རྒྱལ་མོ་ཚ་བ་རོང་གི་མཁར་རྫོང་།

རྩོམ་ཡིག་འདི་ཐེངས་ 35 བཀླགས་འདུག

སྤྱིར་མཁར་ཞེས་པའི་གོ་དོན་ནི། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མཁར་རྫོང་སྟེ་སྔར་དཔོན་པོའི་སྡོད་ཁང་། མཁར་གྲུ་གསུམ་དང་མཁར་གྲུ་བཞི། རྡོ་མཁར། རྒྱལ་མཁར་ལྟ་བུ་ཞེས་བཀོད་ཡོད།
དག་ཡིག་གསར་བསྒྲིགས་ལས་དོན་གསུམ་ཡོད་པར་བསྟན་ཡོད། དང་པོ་ནི་ས་རྡོའི་གྱང་གི་མིང་སྟེ། ས་མཁར་རྡོ་མཁར་ཞེས་པ་ལྟ་བུ། གཉིས་པ་གྲོང་ཁྱེར་གྱི་མིང་ལ་འཇུག་པ་སྟེ་མཁར་གྲོང་གི་ཁྱད་པར་ཞེས་པ་ལྟ་བུ། གསུམ་པ་མཁའ་རུ་ཞེས་པའི་རུ་ཡིག་བསྡུས་པ་སྟེ། ནམ་མཁར་སྤྲིན་འཁྲིགས་ལྟ་བུ་ཞེས་བཀོད་ཡོད། བརྡ་དག་མིང་ཚིག་གསལ་བ་ལས་དོན་གཉིས་ལ་འཇུག་པ་བསྟན་ཡོད། དང་པོ་ནི་མཁའ་ལ་ཞེས་པའི་དོན་དང་། གཉིས་པ་ནི་རྡོ་བརྩེགས་པའི་ཁང་པའམ་རྡོས་བརྩིགས་པའི་མཁར་ཞེས་བཀོད་ཡོད། བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། སྤྱིར་རྒྱལ་པོའི་ཕོ་བྲང་དང་། དགྲ་འགོག་མཁར་རྫོང་སོགས་ཀྱི་དོན་ཡིན། སྐབས་འགར་ཁང་པ་ལ་ཡང་གོ་བ་སྟེ། མི་ལ་རས་པས་མཁར་གྲུ་གསུམ་དང་གྲུ་བཞི་བརྩིགས་ཞེས་པ་ལྟ་བུ་ཞེས་བཀོད་ཡོད།

  མཁར་རྫོང་སྟོང་གི་རྒྱལ་ཁམས་ཞེས་པའི་མཚན་སྙན་ཡོད་པའི་རོང་བྲག་རྫོང་དུ་ད་ལྟ་གནའ་བོའི་མཁར་རྫོང562ཡོད་ཅིང་། ལོ་རྒྱུས་ཀྱི་མཛད་རྗེས་རྡོ་རིང་ལྟར་ཀྲང་ངེར་འགྲེངས་ཡོད། གནའ་བོའི་མཁར་རྫོང་ནི་རྒྱལ་མོ་ཚ་བ་རོང་གི་སྲོལ་རྒྱུན་རིག་གནས་ཀྱི་ནོར་མཆོག་ཡིན་ལ། ཀྲུང་ཧྭའི་རིག་གནས་དང་ལོ་རྒྱུས་གཏིང་ཟབ་མོ་ཐེག་གི་ཡོད།

      གནའ་མཁར་ནི་མདོ་དབུས་མཐོ་སྒང་དུ་གནས་པའི་དངོས་པོ་ཐུན་མོང་མ་ཡིན་པ་ཞིག་ཡིན་ལ། བསྐྲུན་པའི་ལོ་རབས་ནི་ཧ་ཅང་ཡུན་རིང་། རྡོས་བརྩིགས་པའི་སྐྲུན་དངོས་དེ་ལ་གནའ་མིའི་བློ་རིག་འགྲན་ཟླ་བྲལ་བའི་ཉིང་བཅུད་གཏམས་ཡོད། སྤྱི་ལོ1929ལོར་རེན་ནན་ཆང་གིས་ཞི་ཁམས་རྫོང11ལ་བརྟག་ཞིབ་གནང་རྗེས། «ཞི་ཁམས་རིས་མཛོད་དམངས་སྲོལ་ལེའུ»ལས་མཁར་རྫོང་ནི་བོད་ཀྱི་འཛུགས་སྐྲུན་དངོས་པོའི་ནང་གི་མཆོག་ཏུ་གྱུར་པ་ཡིན་ཞེས་གདེང་འཇོག་གནང་ཡོད།

       འཛུགས་སྐྲུན་མཛེས་རྩལ་རིག་པའི་ངོས་ནས་བཤད་ན། གནའ་མཁར་ལས་ལག་རྩལ་རྩེར་སོན་མངོན་པ་སྟེ། ཕྱི་གྱང་བྲག་རི་ལྟར་སྲ་ཞིང་བརྟན། ནང་ངོས་མེ་ལོང་ལྟར་འཇམ་ཞིང་སྙོམས། གྱང་སྙིང་ཉ་མོའི་ཁྱུ་ལྟར་ཚགས་ཤིང་དམ་པའི་ཁྱད་ཆོས་ཡོད་པ་རེད།

       གནའ་མཁར་ལ་བཟོ་དབྱིབས་ཀྱི་ཐད་ནས་གྲུའམ་ཟུར་བཞི་དང་། ལྔ། དྲུག བརྒྱད། བཅུ་གཉིས། བཅུ་གསུམ་བཅས་དབྱེ་ཆོག སྤྱིར་བཏང་བརྩེགས་རིམ་དྲུག་པ་དང་དགུ་པ་མང་། ཟུར་ཇི་ཙམ་མང་ན་བརྩེགས་རིམ་ཡང་དེ་ཙམ་མཐོ་ལ། བཟོ་སྐྲུན་གྱི་དཀའ་ཚད་ཀྱང་ཇེ་ཆེར་འགྲོ་བ་དང་ཆབས་ཅིག བདག་པོའི་གོ་ཐོབ་མཐོ་བ་དང་རྒྱུ་ནོར་མང་བའི་མཚོན་བྱེད་ཀྱང་ཡིན་པ་རེད། འབྲེལ་ཡོད་ཡིག་ཆ་ལས་རོང་བྲག་སྤྲོ་སྣང་གྲོང་སྡེའི་ཟུར་བརྒྱད་མཁར་རྫོང་ནི་སྤྱི་ལོ༡༢༩༠ ནས༡༤༣༠ བར་བསྐྲུན་ཡོད་པར་བཤད་པ་ལྟར་ན་ད་བར་མ་མཐའ་ཡང་ལོ༦༠༠ ནས༡༠༠༠ བར་སོང་ཡོད་པ་ཤེས་ཐུབ།

       མཁར་རྫོང་ནི་རྡོ་ཡིས་བྲིས་པའི་ལོ་རྒྱུས་ལྟ་བུ་ཞིག་ཡིན་ལ། གཏམ་རྒྱུད་དང་བློ་རིག་ཚད་མེད་ཐེག་གིན་ཡོད། རི་མོ་དང་མཚོན་རྟགས་རེ་རེ་ལ་རིགས་ཁུངས་ཀྱི་ངོས་འཛིན་དང་ཆོས་ལུགས་དད་པ། སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཟབ་མོ་མངའ་ཡོད།མཁར་རྫོང་དུ་རྡོ་དཀར་པོས་སྦལ་ཁྱུང་གླང་གསུམ་གྱི་གཟུགས་དང་གཡུང་དྲུང་རི་མོ། རྡོ་རྗེ་སོགས་ཀྱི་ཕྲ་རྒྱན་བརྒྱབ་པ་ལས་རྒྱལ་རོང་གི་བོན་ཆོས་བསམ་བློ་དང་རིགས་གཞུང་མཚོན་ཐུབ། བོན་གཞུང་དུ་ཁྱུང་གིས་ས་བླ་བཟུང་། གླང་གིས་ས་སྟེང་བཟུང་། སྦལ་བས་ས་འོག་བཟུང་བ་སྟེ་ས་གསུམ་གྱི་འཇིག་རྟེན་ཆགས་ཚུལ་ཞིག་བཀོད་ཡོད་པ་ལས་ཀྱང་ཅུང་ཟད་ཤེས་ཐུབ།

       རྒྱལ་མོ་ཚ་བ་རོང་གི་མཁར་ཁང་ནི་རི་འདབས་སུ་བཞེངས་ཤིང་རང་བྱུང་ཁོར་ཡུག་དང་གཅིག་ཏུ་འདྲེས་ཡོད། ཁང་པ་དཀར་པོ་དང་རྒྱབ་ལྗོངས་སྔོ་ལྗང་གཡུ་ལ་མུ་ཏིག་གི་ཕྲ་རྒྱན་བརྒྱབ་པ་བཞིན་ལེགས་པར་བསྡེབས་ཏེ། ངོ་མཚར་ཆེ་བའི་གནའ་བོའི་ས་དཔྱད་རིག་པ་དང་དམངས་སྲོལ་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་འོ་ཆུ་གཅིག་ཏུ་འདྲེས་པ་ལྟར་གྱུར་ཡོད། ད་ལྟ་རོང་བྲག་ཏུ་མཁར་རྫོང་དང་སྡོད་ཁང་ཟུང་དུ་སྦྱར་བའི་མཁར་ཁང་སྐྲུན་པའི་སྲོལ་དར་ཡོད་ལ། ཁྱིམ་ཚང་རེར་མཁར་ཁང་རེ་ངེས་པར་ཡོད་དགོས་པའི་གོམས་སྲོལ་གྱི་རྒྱུན་སྐྱོང་བཞིན་ཡོད། བོད་ཁང་གི་ཕྱི་གྱང་དུ་ཚོན་མདོག་དཀར་ནག་དམར་གསུམ་བྱུགས་པའི་མཚོན་དོན་ནི་དཀར་པོས་གངས་རི་དང་། ནག་པོས་ས་གཞི། དམར་པོས་སྤྲིན་པ་མཚོན་ཡོད་ཅིང་། དེ་ལས་རང་བྱུང་ལ་བརྩི་འཇོག་དང་རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བྱེད་པའི་བསམ་པའི་འདུ་ཤེས་ཀྱང་ཤུགས་སུ་མངོན་ཡོད་པ་ཡིན་ནོ། །
 ཡོང་ཁུངས།:ཁམས་པའི་སྨྱན་སྦྱོར། 

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *