“ཕྱིར་ལོག་པའི་ལམ”གྱི་ཟིན་ཐོ། ​​​​​​​དཔལ་མོ།

རྩོམ་ཡིག་འདི་ཐེངས་ 35 བཀླགས་འདུག

“ཕྱིར་ལོག་པའི་ལམ”གྱི་ཟིན་ཐོ།
དཔལ་མོ།

དབྱར་ཟླ་དྲུག་པའི་ཚེས་མགོའི་ཞོགས་པ་དེར། ང་རང་ཡར་ལངས་རྗེས་མགྲོན་ཁང་དེའི་ནང་དུ་འཁྱིལ་བའི་བརྩེ་བའི་དྲི་བསུང་གི་ཆ་ཤས་ཙམ་ཡང་བསྐྱུར་མ་བཟོད་པར་ཁྱེར་ཏེ་ཤད་ཀྱིས་ལམ་ལ་ཆས་པ་ཡིན།
ཞོགས་པའི་མཁའ་དབུགས་དྭངས་ལ་ས་གཞི་ལྗང་ཞིང་སྣུམ། ཐག་ཉེ་རིང་གཉིས་ཀའི་རི་སྒང་དང་སྤང་ཐང་ཡོངས་ལ་སྨུག་པའི་སེང་རས་སྲབ་བུ་མུ་རུ་འཐེན་པའི་ཁྲོད་ན་ཆར་རྒྱུན་གྱིས་འཕྱོ་སྒེག་ངོམ་བཞིན་འདུག སྙིང་ཉེ་བའི་རོལ་དབྱངས་ཀྱི་ངོགས་སུ་ངའི་སེམས་ཚོར་དང་དྲན་སྣང་མང་པོ་ཆར་ཟིལ་མའི་བརྩེ་བར་འགྲོགས་ཏེ་དབྲ་ཁྱུང་ཚང་གི་གཞིས་སྒར་གྱི་ཕྱོགས་སུ་བསྐྱོད་པ་ཡིན།
བདེ་སྐྱིད་ཅེས་པ་ནི་ཚོར་བའི་མྱོང་སྟོབས་ལ་བརྟེན་ནས་སྐྱེས་པའི་སྣང་བ་ཞིག་ལས་ཅི་ཡང་མ་རེད། དེ་ནི་ཨུ་དམ་ཝ་ར་ཞིག་གི་བཞད་ལྷུང་ལྟར་སྐྱེན་པ་ཞིག་རེད། བརྟན་གཡོའི་ཆོས་ཀུན་མི་རྟག་སྒྱུ་མའི་ངོ་བོར་གྲུབ་པ་ཡིན་པའི་ཆོས་ཉིད་རྟོགས་ཡོང་དུས། སྙན་པའི་རོལ་དབྱངས་དང་ཟབ་པའི་བརྩེ་བ་ལ་འཛད་མཐའ་མེད་པར་འདོད་པ་ནི་ཧམ་སེམས་ཤིག་རེད་ལ་གླེན་རྟགས་ཤིག་ཀྱང་རེད། དེར་བརྟེན། ངས་རོལ་དབྱངས་ཀྱིས་ང་ལ་ཞག་གཅིག་གནང་བའི་འཇམ་ཤ་དང་རང་བྱུང་ཁམས་ཀྱིས་ང་ལ་ཐེབས་ཤིག་གནང་བའི་དཔལ་དང་ལོངས་སྤྱོད་དེ་དག་སེམས་ལ་ཡང་ཡང་བསྒོམས་ཤིང་ཉར་ཚགས་བྱས་པ་ཡིན། དེ་ནི་དྲིན་གཟོའི་རྣམ་འགྱུར་ཞིག་དང་ཚེ་ཡི་ནོམ་པ་ཞིག་ཡིན་པར་འདོད།
གལ་ཏེ་ཡུལ་དང་དུས་ཀྱི་ངོས་ནས་བར་ཐག་འོས་འཚམ་ཞིག་བཀྱེད་ནས་བལྟས་ཚེ། སྐབས་ཐོག་དེར་ང་དང་ངའི་སྙིང་ཉེ་བའི་རོལ་དབྱངས་ནི་མཛེས་ལྗོངས་ཀྱི་རྣམ་པས་ཕྱུག་པའི་རྒྱལ་ཕྱིའི་གློག་བརྙན་ལྟ་བུའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ལ་དངོས་སུ་ཞུགས་ནས་ཐིམ་འདུག ཡུལ་དུས་ཀྱིས་མ་བསྐལ་བར་དོན་དངོས་ལ་གླན་ཐལ་ན་ཧམ་སེམས་ཀྱིས་ལོང་བར་བསྒྱུར་བའི་མིག་གིས་བར་ཐག་གི་མཛེས་པས་བཞེངས་པའི་བདེ་སྐྱིད་དེ་དང་སྒྱུ་རྩལ་དེ་མཐོང་རེ་སྐན། སེམས་ཀྱི་བདེ་སྐྱིད་ནི་དབྱར་གྱི་ལོ་མའི་སྟེང་གི་ཟིལ་ཆུ་རྡོག་གཅིག་སྟེ། ཧམ་སེམས་ཀྱི་ལག་པ་རེག་ཙམ་གྱིས་འཐོར་སླ་བ་ཞིག་རེད།
ཆུ་ཚོད་གཅིག་ལྷག་གི་བཞུད་ལམ་དེ་ནི་ང་ལ་མཚོན་ན་ཤིན་ཏུ་མགྱོགས། དེ་ནི་དམིགས་ས་དེར་འབྱོར་ཚེ། དུས་ཚོད་ཀྱིས་ང་དང་རོལ་དབྱངས་ཀྱི་བརྩེ་བ་སོ་སོར་བཏང་ནས་གྱེས་བྲལ་ཐེབས་སྲིད་པས་ཡིན།
གནའ་མཁར་ཞིག་དང་ཅུང་འདྲ་ལ། ཡང་རྦད་དེ་མི་འདྲ་བའི་སྲང་ལམ་དེ་རུ་ང་རང་སར་བབས་རྗེས། རླངས་འཁོར་གྱིས་ང་ལ་ཁེར་ཧྲེང་བཞག་ཅིང་བརྩེ་ཞེན་ལྡན་པའི་རོལ་དབྱངས་ཀྱི་དྲི་བསུང་ཁྱེར་ནས་ཕྱིར་སླེབས་སོང་། གདུག་རྩུབ་ཆེ་བའི་གྱེས་བྲལ་གྱིས་ངའི་སེམས་ཀྱི་སྒེའུ་ཁུང་ནང་ལ་འཕྲོས་པའི་བདེ་སྐྱིད་ཀྱི་ཉི་ཟེར་དེ་སྐད་ཅིག་ཉིད་ལ་དེ་ལྟར་བསྒྲིབས་པ་ན། ང་ལམ་འགྲམ་དེར་ཁ་ཕྱོགས་མེད་པ་ལྟར་ཡུད་ཙམ་ལ་ལངས་ནས་འདུག་དགོས་བྱུང་། ངས་དབྲ་ཁྱུང་ཚང་གི་གཞིས་སྒར་གང་ཡིན་མི་ཤེས་པའི་སྟབས་ཀྱིས་སྲང་ལམ་གྱི་གཡས་གཡོན་ན་བོད་པའི་ཚོང་རྫས་ཀྱི་ཁྱད་ཆོས་ཕྱིར་མངོན་པའི་ཚོང་ཁང་ནང་གི་མི་འགའ་ལ་དྲིས་པ་ན། ཁོ་ཚོས་དབྲ་ཁྱུང་ཚང་མི་ཤེས་ཞེས་ཁ་གྲག་འོང་དུས། ངས་ད་གཟོད་དེ་ནི་ལྷ་སའི་བར་སྐོར་མིན་ལ་རྒྱལ་ཐང་གི་གནའ་གྲོང་ཡང་མིན་པར་གཞན་གྱིས་བོད་པའི་ཚོང་དུ་བརྫུས་ཤིང་བོད་པའི་འཛུམ་དུ་བཅོས་ཏེ་བསླུ་བར་བསམ་པའི་ཆོ་འཕྲུལ་ཞིག་ཡིན་པ་རྟོགས་བྱུང་། དེའི་སྟབས་ཀྱིས་ངས་སྐད་འཕྲིན་གྱི་ལམ་ནས་དབྲ་ཁྱུང་ཚང་ལ་འབྲེལ་གཏུག་ཞུས་པ་ན། ཡུད་ཙམ་མ་འགོར་བར་སྙིང་ཉེ་བའི་འཛུམ་རས་གཙང་མ་ཞིག་གིས་ང་རང་བསུས་བྱུང་། ལས་དབང་ནི་དེ་ལྟར་འབྲེལ་འདྲིས་མེད་ཀྱང་སྣོག་ཐབས་བྲལ་བར་ཤ་གསེང་ལ་བརྐོས་པའི་རི་མོ་ཞིག་རེད། སྐྱེ་རབས་མང་པོར་བསགས་པའི་ལས་ཀྱི་རི་མོ་གང་དེ་སྣང་མེད་དུ་སྣོག་བསམ་ན། དེ་ནི་ངེས་དང་མ་ངེས་བར་ནས་ཤ་དང་ཁྲག་གིས་མ་སྦྲེལ་ཡང་རིགས་དང་རུས་པར་བརྒྱུས་པའི་རང་ཉིད་རྩ་མེད་དུ་སྣོག་བསམ་པ་དེ་ཉིད་ཡིན།
དབྲ་ཁྱུང་ཚང་གི་ལྷན་འཛོམས་ཡོད་ཚད་ནི་ལྷིང་འཇགས་དང་རྣམ་དག་ལ་དཀྱེལ་ཡངས་དང་སྙིང་རུས་ཀྱི་ཕྲ་ཡིས་བརྒྱན་པའི་ཤེས་རིག་གི་གླིང་ག་ཞིག་རེད། དེ་ནི་བློ་འཕེར་འདོད་ཅན་རྣམས་ལ་ཤེས་རབ་དང་བྱམས་བརྩེ་ཡི་ངར་ལྡུད་ས་ཞིག་རེད། འཇའ་ཚོན་ལག་ཏུ་འཛིན་པར་སྟོང་སེམས་བཅངས་ནས་བླ་འཁྱར་བ་རྣམས་ལ་ཕྱིར་ལོག་པར་ལམ་སྟོན་གནང་ས་ཞིག་རེད། རང་ཉིད་གང་ནས་ཡོང་བ་དང་གང་ལ་འགྲོ་བར་མ་ངེས་པར་ཡོད་པ་རྣམས་ཀྱི་སེམས་ཁོང་ལ་འོད་ཀྱི་ལམ་ཐིག་འཐེན་ས་ཞིག་རེད། དེ་ནི་ད་གཟོད་ངེས་དོན་གྱི“གནའ་མཁར”ཞིག་རེད།
དེ་ནི་བློ་ཡོད་མེད་ཀྱི་གང་ཟག་མང་པོ་འཁོར་ས་ཞིག་ཡིན་ན་ཡང་། དཔལ་འབྱོར་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པའི་ཡུལ་སྐོར་ལྟེ་གནས་སྤྱིར་བཏང་བ་དེ་འདྲ་ཡེ་ནས་མ་ཡིན་པར་དམིགས་ཡུལ་གསལ་བའི་མི་རྣམས་ཀྱི་རིག་པ་དང་བློ་གྲོས་ལ་སྣེ་རྩེ་བརྡར་བར་ཁ་ལྕེ་དང་སྤོབས་པ་སྦྱོང་ས་ཞིག་རེད། ཕྱི་ཡི་ཤ་མདོག་མི་གཅིག་པ་དང་ནང་གི་ཕུགས་བསམ་མི་འདྲ་བའི་མི་རྣམས་ཀྱིས་བོར་ཟིན་པའི་ལོ་ཟླ་བསྐྱར་མཚོན་བྱེད་པའམ་བརྗེད་ཟིན་པའི་གཏམ་རྒྱུད་སླར་ཡང་རྙེད་པར་ཁ་ཕྱོགས་སྟོན་ས་ཞིག་རེད། ཡང་ན་དེ་ནི་ཕྱིར་ལོག་འདོད་ཆེ་བའི་མི་རྣམས་ལ་དྲོད་ཁོལ་སྩོལ་སའི་གཞིས་སྒར་ཞིག་རེད། གཞིས་སྒར་དེ་རུ་ལྷིང་འཇགས་ཀྱི་ཁྲོད་ན་མེ་ལྕེ་འབར་བཞིན་ཡོད་པ་མཐོང་ཐུབ་ལ། དེ་ནི་ཐབས་རྩལ་གྱི་མེ་ལྕེ་ཞིག་ཡིན་པའང་ཚོར་ཐུབ། དུས་ཚོད་དང་འགྲན་རྒྱུག་བྱེད་པའི་གང་ཟག་དེ་དག་བྲེལ་མྱུར་ངང་སླེབས་འོང་སྟེ་རང་སེམས་ཀྱི་གའུ་ནང་ལ་རྙེད་པའི་བདེན་གྲུབ་ཀྱི་རིལ་བུ་རྣམས་བསྡུ་གསོག་བྱས་རྗེས་བྲེལ་མྱུར་ངང“ཕྱིར་ལོག་པའི”ལམ་ལ་ཆས་བཞིན་འདུག གཞིས་སྒར་དེ་ལ་ཡིད་ཚིམ་དང་ཡི་རང་བཞག་ནས་འགྲོ་གིན་འདུག དེ་ནི་སྒྲིག་གཞི་དང་ལམ་ལུགས་ཀྱི་འཕྲུལ་ཆས་ལ་དཔར་བ་མ་ཡིན་པར་ཁྱད་དུ་མཚར་བའི“ལག་རྩལ”གཞན་ཞིག་ལ་དཔར་བའི་ཁྱད་ཆོས་ཐོན་ཡོད་པས་ཡིན་སྲིད། ངས་བསམ་ན་དེ་ནི་བློ་ཡོད་རྣམས་ལ་བྱབས་ཁྲུས་བྱེད་སྟངས་ཤིག་ཀྱང་རེད་སྙམ།
ཕྱི་དྲོ་ཆུ་ཚོད་བཞི་ཙམ་དུ་ང་རང་དབྲ་ཁྱུང་གཞིས་སྒར་ནས་ཕྱིར་ལམ་ལ་ཆས་དུས་དབྱར་ཟླ་དྲུག་པའི་ནང་གི་སྦྲང་ཆར་བསིལ་མས་མུ་མཐུད་དུ་རི་ལུང་སྤང་ཐང་ལ་བྱབས་ཁྲུས་གནང་གིན་འདུག་པར་བལྟས་ན། མི་ཡུལ་འདིར་འདག་ཐབས་བྲལ་བའི་དུག་གྲིབ་ཐེབས་འདུག་པ་ཨ་སྔོན་གནམ་གྱིས་མཁྱེན་ཡོད་པ་དང་འདྲ། ཡང་ན་མིའི་རིགས་ཀྱི་ཧམ་སེམས་ཀྱིས་རང་ཉིད་མུན་དོང་ལ་རྫོང་བྱེད་མ་རིག་གྲིབ་ནག་དེ་མཐོ་སྒང་གི་ཡུལ་གྲུ་འདི་ལ་འགོས་འགྲོ་བར་ཞེད་ནས་སྟེང་ཕྱོགས་ལྷ་ཆབ་ཀྱིས་གཙང་སྤྲ་བྱེད་པ་དང་ཡང་ཀུན་ནས་མཚུངས།
ཆར་རྒྱུན་གྱི་དབུས་ན་རི་སྒང་བརྟན་ཅིང་བརླིང་ལ་ས་གཞི་ལྷིང་ཞིང་འཇགས། མཐོ་སྒང་གི་དབྱར་དུས་ཧ་ཅང་ཐུང་ཞིང་གཉོམ་ན་ཡང་། མཛེས་པའི་ཡུལ་ལྗོངས་ཀྱིས་མི་སེམས་ལ་དྲོད་ཁོལ་འཁྱིལ་བའི་བརྩེ་བ་རྣམ་དག་ཅིག་སྦྲུམ་ནས་ཡོད། དེ་རུ་འཚོ་ཞིང་གནས་པའི་མི་རྣམས་ཀྱང་རང་བྱུང་ཁམས་དང་དུས་ཚིགས་རེ་རེའི་འགྱུར་ལྡོག་གིས་སྦྱིན་པའི་དགའ་སྐྱོ་མཐའ་དག་ལ་དྲིན་ལན་གསབ་པའི་སེམས་ཁམས་རེ་སྦྲུམ་ནས་ཡོད། ལས་ཀྱི་མེ་ལོང་ནང་ལ་སྐྱེ་ཁམས་ཀྱི་བདེ་སྡུག་རྣམ་པར་བཀྲ་བའི་གནས་ལུགས་ལ་ཡིད་འཇོག་དང་རྩིས་ཐང་སྤྲོད་འོས་པའི་རྣམ་འགྱུར་རེ་ཐོགས་ནས་ཡོད། དེ་ནི་ཕྱི་ཤུན་འབྱོར་བས་ཕྱུག་པར་ནང་སེམས་སྟོང་བར་མི་འཕུད་པའི་སླད་དུ་ཡིན་ལ། རྣམ་འགྱུར་དེའི་རྒྱབ་ན་བླ་ན་མེད་པའི་རིག་གནས་ཤིག་གི་མཁར་རྫོང་བཙན་པོ་ཡོད།
ད་ལྟ་ངས་རང་ཉིད་ཕྱིར་ལོག་སའི་ཕ་ཡུལ་ཟེར་བ་ཞིག་ཡོད་མེད་བཤད་དཀའ། ཡིན་ཡང་། ངས་བྲེལ་ཟིང་གི་བར་ནས་རང་ཉིད་དེ་ལྟར་རང་བྱུང་ཁམས་ཀྱི་པང་དུ་ལོག་ནས་སྙིང་ཉེ་བའི་ས་གཞི་དང་རོལ་དབྱངས་ཀྱི་བརྩེ་ཞེན་ལ་སེམས་པ་ཐེངས་གཅིག་གླན་པ་ནི་བསོད་ནམས་ཤིག་དང་ལས་འབྲས་ཤིག་ཡིན་པར་བསམས་ཡོད། །
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *