དིང་རི་ལ་ཕུལ་བའི་སྙན་ངག

རྩོམ་ཡིག་འདི་ཐེངས་ 4 བཀླགས་འདུག

དིང་རི་བ། སྙིང་མིག
འབྱུང་བཞིའི་གཡུལ་ངོ་ལྷ་ཡིས་མི་ཁོག་ཅིང་།།
འཆི་བདག་གཤིན་རྗེ་བདུད་ཀྱིས་མི་ཐུབ་ན།།
ཤུལ་ལུས་ཡིད་སེམས་གཅོང་བའི་སྣོན་མ་ལ།།
གདུང་སེམས་མཉམ་དུ་བསྐྱེད་དོ་དིང་རི་བ།།
ཚེ་དང་སྲོག་ནི་གདོས་བཅས་ལུས་ལ་བརྟེན།།
ལུས་ནི་མི་བརྟན་རྩྭ་ཁའི་ཟིལ་བ་བཞིན།།
འཁོར་བའི་རང་མཚང་མཐོང་བའི་དོ་ཞག་འདིར།།
སྐྱབས་གནས་ར་མདའ་སྦྲན་ནོ་དིང་རི་བ།།
ས་ཆེན་གཡོ་ཞིང་མཚོ་ཆེན་སྐྱོམ་པ་འདིས།།
གནས་བཟོད་མི་བདེ་ཐ་གྲུ་ཀུན་ལ་མཆིས།།
ལྷག་ཏུ་རིགས་ཀྱི་སྐུད་པ་སྦྲེལ་བ་འདིས།།
སྐྱོ་བ་ཞེ་ལ་འོངས་སོ་དིང་རི་བ།།
སོ་ཕག་ཁེ་རུའི་རྩེག་པ་མཐོ་སོང་ངོ་།།
གོག་པོའི་ཁང་པ་ཐོག་ཁེབས་ལྕི་སོང་ངོ་།།
སྒྱུ་མའི་རྨི་ལམ་ཁུར་བའི་བྲུབ་ཁུང་ལ།།
འཁོན་པ་གཏིང་ནས་ཡོད་དོ་དིང་རི་བ།།
༡།༧།༢༠༢༥ འདས་པོ་མ་བུ་གཉིས་ཀྱི་པར་མཐོང་བས་སེམས་སྐྱོ་བ་དང་ལྷན་དུ་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *