ཆོས་དབྱིངས་རྒྱ་མཚོའི་སྒྲུང་ཐུང་གསར་པ«གདགས་སྲིབ།»

རྩོམ་ཡིག་འདི་ཐེངས་ 33 བཀླགས་འདུག

གདགས་སྲིབ།
ཆོས་དབྱིངས་རྒྱ་མཚོ།

       ཞོགས་པ་དེར། མཁའ་མོ་སྐྱིད་གཉིད་ལས་སད་དུས་མགོ་ལུས་རྟིང་གསུམ་ན་ཟུག་གིས་མནར་ཏེ་མལ་ལས་ལངས་དཀའ་བ་དང་།
དེའི་ཁར་ལུས་ཡོངས་ལ་ཚ་འཕྱུར་བརྒྱབ་སྟེ་བཟོད་ཐབས་བྲལ་བ་ཞིག་ཏུ་གནས། ཡོད་ཚད་གཟེར་བྲང་བྲང་དང་ཚ་ལམ་ལམ་དུ་གྱུར་པའི་གནས་སྟངས་དེས་མཁའ་མོ་སྐྱིད་ཀྱིས་རང་ཉིད་ཀྱང་ནད་ཡམས་དེའི་རྙི་རུ་ཚུད་ཡོད་པ་གསལ་པོར་རྟོགས།
       མཁའ་མོ་སྐྱིད་ཀྱིས་རང་གི་ནད་རྟགས་རྣམས་ཁྱོ་གར་བཤད་པས། ཁྱོ་ག་ལམ་སང་མལ་ལས་ལངས་ཏེ་ཐབ་ཚང་དུ་ཕྱིན་ནས་ཆུ་ཁོལ་ཕོར་གང་བསྣམས་ཡོང་སྟེ་མོ་ལ་གཏད་པ་དང་། ཡང་ཁྲུས་ཁང་དུ་བརྒྱུགས་ཏེ་ལག་ཕྱིས་རློན་པ་ཞིག་ཁྱེར་ཡོང་སྟེ་མོའི་དཔྲལ་བའི་སྟེང་དུ་བཞག་ནས་ངས་གསོ་རུ་བཅུག དེ་ནས་ཁོ་རང་ནད་དེའི་མགོ་གནོན་གྱི་སྨན་འགའ་ཉོ་རུ་འགྲོ་རྒྱུ་ཡིན་ཞེས་སྒོ་ཕྱིར་དོན།
       མཁའ་མོ་སྐྱིད་ནད་ཡམས་དེས་མ་བཏང་ཡང་། ཁྱོ་གའི་བྱམས་དང་བརྩེ་བས་ནམ་ཡང་གློད་མ་མྱོང་བས་མོ་ལ་ག་ཤེད་ཅིག་ནས་ཧ་ཅང་ཡིད་ཚིམ་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས། འོན་ཀྱང་། ཉིན་འདི་འགར་བྱུང་བའི་སེམས་ཁྲལ་དེས་མོ་རང་དུས་ངེས་མེད་དུ་སྨྱོ་ལ་ཁད་དང་ལྕེབས་ལ་ཁད་དུ་གྱུར་ནས་ཉིན་མཚན་གྱི་དབྱེ་བ་མེད་པར་དོན་དག་ཅིག་འབྱུང་མི་ཡོང་ངམ་སྙམ་ནས་སེམས་འཚབ་ཅིང་ལུས་འཁྲུགས་ནས་ཡོད།
       ཨ་ར་ར་ཞེས་པའི་འོ་དོད་སྒྲོག་པའི་སྡུག་སྐད་ཅིག་ཉལ་ཁང་ཆུང་ཆུང་དེ་ནས་མཚམས་ཚིགས་མེད་པར་གྲགས་ཡོང་ལ། སྒལ་ཚིགས་དང་སྐེད་སྐབས་སོགས་ནས་བྱུང་བའི་ཟུག་གཟེར་གྱིས་མཁའ་མོ་སྐྱིད་ལ་ལམ་སང་མལ་ལས་ལངས་ཏེ་ཤེད་ཤུགས་ཡོད་དགུ་བཏོན་ནས་གང་ཞིག་ལ་རྒྱུགས་འཇོག་སྙམ་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཀྱང་། ལུས་ཡོངས་ཀྱི་ཤེད་ཤུགས་ཟད་དེ་ཐ་ན་མལ་སའི་ནང་ནས་འགུལ་ཙམ་བྱེད་དགོས་ནའང་དཀའ་བའི་ཚད་དུ་ལྷུང་འདུག དེ་ལྟར་ནའང་། མཁའ་མོ་སྐྱིད་ནི་དེ་ལས་ཀྱང་སེམས་ཁྲལ་ཆེན་པོ་དེའི་འོབས་དོང་དུ་ལྷུང་སྟེ་དུས་ངེས་མེད་དུ་སེམས་འཁྲུལ་བ་དང་བླ་འཁྱམ་པ་ལྟ་བུའི་རིག་པ་སོ་ན་མི་གནས་པའི་སྣང་ཚུལ་བྱུང་།
       ཁྱོ་ག་སྒོ་ཕྱིར་དོན་ནས་ཡུན་རིང་མ་འགོར་བར་མཁའ་མོ་སྐྱིད་ལུས་ཀྱི་ཟུག་གཟེར་དང་སེམས་ཀྱི་འཇིགས་སྐྲག་གཉིས་སྐྱ་འཐབ་པའི་ཁྲོད་ནས་ཅི་ཡིན་འདི་ཡིན་པར་སླར་ཡང་གཉིད་ཟ་ཟི་ཞིག་གི་ཀློང་དུ་ཡན།
       གཉིད་ཟ་ཟི་དེའི་ཀློང་ནས་རྨི་ལམ་རབ་རིབ་ཅིག་རྨིས།
       མཁའ་མོ་སྐྱིད་རྫོང་མཁར་ཆུང་ཆུང་དེའི་ནུབ་ངོས་སུ་ཡོད་པའི་མ་བུ་བདེ་སྲུང་ཁང་གི་ཁང་མིག་ཅིག་ཏུ་ཉལ་འདུག མོའི་ཆེན་པོར་གྱུར་བའི་ལྟོ་བ་དེར་བལྟས་ན་མངལ་གྱི་བྱིས་པ་ནི་བཙའ་ལ་ཁད་ཡིན་པ་དང་། རྐང་ལག་ཐམས་ཅད་སྐྲངས་ནས་སྦོམ་པོར་གྱུར་འདུག་པ་ནི་གཅིག་འཕྲོར་གཅིག་མཐུད་དང་གཅིག་འཇགས་གཅིག་ལངས་ཀྱི་སྐྱེ་གཟེར་བརྒྱུགས་པ་ལས་བྱུང་བ་གསལ་པོར་རྟོགས་ཐུབ།
       འོན་ཀྱང་། མཁའ་མོ་སྐྱིད་ཀྱི་ནང་སེམས་ཀྱི་འཇིགས་དངངས་ཆེ་ཤོས་ནི་མངལ་གྱི་བྱིས་པ་བདེ་ཐང་ངང་བཙའ་ཐུབ་མིན་དེ་མ་ཡིན་པར་འཇིག་རྟེན་མི་ཡུལ་དུ་ཐོན་ལ་ཉེ་བའི་བྱིས་པ་དམར་འབྱར་དེའི་ཕ་རྒན་སུ་ཡིན་མི་ཤེས་པ་དེ་རེད།
       ཁོ་མོས་སྐྱེ་གཟེར་རྒྱུགས་ཐེངས་རེ་རེའི་ན་ཟུག་ལ་བཟོད་བསྲན་ཐུབ་དགོས་པར་མ་ཟད་ནང་སེམས་ནས་བརྡོལ་བའི་འཇིགས་སྐྲག་དེར་ཁ་གཏད་གཅོག་དགོས་པས། མཁའ་མོ་སྐྱིད་ནི་ནད་ཁྲིའི་སྟེང་ན་ཤིན་ཏུ་ཉམས་དམའ་བར་འདུག
       “ངས་བྱིས་པ་འདི་གསོད་རྒྱུ་ཡིན།” བར་མཚམས་ཤིག་ལ་མཁའ་མོ་སྐྱིད་ཀྱིས་ལུས་ཀྱི་ན་ཟུག་དང་སེམས་ཀྱི་འཇིགས་སྐྲག་མ་བཟོད་པ་ལྟར་རང་དབང་མེད་པར་ཁ་ནས་དེ་ལྟར་ཤོར།
       ཏག་ཏག་སྐབས་དེར། མཁའ་མོ་སྐྱིད་ཀྱི་ཁྱོ་གས་སྨན་ཁུག་མ་གང་ཉོས་ཏེ་ཕྱིར་ཁྱིམ་ལ་སླེབས་བྱུང་། ཁོས་མཁའ་མོ་སྐྱིད་ཀྱིས་བཤད་པའི་སྐད་ཆ་དེ་གསལ་པོར་ཐོས་པས་ལམ་སང་མོའི་གམ་དུ་ཕྱིན་ནས“ཨ་རོག མཁའ་མོ། ཅི་ཞིག་ཟེར་བཞིན་ཡོད”ཅེས་དྲིས་མོད། མཁའ་མོ་སྐྱིད་གཉིད་དུ་ཡུར་ནས་ཨ་ལན་ཅི་ཡང་མ་བཏབ་པས། ད་གཟོད་སྐད་ཆ་དེ་ནི་གཉིད་གཏམ་ཡིན་པ་ཚོར།
       འོན་ཀྱང་། དུས་ཡུན་རིང་པོ་ཞིག་མ་འགོར་བར་མཁའ་མོ་སྐྱིད་གཉིད་ལས་སད་བྱུང་། ཁོ་མོ་གཉིད་ལས་སད་དུས་ལུས་ཧྲིལ་བོ་རྔུལ་ནག་གི་ཐིགས་པས་བརླན་ཏེ་རློན་ཆལ་ཆལ་བྱེད་ཅིང་། ལུས་ཀྱི་སྟོད་སྨད་བར་གསུམ་གང་ལ་ཐུག་ཀྱང་གཟེར་བྲང་བྲང་བྱེད་པས་སྔར་བཞིན་མལ་ལས་ལངས་མ་ཐུབ།
       མཁའ་མོ་སྐྱིད་ཀྱིས་ཁྱོ་གའི་རོགས་རམ་གྱི་འོག་ཏུ་སྨན་སྣ་འགའ་ཞིག་འཐུང་བ་དང་། སླར་ཡང་འཕག་འདོད་འགུལ་འདོད་ཅི་ཡང་མེད་པར་ཉལ་ནས་བསྡད།
       འཇགས་ཐབས་བྲལ་བའི་སེམས་ཁྲལ་དེས་མཁའ་མོ་སྐྱིད་ཀྱི་བསམ་པའི་སྒོ་གླེགས་ཡང་ཡང་རྡུང་ཡོང་བས། མཁའ་མོ་སྐྱིད་ནི་དུས་ཡུན་སྐད་ཅིག་ཙམ་ལའང་བདེ་བར་སྡོད་ཐབས་མ་བྱུང་། ཁོ་མོའི་ཀླད་ཁྱིམ་ཧྲིལ་བོར་དོན་དག་དེའི་བརྒྱུད་རིམ་ཆ་ཚང་བརྙན་རིས་བཞིན་ཤར་ཡོང་།
       མཁའ་མོ་སྐྱིད་ཕྱིར་དྲན་གྱི་ཀློང་དུ་ཡན་ཅིང་སེམས་ཁྲལ་དང་འཇིགས་སྐྲག་སྣ་ཚོགས་ཀྱིས་ཕྱོགས་ཀུན་ནས་མནར་བས་ཁྱོ་ག་དང་བཅས་པའི་ཉེ་གམ་གྱི་བྱ་དངོས་ཡོད་ཚད་སྣང་ལ་མ་ངེས་པའི་ངང་དུ་བསྐྱུར།
       “ཉིང་སྐྱུར་བརྟག་དཔྱད་གྱིས་དང་། སྲིབ་གཤིས་སུ་གྱུར་འདུག་མིན་བལྟ།” སྐབས་ཤིག་ལ་མཁའ་མོ་སྐྱིད་ཀྱི་ཁྱོ་གས་ཉིང་སྐྱུར་རང་བརྟག་ཆས་ཤིག་ལག་ཏུ་བཟུང་ནས་དེ་ལྟར་བཤད་བྱུང་།
       “ང་ལ་མངལ་ཆགས་མི་སྲིད། བརྟག་དཔྱད་བྱེད་ག་ལ་དགོས།” མཁའ་མོ་སྐྱིད་ཀྱིས་ཅི་ཡིན་འདི་ཡིན་མེད་པར་ཁ་ནས་དེ་ལྟར་ཤོར།
       “ཚ་འཁྲུལ་ལ་ཕྱིན་འདུག་པ་ཡིན་ནམ། ངས་ཉིང་སྐྱུར་བརྟག་དཔྱད་བྱ་ཟེར་བཞིན་ཡོད།”
       “……” མཁའ་མོ་སྐྱིད་ཀྱི་རིག་པ་སོར་ཆུད་དེ་རང་གིས་བཤད་ཉེས་བྱས་པ་གོ་དུས་ཁྱོ་གའི་ཕྱོགས་ལ་ཁ་གདངས་འདུག་ཅིང་། ཁྱོ་གས་ཤིན་ཏུ་བྱང་ཆ་དོད་པའི་ངང་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་ཀྱིན་འདུག
       མཁའ་མོ་སྐྱིད་ཀྱི་ཁྱོ་ག་ནི་སྨན་པ་ཞིག་ཡིན་ཞིང་། ནམ་ཡངས་འགོག་སྡོམ་གྱི་དུས་ཡུན་རིང་དུ་ལས་གནས་བརྟན་སྲུང་བྱས་པས། ཕལ་ཆེར་ཟླ་བ་གསུམ་ཙམ་ལ་འཁོར་ཞག་ཏུ་ཡོང་མ་ཐུབ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཉིང་སྐྱུར་བརྟག་དཔྱད་སོགས་ནད་ཡམས་བཀག་སྡོམ་གྱི་བྱ་བ་མང་པོ་ཞིག་ལྷོད་ཡངས་སུ་བཏང་བ་དང་བསྟུན་ནས་མཁའ་མོ་སྐྱིད་ཀྱི་ཁྱོ་གའང་ཁྱིམ་ལ་ལོག་ཐུབ་ཙམ་བྱུང་།
       ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་མཁའ་མོ་སྐྱིད་ཀྱི་ཁྱོ་ག་ཕྱིར་ཐབ་ཚང་དུ་ལོག་སོང་ལ། མཁའ་མོ་སྐྱིད་ནི་སྔར་བཞིན་མལ་ཁྲིའི་སྒང་དུ་ན་ཟུག་དང་འཇིགས་དངངས་ཀྱིས་མནར་བཞིན་ཁེར་རྐྱང་དུ་ལུས།
       མོས་མིག་ཟུང་ཤེད་ཀྱིས་བཙུམས་ནས་བསམ་བློ་ནན་གྱིས་བཏང་།
       གང་ལྟར་ཡང་། མཁའ་མོ་སྐྱིད་ཀྱིས་རང་ཉིད་ལ་མངལ་འཁོར་འདུག་སྙམ་པའི་སྣང་བ་དེ་བཟློག་མ་ཐུབ་ཅིང་། ཕྱོགས་གང་ཐད་ནས་རྟགས་མཚན་ཡང་མང་པོ་ཞིག་མངོན་པར་གསལ་བྱུང་།
       “དངོས་གནས་སྲིབ་གཤིས་སུ་གྱུར་འདུག” ཡུན་རིང་མ་འགོར་བར་མཁའ་མོ་སྐྱིད་ཀྱི་ཁྱོ་ག་ཕྱིར་སླེབས་ཡོང་ནས་ཉིང་སྐྱུར་བརྟག་འབྲས་ལ་ལྟ་ཞོར་དེ་ལྟར་བཤད།
       “ཨ……སྲིབ་གཤིས་རེད། ག་ལ་སྲིད། ང་ལ་མངལ་ཆགས་མི་སྲིད།” མཁའ་མོ་སྐྱིད་སྨྱོས་ཟིན་པ་ལྟར་ཡང་བསྐྱར་དེ་འདྲའི་སྐད་ཆ་ཞིག་ཤོར་སོང་།
       “ཉིང་སྐྱུར་བརྟག་འབྲས་ཟེར་བ་ཡིན། གདགས་གཤིས་དང……” 
       མཁའ་མོ་སྐྱིད་ཀྱི་ཁྱོ་གས་མཇུག་མཐའི་སྐད་ཆ་དེ་བཤད་མ་ཚར་གོང་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་བཤད་མཚམས་བཞག་ནས་མཁའ་མོ་སྐྱིད་ཀྱི་གདོང་ལ་ཅེར་བྱུང་།
       སྐབས་དེར། མཁའ་མོ་སྐྱིད་ནི་ཅི་ཡིན་འདི་ཡིན་མེད་པར་འདར་སིག་སིག་བྱེད།

རྩོམ་ཁུངས། ༢༠༢༤ལོའི«གངས་དཀར་རི་བོ»དེབ་བཞི་པར་བཀོད།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *