དིང་རི་ལ་ཕུལ་བའི་སྙན་ངག

རྩོམ་ཡིག་འདི་ཐེངས་ 4 བཀླགས་འདུག

རྒྱང་རིང་གི་དིང་རི་དང་ལྷ་རྩེའི་ཕྱོགས་ལ་གདུང་སེམས་མཉམ་བསྐྱེད་ཞུ།
ཆོས་དབྱིངས་རྒྱ་མཚོ།(དཀར་མཛེས།)
ད་ནི་ས་ཆེན་ཨ་མས་ལུས་ཀྱི་ན་ཟུག་མི་བཟོད་པ་ཡིན་ལས་ཆེ། ལོ་འདི་དག་གི་རིང་ལ་རང་བྱུང་གི་འཇིག་པ་ཇེ་ཆེ་དང་ཇེ་རྒོད། ཇེ་བཙན། ཇེ་འཇིགས་རེད། གན་ནས་ས་འགུལ་བ་མིན་ན་འདི་ནས་རི་ཉིལ་བ་དང་། གན་ནས་མེ་འབར་བ་མིན་ན་འདི་ནས་ཆུ་ལོག་བུད་པ་རེད། སའི་གོ་ལ་རིལ་མོ་འདི་ལའང་ཁག་ཅི་ཡོད་དེ། མི་ཞིག་གི་ལུས་ཕུང་ལ་དཔེ་བཞག་ནས་བཤད་ན། དོན་ལྔ་སྣོད་དྲུག་ལྟ་བུའི་ནང་སྙིང་དག་ནི་རྩ་མེད་དང་རྨག་མེད་དུ་བཏང་ཚར། ཡན་ལག་ལྔ་དང་དབང་པོ་ལྔ་ལྟ་བུའི་ཕྱི་ཤུན་དག་ལའང་གཏོར་བརླག་དང་རྨས་སྐྱོན་ཚབས་ཆེན་བཏང་ཟིན་པས། ད་ནི་ལུས་ཀྱི་ཟུངས་ཟད། སྟོབས་ཉམས། ཤུགས་རྫོགས་པར་མ་ཟད། སོས་རྒྱུ་མེད་པའི་རྨ་ཁ་དག་ལ་མཚམས་མེད་པར་ཟུག་གཟེར་རྒྱུག་ཡོང་བ་ཡིན་པས། ས་ཆེན་ཨ་མ་འདར་ཙམ་འགུལ་ཙམ་བྱེད་པ་ལ་ཁག་ཅི་ཡོད། སའི་གོ་ལ་རིལ་མོ་འདིར་ཁག་དཀྲི་ས་ཞིག་རྩ་བ་ཉིད་ནས་མེད་ལ། ཁག་འགེལ་བའི་དབང་དུ་བཏང་རུང་ཕན་ཐོགས་ཅི་ཡང་མེད། འོན་ཀྱང་། འདི་འདྲའི་ཁ་ཐག་སེམས་ཐག་ཉེ་ས་རུ་ས་ཆེན་འགུལ། ཁང་པ་བརྡིབས། མི་ཤི། རྟ་འགྱེལ ཁྱིམ་ཚང་ཁ་ཕྲལ། ཕ་མ་བུ་ཕྲུག་ཁ་གྱེས་སོང་བ་ཡིན་ན། ཡང་ན། རྡུལ་འཚུབ་ཐེངས་གཅིག་གི་རྗེས་སུ་བདེ་སྐྱིད་ཀྱི་གཞིས་ཁྱིམ་དྲོན་མོ་ཞིག་རྨི་ལམ་རྨིས་པ་བཞིན་སྒྱུ་འཕྲུལ་བསྟན་པ་བཞིན། གནམ་ས་བླ་འོག་བརྗེས་པ་བཞིན་རྩ་མེད་དུ་གྱུར་སོང་ན། ས་ཆེན་ལ་ཁག་འགེལ་བ་ལས་ཅི་བྱར་ཡོད། རང་བྱུང་གི་འཇིག་པ་ལ་བརྩེ་བ་མི་འདུག་ཅེས་ཁ་མི་གཏོང་རང་དབང་ཅི། དངོས་འབྲེལ་དུས་ད་ལྟའང་འདི་དག་ཡོད་ཚད་ནི་རྨི་ལམ་ཞིག་ཡིན་ན་ཅི་མ་རུང་སྙམ། སྒྱུ་མ་མཁན་པོ་ཞིག་གི་མིག་འཕྲུལ་ཐེངས་གཅིག་ཡིན་ན་ཅི་མ་རུང་སྙམ། འོན་ཀྱང་། ང་ཚོ་དངོས་གནས་ལས་བསོད་དམན་པ་རེད། རྨི་ལམ་ཡིན་ན་སྙམ་པ་དག་དོན་དངོས་རེད། རྨི་ལམ་མིན་ན་སྙམ་པ་དག་རྨི་ལམ་རང་རེད། དེ་བས། ང་ཚོ་རྨི་ལམ་ཡིན་པ་དང་འདྲ་ལ་མིན་པ་དང་ཡང་འདྲ་བའི་འཇིག་རྟེན་འཁོར་བ་འདི་ན། དུས་ནམ་ཡང་རྨི་ལམ་དག་དག་གིས་སེམས་སྡུག་དང་དཀའ་ངལ་གཏད་ནས་མི་གཏོང་བར་ཡོད། འོན་ཀྱང་། འདི་ལྟ་བུའི་རྨི་ལམ་གྱིས་སྤྲད་པའི་སྡུག་གདུང་ནི་ཅིས་ཀྱང་བཟོད་པར་དཀའ་བ་ཞིག་རེད་ཨང་། དངོས་གནས་བཟོད་དཀའ་བ་ལ་ཨང་། རྒྱང་རིང་གི་དིང་རི་དང་ལྷ་རྩེའི་ཕྱོགས་སུ་ཡོད་པའི་རིགས་མཐུན་སྤུན་ཟླ་རྣམ་པ། དུས་ད་ཚོད་ལ་ཁྱེད་ཚོའི་མགོ་ཐོག་ཏུ་ཆེན་པོ་གནམ་གྱིས་མི་ཐེག་པའི་དཀའ་སྡུག་ཅིག་ལྷུང་ཡོད་པ་ནི། ཁྱེད་ཚོ་ཙམ་མ་ཟད་རིགས་གཅིག་སྤུན་ཟླ་མང་པོ་ཞིག་གི་སེམས་ཀྱི་ན་ཟུག་ཏུ་གྱུར་ཡོད་པ་རེད། འོན་ཀྱང་། དོན་དམ་གྱི་དཀའ་སྡུག་མྱོང་མཁན་ཁྱེད་ཚོ་རང་ཉིད་ཙམ་ཡིན་པས། རྒྱང་རིང་གི་ང་ལྟ་བུས་ནི་རོགས་ནུས་ཅི་ཡང་མི་ཐོན་ཏེ། ཐ་ན་མི་གཅིག་ལ་ཁ་པར་དང་འཕྲིན་ལམ་ནས་སེམས་གསོ་ཙམ་ཡང་མི་བཏུབ། འོན་ཀྱང་། ངའི་ནང་སེམས་ཀྱི་སྐྱོ་གདུང་ནི་བཟོད་ཐབས་བྲལ་བ་ཞིག་རེད། ཚིག་གིས་མཚོན་ཐབས་མེད་པ་དང་ངག་གིས་བརྗོད་ཐབས་བྲལ་བ་ཞིག་རེད། ཉིན་འདི་དག་ལ། ང་རང་ཁྱིམ་ནས་བསྡད་རུང་། ཁོ་ཧྥེ་ཁང་དུ་ཕྱིན་རུང་། ངས་རང་ཉིད་དྲོ་ས་སྐྱིད་ས་ན་བསྡད་ཡོད་པར་བསམས་དུས་རྒྱང་རིང་གི་ཁྱེད་ཚོ་དྲན་འོང་། ང་ཚོ་ཕན་ཚུན་ངོ་མི་ཤེས་ཀྱང་། ངས་ངོ་མི་ཤེས་པའི་ཁྱེད་ཚོ་ཡང་ཡང་དྲན་ཡོང་། ཁྱེད་ཚོ་གནམ་ས་སྦྲེལ་མཚམས་ཀྱི་བྱང་ཐང་སྐྱ་མོ་ན་དགུན་གྲང་ལྷགས་གཉིས་ཀྱི་ཁྲོད་ན་དཀའ་ཁག་ལ་འཕྲད་ཡོད་པ་དྲན་དུས། ངའི་སེམས་པ་ཆུ་འཁྱག་ཟོ་བ་གང་གིས་བྲན་པ་ལྟར་འཁྱག་སིབ་བེར་གྱུར་འགྲོ། ངའི་སེམས་པ་འཁྱག་སིབ་བེར་གྱུར་བ་དང་མཉམ་དུ་ལུས་ཀྱི་བ་སྤུ་ཐམས་ཅད་ཀྱང་གྱེན་དུ་ལངས་ནས་སྡོད་བཟོད་མི་བར་གྱུར་འགྲོ། ཡིན་ནའང་། ང་ལ་ཐབས་ཤེས་གང་ཡང་མི་འདུག ཉིན་འདི་དག་ལ། ང་རང་སོང་རུང་བསྡད་རུང་། ཉལ་རུང་ལངས་རུང་། རྒྱང་རིང་གི་ཁྱེད་ཚོ་ཁོ་ན་ལས་དྲན་རྒྱུ་མི་འདུག ངས་དཀའ་སྡུག་ལ་འཕྲད་ཡོད་པའི་ཁྱེད་ཚོ་དྲན་ཡོང་། ངས་ཁྱེད་ཚོས་སེམས་ཀྱི་ན་ཟུག་མི་ཐེག་པར་ཡོད་ངེས་སྙམ་ནས་ཁྱེད་ཚོ་དྲན་ཡོང་། ངས་ཁྱེད་ཚོས་ལུས་ཀྱི་ཟུག་གཟེར་དང་འཁྱག་ལྟོགས་མི་བཟོད་པར་ཡོད་ངེས་སྙམ་ནས་ཁྱེད་ཚོ་དྲན་ཡོང་། ངས་ཁྱེད་ཚོས་རང་གི་ཕ་ཁྱིམ་སྨུག་པོར་གཏོར་བརླགས་ཐེབས་པ་མཐོང་ན་སེམས་ཀྱིས་བཟོད་མི་སྲིད་སྙམ་ནས་ཁྱེད་ཚོ་དྲན་ཡོང་། ངས་ཁྱེད་ཚོས་རང་ཉིད་ཀྱི་ཕ་མ་དང་བུ་ཕྲུག གཉེན་ཉེ་རིགས། གྲོགས་ན་ཟླ་རྣམས་རྐྱེན་ལམ་དུ་ཤོར་བ་མཐོང་ན་སེམས་ཀྱིས་མི་བཟོད་པར་ཡོད་ངེས་སྙམ་ནས་ཁྱེད་ཚོ་དྲན་ཡོང་། ངས་ཁྱེད་ཚོས་རྡུལ་འཚུབ་དང་གོད་ཆག་ཁྲོད་ཀྱི་ཕན་ཚུན་གྱི་ངོ་གདོང་མཐོང་ན་སེམས་ཀྱིས་བཟོད་མི་སྲིད་སྙམ་ནས་ཁྱེད་ཚོ་དྲན་ཡོང་། རྒྱང་རིང་གི་དིང་རིང་བ། རྒྱང་རིང་གི་ལྷ་རྩེ་བ། ཉིན་ཞག་འདི་དག་ལ་ངས་ཁྱེད་ཚོ་ཧ་ཅང་དྲན། ངས་ཁྱེད་ཚོའི་གནོད་ཐེབས་ཡུལ་དངོས་བརྙན་ལམ་ནས་མཐོང་དུས་ལྷག་ཏུ་དྲན། ངས་དྲ་ལམ་ཁག་ནས་དཀའ་གནད་ལ་འཕྲད་པའི་མི་གྲངས་རིམ་བཞིན་འཕར་བ་མཐོང་ན་དེ་ལས་ཀྱང་དྲན་ཡོང་། འོན་ཀྱང་། ངས་རྒྱང་རིང་གི་ཁྱེད་ཚོ་དྲན་པ་ཙམ་ལས་རོགས་ཕན་ཅི་ཡང་མི་ཐོགས་པར་འདུག དེ་བསམས་ན་ངས་ཁྱེད་ཚོ་ལྷག་ཏུ་དྲན་ཡོང་། དྲང་མོར་བཤད་ན། ད་ལྟ་ངས་སྒྲུབ་ནུས་པ་གཅིག་ཡོད་པ་ནི་བསྔོ་སྨོན་ཞུ་བ་དང་གདུང་སེམས་མཉམ་བསྐྱེད་ཞུ་བ་ཙམ་རེད། དོན་རྐྱེན་འདིའི་ཁྲོད་དུ་འཇིག་རྟེན་དཀར་ངོགས་ནས་བྲལ་ཟིན་པ་རྣམས་ལ་བསྔོ་སྨོན་སྐྱབས་འཇུག་ཞུ་བ་དང་། འདས་གྲོངས་སུ་གྱུར་བའི་སྡོམ་རྩིས་གྲངས་ཀ་གོང་དུ་མི་འཕར་བའི་སྨོན་འདུན་གཙང་མ་ཞུ་བ་ཙམ་རེད། དེ་དང་མཉམ་དུ་གདུང་སེམས་མཉམ་བསྐྱེད་ཀྱིས་མྱ་ངན་ཞུ་བ་ཙམ་ལས་ཅི་ཡང་མི་ནུས། རྒྱང་རིང་གི་སྤུན་ཟླ་རྣམ་པ། གོད་ཆག་གནམ་ས་གཉིས་ཀྱི་བར་ལ་མི་ཤོང་བ་འདི་ཁྱེད་རང་ཚོའི་མགོ་ཐོག་ལ་བབས་བྱུང་བ་རེད། ང་རང་ཚོའི་མགོ་ཐོག་ལ་བབས་བྱུང་བ་རེད། ད་ནི་དེ་ལ་བཟློག་ཐབས་རྩ་བ་ནས་མེད་ན། ང་ཚོས་སྙིང་སྟོབས་དང་མཐུན་སྒྲིལ་གྱི་སྒོ་ནས་གདོང་གཏད་པ་ལས་ཅི་བྱར་ཡོད་ཨང་། ས་ཆེན་ཨ་མས་ང་ཚོ་འགྲོ་བ་མིས་སྤྲད་པའི་སྡུག་བསྔལ་མང་པོ་ཞིག་ཨམ་གཙིགས་བསྡམས་ནས་ཁུར་ཡོད་པ་ཇི་བཞིན། དུས་ད་ལྟ། ང་ཚོས་ཀྱང་ས་ཆེན་ཨ་མས་སྤྲད་པའི་དཀའ་སྡུག་འདིའི་མདུན་དུ་ས་ཆེན་ཨ་མའི་སྙིང་སྟོབས་དང་སྡུག་རུས་འདི་ལ་སློབ་སྦྱོང་བྱེད་དགོས་པ་རེད་ཨང་། རྒྱང་རིང་གི་སྤུན་ཟླ་རྣམ་པ། ཁྱེད་ཚོའི་སེམས་ཤུགས་མི་ཉམས་རོགས། ཁྱེད་ཚོའི་སྙིང་སྟོབས་མི་ཞུམ་རོགས། ཁྱེད་ཚོས་ཨམ་གཙིགས་ཁོག་བཅུག་གནང་ནས་དཀའ་ཁག་འདི་ལས་སྒྲོལ་ཐབས་གནང་རོགས། ཁྱེད་ཚོས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་གོད་ཆག་འདི་ལས་བརྒལ་ཐབས་གནང་རོགས། རྒྱང་རིང་གི་སྤུན་ཟླ་རྣམ་པ། ཁྱེད་ཚོ་ནམ་ཡང་གངས་ཏི་སེ་བཞིན་མཚོ་མ་པང་བཞིན་གཏན་བཞུགས་གནང་རོགས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *