དིང་རི་ལ་ཕུལ་བའི་སྙན་ངག

རྩོམ་ཡིག་འདི་ཐེངས་ 4 བཀླགས་འདུག

སེམས་པ་མ་སྐྱོ་ང་ཡི་དིང་རི་བ།
མདོ་བ་ཆོས་འཕེལ།
གངས་དཀར་དབུ་རྩེ་མཁའ་ལ་བསྙེགས་པའི་ཡུལ།།
དམ་པས་བྱིན་གྱིས་བརླབས་པའི་གནས་མཆོག་ཏུ།།
མི་འདོད་རྐྱེན་ངན་བྱུང་ཡང་དཀོན་མཆོག་ལ།།
བློ་རྩེ་བརྟན་པོར་གཏོད་དགོས་དིང་རི་བ།།
མཛེས་པའི་ཁང་བཟང་འགྱེལ་ཅིང་ནོར་རྫས་བརླག།
བཟའ་མི་ཁ་ཐོར་འདི་ཕྱིའི་སོ་ཁར་གནས།།
བཟོད་དཀའི་སྡུག་གི་རྒྱ་མཚོར་ལྷུང་བ་འདི།།
སྔོན་བསགས་ལས་ཀྱིས་ཡིན་ནོ་དིང་རི་བ།།
ཐལ་རྡུལ་འཐིབས་པའི་གྲོང་གི་སྣང་བརྙན་དང་།།
ངོ་གདོང་དམར་ལ་སྨུག་པ་དག་ཀྱང་མཐོང་།།
མིག་མཐར་མཆི་ཞག་འཁོར་བ་དེ་ཡང་མཐོང་།།
གདུང་སེམས་གཏིང་ནས་སྐྱེས་བྱུང་དིང་རི་བ།།
མགོ་བོ་དགྱེ་ལ་སྙིང་སྟོབས་ཁོང་ནས་སྐྱེད།།
རིགས་མཐུན་སྤུན་ཟླས་དཔུང་གདང་བསྒྲིགས་ནས་ཡོད།།
ཟས་གོས་གནས་མལ་འཛོམས་ལ་ཐག་མི་རིང་།།
སེམས་ལ་དྲོད་འདི་འཛིན་དགོས་དིང་རི་བ།།
ཞལ་འདེབས་ཕྲན་ཙམ་བསྐུར་ཡོད་དིང་རི་བ།།
སྐྱབས་འཇུག་ལྷ་ལ་ཞུས་ཡོད་དིང་རི་བ།།
སྨོན་ལམ་ནན་གྱིས་བཏབ་ཡོད་དིང་རི་བ།།
སེམས་པ་སེམས་ཀྱིས་ཤེས་ཡོད་དིང་རི་བ།།
༢༠༢༥.༡.༩ ཞོགས་པར་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *