རྟ་ལ་བླངས་པའི་གླུ།
རྩོམ་ཡིག་འདི་ཐེངས་ 29 བཀླགས་འདུག
རྟ་ལ་བླངས་པའི་གླུ།
རྩོམ་པ་པོ། དོལ་པོ་སྤྲུལ་སྐུ་འཆི་མེད་ཚེ་དབང་།
ཡུལ་མི་ཨ་གསར་ཅན་པོས།།
འཕྲུལ་རྟར་སུས་ཐོབ་རྒྱག་དུས།།
འདོ་ཆེན་རྟ་ཡི་བང་རྩལ།།
སྒྲོག་ལ་ཚུད་པའི་སྔ་ལྟས།།
རྟ་བོའི་བསོད་ནམས་ཨེ་རེད།།
ལྕག་གིས་ཚ་འདེད་ཇེ་ཉུང་།།
ཡང་ན་བསོད་ཟད་ཨེ་རེད།།
ཆག་དང་ཆུ་འདུར་ཉུང་བ།།
ཕོ་ཆེན་འོལ་བ་རྟིང་དཀར།།
རྣམ་ཤེེས་མི་ལས་སྤྱང་བ།།
འཕྲུལ་རྟ་དགོངས་པ་མ་ཚོམས།།
བརྩེ་བ་རྟ་ལ་བཅངས་ཡོད།།
སྒ་དེ་གསེར་སྒ་གཡུ་སྒ།།
ཡོབ་དེ་ཆུ་སྲིན་པ་ཏྲ།།
རྨེད་ལ་དར་མཚོན་སྣ་ལྔ།།
རྟ་ཕོའི་གཟབ་མཆོར་མཛེས་པ།།
འགྲོས་པ་རྒྱུག་སྟངས་ལེགས་པ།།
སུག་བཞི་འཁོར་ལོ་སྐོར་སྐོར།།
བང་པ་གོམ་རླབས་ཆེ་བ།།
ཐང་དཀར་གཤོག་རླབས་རྡེབ་རྡེབ།།
སྦྱིན་བདག་ཞབས་དག་མང་ནས།།
རང་ངོ་གཞན་ངོ་མ་ཤེས།།
ཅང་ཤེས་རྟ་ཕོ་དྲིན་ཆེན།།
སྒོ་རའི་འགྲམ་ལ་བསྐྱལ་འདུག།
ཕོ་ཆེན་དྲ་མ་ཞིག་ལ།།
རླུང་རྟའི་ལྷ་ཚོགས་འཁོར་ཡོད།།
ཁྱིམ་ཚང་སྐྱ་ཆད་སྔོ་རྡུགས།།
ཉིན་རེར་ཡར་རྒྱས་ཆེ་བ།།
རྟ་མགོ་གངས་རི་མཐོན་པོ།།
རྒྱབ་གཞུང་སྤང་རི་སྤང་གཤོངས།།
དེ་ལ་བཞོན་པའི་ཁྱོག་ཐོང་།།
ཨ་ཇོ་ཉི་མ་རང་ཤར།།
ཅོ་པ་སྐྱང་ཆུང་ཁ་དཀར།།
ཐུགས་སེམས་སྐྱོ་སྐྱོ་མ་གནང་།།
ལྕག་དང་སྲབ་མདའི་ཨ་ཚ།།
ཨ་ཇོས་ཁྱོད་ལ་མི་གཏོང་།།
ཁྱོད་རང་སྒ་རྒྱག་དུས་ནས།།
གར་འགྲོའི་ས་ལ་འཁྲིད་ཆོག།
རི་མགོ་མཐོ་རི་མཐོ་ཚད།།
འོ་རའི་གནས་ཚང་ཡིན་པ།།
ཐག་རིང་རྒྱ་ནས་ཕེབས་པའི།།
མགྲོན་པོ་འཕྲུལ་རྟ་ཨོ་ཤེ།།
ང་ཡི་རྟ་ཕོའི་ཆག་ལ།།
ཐོགས་ཐོགས་རེག་རེག་མ་གནང་།།
བསམ་ཚུལ་ཕྲིས།