།།
མི་ཚེ་གཅིག་ལ་སྐྱིད་སྡུག་རེས་མོས་སྣ་ཚོགས།།
མ་བསམས་ཀུན་ལ་འབྱུང་བའི་ཆོས་ཉིད་ཡིན་ན།།
ཐེངས་འདིར་འབྱུང་བས་བསྐྲུན་པའི་གོད་ཆག་འདི་ཀོ།
དིང་རི་གཅིག་ལ་མ་ཡིན་སེམས་པ་མ་ཕམ།།
ནུས་མེད་ས་མཐའི་ཡུལ་གྱི་སྤུན་གྲོགས་ང་ཡི།།
སེམས་པ་གཉོམ་པོ་ཁྱེད་རྣམས་ཕྱོགས་ལ་འཁོར་ཡོད།།
མི་འདོད་དཀའ་སྡུག་ཁུར་པོ་ཅི་ཙམ་ལྕི་ཡང་།།
ང་ཚོས་མཉམ་དུ་ཁུར་ཆོག་རིགས་གཅིག་ཕུ་ནུ།།
ངོ་བསྟོད་ཏང་ལ་མི་བྱེད་ཐབས་མེད་སྲིད་ཀྱང་།།
རང་རེའི་སྤུན་གྲོགས་བརྩེ་སེམས་ཞེ་ནས་མ་རྗེད།།
བཟོད་དཀའི་རྐྱེན་ངན་གློ་བུར་ཕྲག་ཏུ་འབབ་དུས།།
སྐྱིད་སྡུག་མཉམ་དུ་མྱོང་མཁན་རང་རེ་ཡིན་རེད།།
ལ་སྟོད་དིང་རིར་ས་ཡོམ་གྱི་གོད་ཆག་བྱུང་བའི་བརྙན་པར་འགའ་ལ་ལྟ་བཞིན་ཡིད་སྐྱོ་བའི་ངང་ནས་སེམས་ཚོར་འདི་ས་མཐའི་འཁྱམ་པོ་ལམ་བཟང་པོས་འཕྲལ་དུ་ཡི་གེར་ཕབ་བོ།།
བསམ་ཚུལ་ཕྲིས།