དིང་རི་ལ་ཕུལ་བའི་སྙན་ངག
རྩོམ་ཡིག་འདི་ཐེངས་ 4 བཀླགས་འདུག
དིང་རིའི་ཡུལ་ལ་སེམས་འདུན་འབྲི།
རྫོགས་ཆེན་ཀུན་བཟང་ཉི་མ།
ཤེལ་དཀར་དུ་ཡོད་པའི་དིང་རི།
ཕ་དམ་པའི་གནས་གཞིས་གྲགས་པའི་ཕ་མཁར།
དིང་རི་བརྒྱད་བཅུའི་གདམས་ངག་གི་ཕ་ཡུལ།
ས་མཐོའི་སྲིད་པ་འདིའི་སྒང་ཏོག་ཏུ་འགྱིངས་པའི་གནས་ཡུལ།
ཉི་ཟླའི་པང་སྟེང་དུ་ཆགས་པའི་མཐོ་གནས།
གངས་དཀར་རི་བོའི་ཉེར་ཟུར་གྱི་ལྷ་གནས།
སྲིད་པའི་སྒང་འདིའི་བལ་བོ་དང་འབྲེལ་བའི་མཐའ་མཚམས།
གནའ་བོའི་ལོ་རྒྱུས་ཀྱི་རྨིག་རྗེས་ཆགས་པའི་གནས་ཆེན།
ཁ་སང་སྟེ། སྐར་མ་དམར་པོའི་འོད་ཀྱིས་བྲན་པའི་དུས་དེར།
ཞོགས་པའི་ཉི་ཟེར་ས་གཞིའི་པང་གདན་དུ་མ་བབས་གོང་།
ཆེས་འཇིགས་སུ་རུང་བའི་འབྱུང་བའི་གཡོ་འཁྲུགས།
ཆེས་ཡ་ང་བའི་ས་ཡོམ་གྱིས་དགྲ་བོས་ཁྱེད་ཚོ་གཙེས་པར།
ཧ་ཅང་སེམས་སྡུག་པའི་དོན་རྐྱེན་དེ་གོ་དུས།
ང་ཚོ་ཚོང་མ་ལས་དབང་གི་སྐྱིད་སྡུག་གཅིག་ཅིང་།
རིགས་རུས་ཀྱི་འབྱུང་ཁུངས་གཅིག་པས་ཁྱེད་ཚོ་དང་འདྲ་བར།
ངེད་ཚོ་ལའང་སེམས་གཏིང་ནས་ན་ཟུག་ལོས་སྡང་།
དེས་ན་ངས་ཀྱང་དམར་པོའི་ན་བཟའི་ཁ་དོག་གི་སྐྱབས་འོག་ནས།
མཆོག་གསུམ་སྐྱབས་ཀྱི་དྭངས་མར་བཀུར་ནས་སྨོན་པའི་གསོལ་འདེབས་མང་དུ་བྱེད།
འདས་པོ་ཚོ་བར་དོའི་མུན་ནག་གི་འཇིག་པ་རབ་ཏུ་ཞི་ནས།
གཏན་བདེ་བླ་མེད་ཀྱི་གོ་འཕང་འཐོབ་ཕྱིར་དུ་སྨོན་འདུན་སྙིང་ནས་བྱེད་ལ།
གསོན་པོ་རྣམས་ནི་འཇིག་སྔངས་འཚོ་འདུ་ཡི་ཟུག་ངུ་གཏན་དུ་འཇགས་ནས།
བདེ་བའི་དཔལ་ཡོན་ཕུན་སུམ་ཚོགས་པ་དང་ལྡན་པར་ཤོག
སྐྱིད་སྡུག་ལས་དབང་གི་གོ་ཆགས་ཇི་འདྲ་ཞིག་འཕྲད་ཀྱང་།
གདོང་པ་དམར་ཞིང་རུས་པ་སྲ་བའི་ཁྱེད་ཚོ་སླར་ཡང་འགྱིངས་དགོས།
དྲེག་པ་འཐུག་ཅིང་སྨུག་དྲི་བྲོ་བའི་ཁྱེད་ཚོ་སླར་ཡང་གསོན་དགོས།
འཇིག་རྟེན་མྱི་ཡི་མྱི་དྲི་བྲོ་ན་ད་གཟོད་ཁྱོད་ལ་ཐོབ་ཆོག་པའི་བདེ་སྐྱིད་ཡོད།
སྲིད་པའི་སྒང་གི་ཞེན་ཁོག་བརྟན་ན་ད་གཟོད་ཁྱོད་ལ་འཇིག་རྟེན་གསར་བའི་ཉི་ཟེར་ཡོད།
དིང་རི་བ་ལྷ་དང་བླ་མས་སྲུངས། དིང་རི་བ་ཕ་དང་མེས་པོས་སྐྱོབས།
ཁ་དོག་དང་རིགས་རུས་མི་འདྲ་བའི་བྱམས་སེམས་ཅན་མང་པོས་ཁྱོད་རང་འདི་ལྟར་སྐྱོབ་པར་མཐོང་དུས། ངས་ཀྱང་སྙིང་ནས་ཡི་རང་དང་གུས་པས་ཐལ་མོ་སྦྱར།
བཀའ་དྲིན་ཆེ། ཐུགས་རྗེ་ཆེ།
༢༠༢༥-༡-༨ ཉིན་ཁྲིན་འདུ་ནས་ཀོང་ཀྲུག་ཏུ་འཕུར་བའི་གནམ་གྲུ་ཞིག་གི་ནང་མགྱོག་བྲིས་བགྱིས་པའོ།།
བསམ་ཚུལ་ཕྲིས།