དིང་རི་ལ་ཕུལ་བའི་སྙན་ངག

རྩོམ་ཡིག་འདི་ཐེངས་ 24 བཀླགས་འདུག

ས་ཡོམ་ཁྲོད་ཀྱི་དིང་རི་བརྒྱ་རྩ་མ། 
ཨ་འཁོར་བསོད་ནམས་རྒྱ་མཚོ།

 ཨོཾ་སྭ་སྟི། 
ལུས་ངག་ཡིད་གསུམ་སྡུག་གི་མཚོ་མོར་འཕངས།།
ཐེངས་འདིའི་དཀའ་ངལ་ཐེག་དགོས་དིང་རི་བ།།
གློ་སྙིང་མཆིན་གསུམ་གཏིང་ནས་དཀྲུག་ཅིང་བཅད།།
སྡུག་བསྔལ་བློ་ལས་འདས་སོ་དིང་རི་བ།།
ཚེ་འདི་བཙན་གྱིས་འཕྲོག་པའི་འདས་པོ་དག།
བསམ་ན་ལྷག་ཏུ་མི་བདེ་དིང་རི་བ།།
བཟའ་ཚང་འདུས་པའི་སྐྱིད་ཀྱི་དགོད་སྒྲ་ཡང་།།
གློ་བུར་ཆད་པས་སྐྱོ་སོང་དིང་རི་བ།།
ནོར་རྫས་གང་བསགས་ཐམས་ཅད་ཅིག་ཆར་དུ།།
ཐལ་བའི་རྡུལ་དུ་བརླགས་སོ་དིང་རི་བ།།
ཕུང་བོ་ལྔ་དང་དལ་འབྱོར་མི་ལུས་ཀྱང་།།
ཐོབ་པ་སྡུག་ལ་སྦྱར་རོ་དིང་རི་བ།།
གཉེན་ཚན་མང་བོ་འཆི་དང་ན་བ་འདི།།
མཐོང་ན་མཆི་མ་མི་ཆོད་དིང་རི་བ།།
ཡུལ་གཞིས་ཁང་བ་སྐྱིད་པོའི་རྩིག་པ་ཡང་།།
ཡོངས་སུ་འགྱེལ་བས་སྐྱོ་བ་དིང་རི་བ།།
ཕ་ཡུལ་གངས་ཅན་མདོ་དབུས་ཁམས་གསུམ་གྱིས།།
གདུང་སེམས་མཉམ་སྐྱེད་བྱེད་འདུག་དིང་རི་བ།།
སྐྱེས་པ་དྲྭ་དཔོན་འབོད་པ་གཅིག་གཉིས་ཀྱིས།།
གཤིས་ངན་ལྷུང་ལ་ཕུད་སོང་དིང་རི་བ།།
གཡེང་བའི་གླུ་དང་གར་སོགས་མི་མང་གིས།།
མཚམས་འཇོག་བྱེད་དུ་བཅུགས་སོང་དིང་རི་བ།།
ལས་ཀྱི་རྣམ་སྨིན་འབྱུང་བཞིའི་འཇིག་པ་སོགས།།
སུའི་མགོར་ཡོང་བ་མི་ཤེས་དིང་རི་བ།།
བྱས་པའི་ཆོས་ཀུན་རྨི་ལམ་དཔེར་སྦྱར་བ།།
ཞིབ་ཏུ་བསམ་ན་བདེན་ནོ་དིང་རི་བ།།
གང་དང་སུ་ཡིན་མི་ཤེས་རྒྱ་རིགས་འགས།།
རོགས་རམ་འབོར་ཆེན་བྱས་སོང་དིང་རི་བ།།
འཇིག་རྟེན་འདི་ནས་སུ་ལ་རེ་མིན་ཡང་།།
བཤད་པར་དཀའ་བ་རྟོགས་སོ་དིང་རི་བ།།
ནགས་གསེབ་སྤྲེ་འུ་ལྟ་བུའི་མི་ངན་འགར།།
རིགས་ཞེན་ལར་ནས་མི་འདུག་དིང་རི་བ།།
སྐྱེ་རྒ་ན་འཆི་ཀུན་ལ་ཡོད་མོད་ཀྱང་།།
ཆགས་འཇིག་འདི་འདྲ་ཉུང་ངོ་དིང་རི་བ།།
སྐྱེ་ལུགས་འདྲ་ཡང་འཆི་ལུགས་མི་འདྲ་བས།།
བཟོད་བསྲན་སྙིང་ནས་སྐྱེད་ཅིག་དིང་རི་བ།།
འཇུས་ན་བསླུ་མེད་དཀོན་མཆོག་རྣམ་གསུམ་ཡིན།།
སྐབས་འདིར་དད་ལོག་མི་ཉན་དིང་རི་བ།།
བླ་མ་དཀོན་མཆོག་མི་འདུག་ཟེར་བའི་གཏམ།།
བདེན་པར་མ་འཛིན་ཆོས་ལྡན་དིང་རི་བ།།
གང་དྲན་ཁ་ནས་བཤད་པའི་བླུན་གཏམ་ལ།།
ནམ་ཡང་ཡིད་རྟོན་མི་རིགས་དིང་རི་བ།།
གང་ལ་ཅི་འཛོམས་དེ་ཡིས་རྒྱབ་སྐྱོར་དུ།།
རང་རང་ས་ན་འབད་འདུག་དིང་རི་བ།།
གང་ཞིག་སྒོར་ལས་ལྷག་པ་མེད་འདོད་ཀྱང་།།
ཤི་བོའི་ར་མདའ་ཆོས་ཡིན་དིང་རི་བ།།
ཁ་བདེ་ལྕེ་བདེ་སྐོར་ཞིག་ནམ་རྒྱུན་དུ།།
བཤད་ཚད་དོན་མེད་ཡིན་ནོ་དིང་རི་བ།།
ཁ་ནས་མ་ཎི་འདོན་པའི་སེམས་དཀར་ཚོས།།
གྲག་མེད་མཆོད་འབུལ་བྱེད་འདུག་དིང་རི་བ།།
ཕྱི་མའི་ཡུལ་དུ་བརྫངས་པའི་འདས་པོ་དག།
ཚུལ་འདི་མཐོང་ན་ལོས་དགའ་དིང་རི་བ།།
ཡེངས་མ་ལམ་གྱིས་བར་དོར་འདུག་ས་མེད།།
མཁོ་བ་བསྔོ་སྨོན་ཡིན་ནོ་དིང་རི་བ།།
འཆི་བདག་བདུད་ཀྱི་དབང་དུ་འགྲོ་བ་ནི།།
ངེད་ཅག་སྔ་ཕྱི་ཙམ་ཡིན་དིང་རི་བ།།
ཤི་བོའི་རྗེས་ཀྱི་གསོན་པོ་གདོང་དམར་བས།།
གཞི་གསར་ཡག་པོ་འཛིན་དགོས་དིང་རི་བ།།
ཚོང་གི་རྨ་རྩ་ཆེ་ཞེས་ཧེབ་རྒན་འགས།།
སེམས་གཏིང་མྱ་ངན་མ་ཞུས་དིང་རི་བ།།
སྒྱུ་མའི་མིག་འཕྲུལ་རྩེད་འདྲའི་ཁྲམ་སྟོན་གྱིས།།
རོང་འབྲོག་མགོ་སྐོར་བྱེད་འདུག་དིང་རི་བ།།
སེམས་པ་དཀར་བའི་བླ་གྲྭ་མི་སྐྱ་སོགས།།
ཐེངས་འདིར་དྲིན་ཆེན་མང་ངོ་དིང་རི་བ།།
རིགས་གཅིག་སྤུན་ཟླ་ཤི་གསོན་གཉིས་ཀྱི་ཆེད།།
དགོན་སྡེ་སྔོན་དུ་ཐོན་འདུག་དིང་རི་བ།།
སྡང་སེམས་འཆང་བའི་མི་བུ་སྐོར་ཞིག་གིས།།
བདེན་པ་རྫུན་དུ་བསྒྱུར་འདུག་དིང་རི་བ།།
ཕྱག་འཚལ་མཆོད་འབུལ་བྱེད་སའི་རི་ཁྲོད་ཅིག།
ས་རྡོས་མནན་པ་མཐོང་བྱུང་དིང་རི་བ།།
བཟླས་བརྗོད་སྒྲུབ་ཁང་འགྱེལ་བའི་དཀའ་ངལ་དེ།།
རང་མགོར་བབས་ན་ལོས་ཤེས་དིང་རི་བ།།
མོས་གུས་མཆོད་མཇལ་བྱེད་སའི་རྣམ་པ་དེ།།
རིག་ན་སེམས་པ་སྐྱོ་ཡོང་དིང་རི་བ།།
ལྷན་ཅིག་སྐྱེས་པའི་ཤ་རུས་རྡོ་གསེབ་ནས།།
ལུས་པའི་བརྙན་རིས་མཐོང་སོང་དིང་རི་བ།།
ཡུལ་དེར་བྱིས་པ་རྡོ་ཡིས་མནན་པ་ཞིག།
མཐོང་བས་དབང་མེད་ངུས་སོང་དིང་རི་བ།།
ནོར་དང་ཅ་དངོས་རྩིས་ཆེན་གང་ཡོད་རྣམས།།
དུམ་བུར་ཆག་པ་མཐོང་སོང་དིང་རི་བ།།
ཟས་གོས་གནས་མལ་ཡོད་ཚད་ས་ཆེན་གྱིས།།
ཡོངས་སུ་བསྣུབས་པ་ཤེས་ཡོད་དིང་རི་བ།།
སྐོམ་ཆུ་ཙམ་ཡང་ལག་ཏུ་མི་རྙེད་པའི།།
སྡུག་བསྔལ་འདི་འདྲ་སུས་བཟོད་དིང་རི་བ།།
གྲོགས་དང་རོགས་རམ་མྱུར་ཏུ་མ་ཐོན་པས།།
དཀའ་ངལ་མང་བོ་མྱངས་སོང་དིང་རི་བ།།
སྲས་མོ་འདྲ་བའི་རིགས་གཅིག་བུད་མེད་འགའི།།
ངོ་གདོང་མཆི་མས་གཡོགས་འདུག་དིང་རི་བ།།
སྟོང་གསུམ་མི་འཇེད་འཇིག་རྟེན་ཁམས་འདི་ཡི།།
སྤྱི་མཐུན་ལས་དབང་ཡིན་ནམ་དིང་རི་བ།།
དྲན་མེད་མཇབ་རྒོལ་བྱེད་པའི་ས་ཆེན་འདིར།།
དགྲ་ཤ་ལེན་རྒྱུ་མི་འདུག་དིང་རི་བ།།
ཤུགས་ཀྱིས་འདར་བའི་ས་གཡོམ་སྡིག་རྩུབ་དེ།།
ཉམ་ཆུང་བོད་ལ་བཏང་སོང་དིང་རི་བ།།
སྐུ་བཞི་སངས་རྒྱས་ཐོབ་ལ་རེ་བའི་མི།།
བོད་ལ་འདི་འདྲ་མི་འབབ་དིང་རི་བ།།
འཁོར་འདས་སྤང་བླང་རྒྱུ་འབྲས་བརྩི་བ་དང་།།
སེམས་ཅན་མ་ལྟར་བརྩེ་འོ་དིང་རི་བ།།
ཆགས་སྡང་ཆེ་ཞིང་དངོས་གཙོ་སྨྲ་བ་ཚོས།།
དེར་བརྟེན་རྒྱུ་འབྲས་མེད་ཟེར་དིང་རི་བ།།
ཆོས་སྐུ་ལ་སོགས་ལྐོག་གྱུར་དོན་དག་ནི།།
མ་མཐོང་དད་ལོག་བྱེད་དོ་དིང་རི་བ།།
རྣམ་རྟོག་ཆེ་ཞིང་སློབ་སྦྱོང་མེད་པ་རྣམས།།
བོད་ལ་ས་གཡོམ་མེད་ཟེར་དིང་རི་བ།།
ཚོར་བ་དེ་འདྲ་སྔོན་ཆད་བྱུང་མོད་ཀྱང་།།
ད་ལྟ་ཀུན་གྱིས་ཤེས་ཡོད་དིང་རི་བ།།
བག་ཆགས་རྙིང་བའི་ནང་གི་དོར་བྱ་དག།
ངེས་པར་ཤེས་དགོས་རིགས་གཅིག་དིང་རི་བ།།
འགྱུ་བའི་སེམས་འདི་ད་ལྟའི་གནས་སྐབས་སུ།།
བརྟན་པོ་འགྱུར་མེད་ཡིན་དགོས་དིང་རི་བ།།
འཛིན་མེད་རླུང་ལྟར་རྒྱུ་བའི་ཁ་འཁྲུགས་ལ།།
ཉན་རྒྱུ་གཏན་ནས་མི་འདུག་དིང་རི་བ།།
རིག་གནས་བཟང་བོའི་ཐག་པས་ད་ལྟའི་བར།།
ཆོལ་གསུམ་གཅིག་ཏུ་བསྡམས་ཡོད་དིང་རི་བ།།
ཆོས་ཉིད་གནས་ལུགས་སུས་ཀྱང་ལྡོག་མི་ནུས།།
དོན་འདིས་སྐྱོ་ངལ་སེལ་ཡོང་དིང་རི་བ།།
རྟོགས་ལྡན་སྐྱེས་བུ་ཡིན་ཡང་རྐྱེན་ངན་གྱིས།།
དཀྲོངས་པའི་ཚུལ་ལ་སོམས་དང་དིང་རི་བ།།
གསལ་སྟོང་ཟུང་མཇུག་ཐོབ་པའི་གྲུབ་ཐོབ་རྣམས།།
རེ་རེ་བཞིན་དུ་གཤེགས་སོ་དིང་རི་བ།།
སྣང་སྟོང་རོ་མཉམ་རྟོགས་པའི་སེམས་དཔའ་ཡང་།།
མྱ་ངན་འདས་ཚུལ་བསྟན་ཏོ་དིང་རི་བ།།
དྲན་པ་ཚུལ་བཞིན་གནས་པའི་བློ་ལྡན་གྱིས།།
ཞིབ་ཏུ་བསམ་ན་ལོས་ཤེས་དིང་རི་བ།།
རིག་སྟོང་ཟུང་འབྲེལ་གནང་བའི་སྒོམ་ཆེན་དག།
རྡོ་ཐོག་བྱ་བཞིན་ཕེབས་སོ་དིང་རི་བ།།
བདེ་སྟོང་དབྱེར་མེད་ལམ་འཁྱེར་མཐར་ཕྱིན་པའི།།
སངས་རྒྱས་ཞིང་དུ་གཤེགས་སོང་དིང་རི་བ།།
འཁྲུལ་སྣང་ཡིན་ན་སྙམ་པའི་ཡ་ང་འདི།།
བོད་སྤྱིའི་གྱོང་གུད་ཡིན་ནོ་དིང་རི་བ།།
བདེ་སྡུག་འདྲེས་མར་མྱོང་བའི་ངང་ཚུལ་འདི།།
འཁོར་བའི་གཤིས་ལ་བསམ་དགོས་དིང་རི་བ།།
འཁོར་སྒྱུར་བྲན་དུ་གྱུར་བའི་ལོ་རྒྱུས་ཀྱང་།།
གཞུང་ཆེན་རྣམས་སུ་གསུངས་ཡོད་དིང་རི་བ།།
ཕྱི་ནང་རྒྱབ་ཁབ་ཚན་རྩལ་རྩེར་སོན་རྣམས།།
ས་ཆུའི་འཇིག་པར་ཐབས་མེད་དིང་རི་བ།།
མ་རིག་མ་གོ་ས་ན་འདི་འདྲ་མང་།།
ངེད་ཚོ་གཅིག་བུ་ཆེད་ཡིན་དིང་རི་བ།།
འཁོར་དང་ལོངས་སྤྱོད་རྨང་ནས་གསོ་རྒྱུ་ཡོད།།
མདུན་ལ་མུ་མཐུད་བསྐྱོད་དགོས་དིང་རི་བ།།
སྐུ་གསུང་ཐུགས་རྟེན་གསར་དུ་བཞེང་ན་ཆོག།
གདུང་སེམས་ཆེས་ཆེར་མ་སྐྱེས་དིང་རི་བ།།
དལ་འབྱོར་ལུས་རྟེན་ཐོབ་པ་དོན་ལྡན་དུ།།
བྱས་ཏེ་འདས་དོན་མ་འགྱོད་དིང་རི་བ།།
ཐེག་ཆེན་བསྟན་པ་དར་བའི་གདོང་དམར་བོད།།
སེམས་རྒྱ་ཆེ་བའི་རིགས་ཡིན་དིང་རི་བ།།
ཚེ་འདི་ཙམ་ལས་མི་སེམས་རྒྱང་འཕེན་ལྟར།།
གཏན་ནས་མི་འདོད་གཞིས་རྩེ་དིང་རི་བ།།
གཞོན་ནུ་དར་མ་རྒན་པོ་གང་ཡོད་ཀྱིས།།
ཉམ་ཐག་གཅིག་བུ་མ་བསྒོམས་དིང་རི་བ།།
ཉོན་མོངས་ཀུན་འབྱུང་བདེན་པས་བསྐྱེད་པའི་འབྲས།།
སྣོད་ལ་སྨིན་པ་ཡིན་སྙམ་དིང་རི་བ།།
སྐབས་འདིར་རོགས་སྐྱོར་ཙམ་ལ་ཁ་ཡར་ནས།།
རང་དོན་སྒྲུབ་མཁན་འགའ་སྲིད་དིང་རི་བ།།
ད་རེས་འོན་ཀྱང་རྒྱ་བོད་སོག་གསུམ་ནས།།
བྱམས་སེམས་ལྡན་པ་མང་བྱུང་དིང་རི་བ།།
ཚེ་སྲོག་མ་ཤོར་གསོན་པོར་གནས་ན་ནི།།
རྒྱབ་དཔུང་མང་བས་མ་སྡུག་དིང་རི་བ།།
རྐྱེན་ངན་འདི་འདྲ་རྗེས་སོར་གོ་ལ་འདིར།།
མི་འབྱུང་གསོལ་བ་འདེབས་སོ་དིང་རི་བ།།
འཁོར་ཁྱམས་ས་རྡོ་ཤིང་གིས་བཀང་ན་ཡང་།།
ཡང་བསྐྱར་ཁང་གསར་ཕུབ་ཆོག་དིང་རི་བ།།
སྡིག་ཅན་ཟེར་ཡང་ཧེ་རྒན་མགོ་དཀར་ཚོ།།
ཐེངས་འདིར་རོགས་ལ་ཐོན་འདུག་དིང་རི་བ།།
གཡོ་ཅན་མ་ཟེར་མི་རིགས་མཐུན་སྒྲིལ་ལ།།
བསམ་ནས་ཐག་རིང་བལྟ་དགོས་དིང་རི་བ།།
མ་རིག་མུན་ནག་གློག་ལམ་ཆད་པའི་སར།།
གཞུང་གིས་སླར་གསོ་དྲིན་ཆེ་དིང་རི་བ།།
དུག་པོའི་ལྭ་དང་སྨན་བཅོས་གང་བཟང་རིགས།།
མཁོ་སྤྲོད་བྱས་པ་དྲིན་ཆེ་དིང་རི་བ།།
བརྩོས་འགྲུས་བསྐྱེད་ཚེ་ད་དུང་སྔར་ལས་ཀྱང་།།
བདེ་སྐྱིད་མྱུར་ཏུ་ཤར་ཡོང་དིང་རི་བ།།
བག་ཆགས་འགྲོགས་ཡུན་རིང་བའི་གཉེན་ཉེ་རིགས།།
བྲལ་ཡང་རིམ་གྱིས་བརྗེད་འགྲོ་དིང་རི་བ།།
སེམས་ཀྱི་སྐྱོ་སྡུག་ཟེར་བ་མི་རྟག་པས།།
འཇིག་པ་ཆོས་ཉིད་ཡིན་ནོ་དིང་རི་བ།།
ཕྱི་མར་ལམ་ཁ་ཟེར་ན་དཀའ་མོ་ཡིན།།
ཚེ་འདིར་སྐྱིད་ཀྱིས་འཚོ་དགོས་དིང་རི་བ།།
འདུས་པའི་ཐ་མ་འབྲལ་ནས་འགྲོ་སྲོལ་འདི།།
སྔ་ཕྱི་རེས་མོས་ཡིན་ནོ་དིང་རི་བ།།
གྲོགས་བཟང་ད་དུང་བསྒྲིག་ན་རྙེད་རྒྱུ་ཡོད།།
ཧ་ཅང་སེམས་འགྱོད་མ་བྱེད་དིང་རི་བ།།
སྡུག་བསྔལ་ཐོན་དུས་བཟོ་བསྲན་ཐུབ་པ་ནི།།
དཔའ་སྙིང་ཆེ་བའི་རྟགས་ཡིན་དིང་རི་བ།།
བདེ་བའི་རྒྱུ་ལ་འབད་ན་བདེ་བ་ཡི།།
འབྲས་བུ་མི་འབྱུང་གནས་མེད་དིང་རི་བ།།
དགེ་སྡིག་རྣམ་གཞག་མང་ཙམ་སྨྲས་པ་འདི།།
བསྟན་ལ་དད་པས་ཡིན་ནོ་དིང་རི་བ།།
ཨ་འཁོར་བསོད་ནམས་ང་ཡི་བཤད་མཚམས་དེ།།
འདི་གནས་སྐབས་འཇོག་གོ་དིང་རི་བ།།
ངས་ནི་ཁ་བཤད་ཙམ་གྱིས་ཅི་ལ་ཕན།།
གདུང་སེམས་མཉམ་བསྐྱེད་ཡིན་ནོ་དིང་རི་བ།།
དེ་ལྟར་རྗེ་བཙུན་དམ་པའི་ཞལ་གདམས་ལྟར།།
ཚིག་རྐང་མང་ཉུང་ཇི་བཞིན་སྦྱར་བ་འདི།།
ཐོས་ཚད་གདུང་བ་སེལ་བའི་རྒྱུར་གྱུར་ཅིག། 
    ཅེས་ས་ཡོམ་ཁྲོད་ཀྱི་དིང་རི་བརྒྱ་རྩ་མ་ཞེས་པ་འདི་ནི་ཨ་འཁོར་བསོད་ནམས་རྒྱ་མཚོས་གྲུབ་ཆེན་ཕ་དམ་པས་དིང་རི་བ་ལ་གནང་བའི་ཞལ་གདམས་དིང་རི་བརྒྱ་རྩ་མར་གྲགས་པའི་ཚིག་རྐང་གི་རིང་ཐུང་དང་མང་ཉུང་སོགས་འདྲ་བར་བྱས་ཤིང་ད་དུང་ཚིག་རྐང་གཉིས་རེ་ཡི་མགོ་མཇུག་གཉིས་ཀྱང་དིང་རི་བརྒྱ་རྩ་མ་དང་འདྲ་བར་བྱས་ཡོད།བརྗོད་དོན་ནི་ས་ཡོམ་དང་འབྲེལ་བའི་སྐད་ཆ་ལས་གཞན་གང་ཡང་སྨོས་མེད།སྨྱུག་འཛིན་པ་ཞིག་ལ་མཚོན་ན་དགའ་སྡུག་ཡོད་ཚད་སྨྱུག་རྩེར་དྲངས་ནས་བཤད་པ་དང་།གླུ་བ་ཞིག་ལ་མཚོན་ན་དགའ་སྐྱོ་གླུ་ངག་ལ་འདྲེན་པ།གཏམ་བཤད་པས་ངག་ཐོག་ནས་སྨྲ་བ་སོགས་ནི་འགྲོ་སྟངས་ཤིག་ཡིན་པས་ཅིས་མི་ཆོག  ང་ཚོའི་བོད་ཀྱི་གཏམ་དཔེ་ཞིག་ལ།ཕོ་སྐྱེས་པའི་སྡུག་བསྔལ་བཤད་ནས་དྭངས་དགོས།།མ་བུ་མོའི་སྡུག་བསྔལ་ངུས་ནས་དྭངས་དགོས།།ཟེར་བ་ལྟར།བཤད་འདོད་པའི་ཚིག་འགའ་ངལ་གསོའི་སྐབས་དང་བསྟུན་ཏེ་བྲིས་པ་ཡིན་ནོ།།  །། 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *