དིང་རི་ལ་ཕུལ་བའི་སྙན་ངག
རྩོམ་ཡིག་འདི་ཐེངས་ 2 བཀླགས་འདུག
དིང་རི་བ། ཆབ་མདོ་ཤེས་རབ།
རང་བྱུང་འཇིགས་པ་ནམ་ཡོང་ཆ་མེད་པས།།
གྲ་སྒྲིག་སྔོན་ནས་གྱིས་ཤིག་དིང་རི་བ།།
ས་ཡོམ་སྐབས་སུ་གང་བྱུང་མ་བྲོས་པར།།
བདེ་འཇགས་གནས་སུ་སྡོད་ཅིག་དིང་རི་བ།།
རྩིག་པའི་ཟུར་ཁུག་ཅོག་ཙེ་མཁྲེག་པོའི་འོག།
གབ་ནས་སྡོད་པ་མཆོག་གོ་དིང་རི་བ།།
ས་ཡོམ་སྐབས་སུ་མེ་སྐྱོན་འབྱུང་སྲིད་པས།།
གློག་དང་སྣུམ་ལ་གཟོབས་ཤིག་དིང་རི་བ།།
གལ་ཏེ་བྲོས་ན་ཐར་བའི་གདེང་ཡོད་ཚེ།།
གང་མགྱོགས་ཕྱི་ལ་བྲོས་ཤིས་དིང་རི་བ།།
གྱང་དང་ཁང་པའི་ཁྲིད་སུ་མི་འདུག་པར།།
ཐང་སྡེར་ཡངས་སར་སོང་ཞིག་དིང་རི་བ།།
གློག་སྐུད་ཆད་པའི་ཉེན་ཁ་ཆེ་བས་ན།།
རྒྱང་ནས་གཡོལ་བ་བཟང་ངོ་དིང་རི་བ།།
ས་ཡོམ་རྗེས་སུ་ས་རུད་འབྱུང་ཉེན་པས།།
རི་གཤམ་གཤོང་སར་མ་སྡོད་དིང་རི་བ།།
འཁྱགས་མཚོ་ཆུ་མཛོད་མང་པོ་ཡོད་གྱུར་ན།།
ཆུ་ལོག་དོགས་ཟོན་གྱིས་ཤིག་དིང་རི་བ།།
ཉེ་འཁོར་སྨན་ཁང་གང་དུ་ཡོད་མེད་དང་།།
བྲོས་སའི་ས་ཚིགས་ངེས་ཤིག་དིང་རི་བ།།
གསར་འགྱུར་འཕྲིན་ལམ་ཁག་ལ་ཉན་པ་དང་།།
བཀོད་མངགས་ལྟར་དུ་སྒྲུབས་ཤིག་དིང་རི་བ།།
དྲ་ལམ་གཏམ་ལ་བདེན་རྫུན་དབྱེ་འབྱེད་ཀྱིས།།
དཀྲོག་གཏམ་ཡིད་ཆེས་མ་བྱེད་དིང་རི་བ།།
རོགས་རམ་སྙད་ནས་མགོ་བསྐོར་གཏོང་སྲིད་པས།།
རྐུན་ཇག་དོགས་ཟོན་གྱིས་ཤིག་དིང་རི་བ།།
ས་ཡོམ་འགོག་པའི་ཁྲིམས་དང་ལམ་སྟོན་ལ།།
ལག་བསྟར་ནན་པོ་གྱིས་ཤིག་དིང་རི་བ།།
སེམས་ཁམས་འཕྲོད་བསྟེན་འདི་ཡང་གལ་ཆེ་བས།།
དེ་ལའང་དོ་སྣང་བྱོས་ཤིག་དིང་རི་བ།།
སེམས་ངལ་སྡུག་བསྔལ་ཆེ་ཡང་བློ་མ་འཁྲུག།
རིག་པ་དྭངས་གསལ་སྒྲིམས་ཤིག་དིང་རི་བ།།
སེམས་པ་གུ་དོག་མ་བྱེད་བློ་རྒྱ་བསྐྱེད།།
མཉམ་རུབ་ནུས་པ་སྤེལ་ཅིག་དིང་རི་བ།།
གཞན་གྱི་དཀའ་ངལ་མཐོང་ན་སྙིང་རྗེ་བསྐྱེད།།
ཕན་ཚུན་རོགས་རམ་བྱོས་ཤིག་དིང་རི་བ།།
སེམས་ཤུགས་མ་ཆག་བློ་སྟོབས་བསྐྱེད་པ་ཡིས།།
གདོང་ལེན་ནུས་ལྡན་གྱིས་ཤིག་དིང་རི་བ།།
གནས་སྐབས་དཀའ་ངལ་ཇི་ཙམ་བྱུང་ན་ཡང་།།
ཞུམ་པ་མེད་པར་སྒྲིམས་ཤིག་དིང་རི་བ།།
རོགས་རམ་ཁ་པར་ཨང་གྲངས་ཉར་བ་དང་།།
དགོས་ངེས་ཡོ་བྱད་ཉོར་ཅིག་དིང་རི་བ།།
ད་ལྟའི་གོད་ཆག་འདི་ལ་བསམ་གཞིགས་ཀྱིས།།
མ་འོངས་འཆར་གཞི་སྒྲིགས་ཤིག་དིང་རི་བ།།
ཁང་ཁྱིམ་བརྟན་པོ་རྩིག་པའི་ཐབས་ལམ་དང་།།
འཛུགས་སྐྲུན་ལམ་སྲོལ་བསྒྱུར་ཞིག་དིང་རི་བ།།
ས་བབ་གནས་སྟངས་ཞིབ་འཇུག་ནན་ཏན་གྱིས།།
ཉེན་ཁ་སྔོན་འགོག་བྱོས་ཤིག་དིང་རི་བ།།
རྩིག་པ་ཉིལ་ནས་ལམ་ཁ་འགག་སྲིད་པས།།
འགྲོ་ལམ་མང་ཙམ་བཟོས་ཤིག་དིང་རི་བ།།
ཆུ་དང་བཟའ་བཅའ་སྨན་རྫས་ལ་སོགས་པ།།
ཉིན་བདུན་འདང་བར་ཉོར་ཞིག་དིང་རི་བ།།
དངུལ་དངོས་ཡིག་ཆ་གལ་ཆེན་རིགས་རྣམས་ཀྱང་།།
ལག་ཏུ་ལེན་བདེ་བཟོས་ཤིག་དིང་རི་བ།།
དམིགས་བསལ་ཕྲུ་གུ་རྒན་རྒོན་ལ་མཁོ་བའི།།
ཅ་དངོས་ཆ་ཚང་ཉོར་ཞིག་དིང་རི་བ།།
སྔོན་འགོག་སྒྲ་སྒྲིག་གལ་ཆེན་ཡིན་པ་དེ།།
ཉམས་མྱོང་འདི་ལས་ཤེས་ཚོད་དིང་རི་བ།།
ཁོར་ཡུག་སྲུང་སྐྱོབ་གནད་འགག་ཆེ་བས་ན།།
གང་བྱུང་གཏོར་བརླག་མ་གཏོང་དིང་རི་བ།།
ས་ཡོམ་རྒྱུ་རྐྱེན་ཚན་རིག་ལ་བརྟེན་ནས།།
ཤེས་རྟོགས་བྱ་དགོས་གལ་ཆེ་དིང་རི་བ།།
ས་གཤིས་རིག་པའི་ཉམས་ཞིབ་གཏིང་ཟབ་ཀྱིས།།
ཉེན་ཁའི་ས་ཁུལ་ཤེས་གལ་དིང་རི་བ།།
ཚན་རིག་དཔྱད་ཞིབ་གྲུབ་དོན་གཞིར་བཟུང་ནས།།
འཛུགས་སྐྲུན་བྱེད་དགོས་གལ་ཆེ་དིང་རི་བ།།
ཕྱོགས་ཡོངས་མཉམ་འབྲེལ་ནུས་པ་སྤེལ་བ་དང་།།
སྤྱི་ཚོགས་འགན་འཁྲི་བསྒྲུབས་ཤིག་དིང་རི་བ།།
མི་རབས་གཞོན་པར་ཤེས་བྱ་སྤྲོད་པ་དང་།།
རྒྱུན་མཐུད་སྦྱོང་བརྡར་སྤྲོད་ཅིག་དིང་རི་བ།།
ཕྱོགས་མཐའ་མེད་ནས་རོགས་རམ་འབྱོར་བ་ལ།།
དགའ་བས་བཀའ་དྲིན་དྲོན་ཅིག་དིང་རི་བ།།
དཀའ་སྡུག་དུས་སུ་གཅིག་གྱུར་མཐུན་སྒྲིལ་གྱི།།
རླབས་ཆེན་ལས་འདི་དགའ་འོས་དིང་རི་བ།།
མདོ་དབུས་ཁམས་གསུམ་གཅིག་ཏུ་བསྒྲིལ་བ་ཡི།།
བོད་མིའི་ལ་རྒྱ་སོམས་ཤིག་དིང་རི་བ།།
གཞན་ཕན་བྱ་བར་དགའ་བ་སྒོམ་པ་ཡིས།།
བསོད་ནམས་དཔག་མེད་གསོགས་ཤིག་དིང་རི་བ།།
མ་འོངས་པར་ཡང་མཐུན་འབྲེལ་དམ་ཟབ་ཀྱི།།
འབྲེལ་ལམ་རྒྱུན་དུ་ཉོར་ཞིག་དིང་རི་བ།།
སྒྲིག་འཛུགས་ཚགས་ཚུད་སྔོན་ནས་བཟོ་བ་དང།།
འགན་འཁྲི་གསལ་པོར་བགོས་ཤིག་དིང་རི་བ།།
དྲ་ཐོག་ཉེན་བརྡ་མགྱོགས་མྱུར་གཏོང་བ་ཡི།།
ལམ་སྲོལ་མེད་ན་བཟོས་ཤིག་དིང་རི་བ།།
མདོ་དབུས་ཁམས་གསུམ་ས་ཁུལ་ཐ་དད་ཀྱང་།།
གཅིག་གྱུར་འདུ་ཤེས་བསྐྱེད་ཅིག་དིང་རི་བ།།
བསམ་ཚུལ་ཕྲིས།