མགོ་དང་འགོ་གཉིས་ཀྱི་ཁྱད་པར་ཅུང་ཙུམ་དཔྱད་པ།

རྩོམ་ཡིག་འདི་ཐེངས་ 73 བཀླགས་འདུག


མགོ་དང་འགོ་གཉིས་ཀྱི་ཁྱད་པར་ཅུང་ཙུམ་དཔྱད་པ།
【དཔྱད་གཞིར་ཕུལ་བ】
དྷཱིཿལྷ་ལྡན།

ཁ་སང་བདག་གི་ཟིན་ཕྲན་དེ་ལ་གྲོགས་འགའ་ཞིག་གིས་མགོ་འབྲི་ནོར་མ་རེད་དམ་ཟེར་བ་བྱུང་། དེ་ལ་ལན་དང་སྦྲགས་ཏེ་དེའི་སྐོར་ཅུང་ཙམ་གླེང་ན། བར་སྐབས་ཤིག་ནས“འ་འགོ”དང“མ་མགོ”གཉིས་ཀྱི་སྐོར་ནས་རྩོད་གླེང་ཅུང་ཙམ་བྱུང་། མང་པོ་ཞིག་གིས་སྲོག་ལྡན་གྱི་ཡན་ལག་ལྔའི་ཡ་གྱལ་ལ“མ་མགོ”དང་། བྱ་བ་སོགས་ཀྱི་མགོ་ལ“འ་འགོ”དགོས་ཚུལ་ལྟ་བུ་ཞིག་བཤད་ཅིང་། དཔེ་དེབ་མང་པོར་ཡང་དེ་ག་བེད་སྤྱོད་བྱེད་ཀྱིན་འདུག་མོད། དེ་དག་ནི་ཕྱིས་འབྱུང་གི་ཚིག་མཛོད་འགའ་རེར་དེ་ལྟར་ཕྱེ་བ་དང་། སོ་སོའི་བློ་ལ་གོམས་ཤིང་མིག་ལ་བདེ་མིན་ཙམ་ལས་ངེས་པའི་རྒྱུ་མཚན་དང་སྔོན་གྱི་ཁུངས་གང་ཡོད་གསལ་བོར་མ་ངེས།
  ཡང་འགའ་རེས་ནི་སྲོག་ལྡན་ཡིན་མིན་དང་། བྱ་ལས་ཡིན་མིན་སོགས་ཀྱི་ཁྱད་མེད་པར“མགོ་དང་མཇུག་གི་ཟླས་ཕྱེ་བའི་མགོ”གང་ཡིན་ཀུན་ལ“མ་མགོ”དང་། གྲིབ་དང་ནད“འགོ་བ”སོགས་ལ“འ་འགོ”ཞེས་བེད་སྤྱོད་དེ། སྔོན་གྱི་བརྡ་སྤྲོད་པའི་གཞུང་དུའང་དེ་གཉིས་ཀྱི་ཁྱད་པར་དེ་ལྟར་བཤད་ཡོད་པས། དེ་ལྟར་འབྲི་བ་ནི་བདེ་ཞིང་ཁུངས་ལྡན་དུ་སེམས་སོ། །
  དེ་ཡང་ས་སྐྱ་པཎྜི་ཏ་ཆེན་པོས། “མགོ་མཇུག་མགོ་མ་མགོ་ལ། །ནད་སོགས་འགོ་བ་འ་འགོ་ཡིན། །”ཞེས་གསུངས་ཤིང་། མ་ཟད་སྣར་ཐང་ནས་བྱུང་པའི་དཔེ་རྙིང་དང་། འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་བྱུང་བའི་དཔེ་རྙིང་། གཞན་སྡེ་དགེ་དཔར་མ་དང་། སྣར་ཐང་དཔར་མ་སོགས་ལས་བྱུང་བའི་བཀའ་བསྟན། གསུང་འབུམ། རྣམ་ཐར་སོགས་སུ་ཡང་ཕལ་ཆེར་འདི་ལྟར་བེད་སྤྱད་གནང་ཡོད་དེ། དཔེར་ན། “སེམས་བསྐྱེད་ཀྱི་མགོ་དེ་ནས་བཟུང་།” “སྦྱིན་པའི་མགོ་དེ་ནས་བརྩམས།”“ཡི་གེའི་མགོ་ནས།”“ཤིང་ཏ་ལའི་མགོ”ཞེས་སོགས་ཤིན་ཏུ་མང་བ་དེ་གས་འཐུས་པས་རྒྱས་པར་མ་གླེང་ངོ་། །
  ༢ ཞར་བྱུང་སྤྱིར་མས་འཕུལ་གཉིས་འཇུག་ཚུལ།
  སྤྱིར་སྔོན་གྱི་ཡིག་རྙིང་དག་ཏུ་མོ་དང་ཤིན་ཏུ་མོ་སྟེ“མོ་འཕུལ་གཉིས”རེས་མོས་སུ་སྤྱོད་པ་ཤིན་ཏུ་མང་བས། དེ་གཉིས་འདམ་ང་ལྟ་བུ་བྱས་ཀྱང་མི་རུང་བ་ཆེར་མེད་དེ། དེ་ཡི་དཔེ་བརྗོད་འགའ་བཀོད་ན།
  ༡ “མགྲོན”དང“འགྲོན”་ལ་མཚོན་ན། ས་པཎ་གྱིས། “མ་བོས་འགྲོན་པོ་འ་འགྲོན་ལ། །བོས་པའི་མགྲོན་པོ་མ་མགྲོན་ཡིན། །”གསུངས་མོད། སྔོན་གྱི་ཡིག་རྙིང་དག་ཏུ་དེ་གཉིས་ངེས་མེད་དུ་སྦྱར་ཡོད་ལ། ད་དུང་སྔོན་ཆད་དངུལ་དུའང་སྤྱོད་པའི“འགྲོན་བུ”ལའང་། “འགྲོན་བུ”དང“མགྲོན་བུ”ངེས་མེད་དུ་སྦྱར་ཡོད།
  ༢ “འཚམས”དང“མཚམས”ལ་མཚོན་ན། ང་ཚོས་དེང་སང“འཚམས་འདྲི”སོགས་ལ“འ་འཚམས”དང་། “ས་མཚམས”སོགས“མ་མཚམས”འདི་འབྲི་མོད། སྔོན་གྱི་ཡིག་རྙིང་དག་ཏུ་དེ་གཉིས་ངེས་མེད་དུ་སྦྱར་ཡོད། དཔེར་ན“མཚམས་ལ་བསྡད།”“འཚམས་ལ་བསྡད”ཅེས་སོགས་ལྟ་བུའོ། །
  ༣ “འགྱོགས”དང“མགྱོགས”ལ་མཚོན་ན། ང་ཚོས“ཁྲི་དྲུག་འགྱོགས་ལྟ་བུ་ལ་འགྱོགས”དང་། “བང་མྱུར་བ་ལ་མགྱོགས”འབྲི་མོད། སྔོན་གྱི་ཡིག་རྙིང་དག་ཏུ་མྱུར་བ་ལའང་པོ་ཏི་རེའི་མགོ་ནས་མཇུག་བར་མགྱོགས་རྐྱང་བྲིས་ཡོད་པ་ལྟ་བུའོ། །
  ༤ “མཇལ”དང“འཇལ”ལ་མཚོན་ན། ང་ཚོས་ཚད་དང“གྲངས་འཇལ་ལ་འ་འཇལ་དང་།” “ཞལ་མཇལ་ལ་མ་མཇལ”འབྲི་མོད། སྔོན་གྱི་ཡིག་རྙིང་དག་ཏུ་ངེས་མེད་དུ་བྲིས་ཡོད་དོ། །
  ༣ གཞན་ལའང་འགྲེ་བ།
  དེ་ལྟ་ཤིན་ཏུ་མང་བས་འབྲིར་མ་ལངས་ཏེ། མཚོན་ཙམ་བརྔོ་བགྲང་བྱས་ན། “འཚལ”དང“མཚལ།” “མཁར”དང“འཁར།” “མཆན”དང“འཆན།” “འདོ་ལི”དང“མདོ་ལི།” “འདུན་མ”དང་“མདུན་མ།”“མཁོ་མཐིང”དང“འཁོ་མཐིང་།” “མཁར་ཆུ”དང“འཁར་ཆུ།”“མཐུན”དང“འཐུན”སོགས་རབ་ཏུ་མང་བས་སོ་སོས་རིགས་འགྲེས་ནས་དཔྱད་འཚལ།
  འདི་དག་ཀྱང་ཕྱོགས་རེ་ཙམ་ཡིག་ནོར་ལ་སོང་བ་ལྟ་བུ་མིན་པར། པོསྟི་པོསྟི་བྱས་ཏེ་ཤིན་ཏུ་གྲངས་མང་བར་མ་ངེས་པར་བྲིས་ཡོད་པས་སྔོན་ནི་འདམ་ང་ལྟ་བུར་ངེས། དེ་བས་ང་ཚོས་རང་གི་བློ་དང་མིག་ལ་མ་བདེ་བ་ཙམ་རྒྱུ་མཚན་དུ་བྱས་ནས་ཐག་གཅོད་པ་ནི་མི་ལེགས་ཏེ། དཔེར་ན་དགོང་མོའི་དགོང་རྒོངས་འབྲི་བ་དང་། དགོན་པའི་དགོན་ལ་རྒོན་འབྲི་བ་སོགས་ཀྱང་ང་ཚོའི་མིག་གཏན་མི་འཚམས་ཀྱང་། སྔོན་བརྡ་སྤྲོད་ཚད་ལྡན་དག་ཏུ་དེ་དག་ཏུ་དེ་ག་ཡིན་པར་དངོས་སུ་གསུངས་པ་ལྟ་བུའོ། ། རྒྱུ་མཚན་དེས་ཞུ་དག་པ་དག་གིས་ཀྱང་ཀློག་པ་པོར་བརྡ་སྤྲོད་ཕྱིར་རྟགས་སུ་བླངས་ཏེ་བཅོས་མ་ལྟ་བུ་བཞག་པར་འགལ་བ་མེད་མོད། གཞུང་དཀྱུས་ལ་ཡོད་པ་སྙུ་གུས་བསྣོགས་ནས་བཅོས་པ་ནི་ཤིན་ཏུ་མི་ལེགས་སོ། །
  ༤ མཇུག་སྡུད།
  དེས་ན་ང་ཚོས་ད་ནས་བཟུང་འབྲི་ལུགས་གཅིག་གྱུར་ཞིག་བྱས་ན་བདེ་ཞེས་སྨྲས་ན་ནི་དོན་མི་འགྲིག་པ་མེད་མོད། ཅིག་ཤོས་ལྟར་བྲི་བ་དེ་ནོར་བའོ་ཞེས་ཁ་ཚོན་གཅོད་པ་ནི་ཅུང་ཕོ་ཚོད་ཆེ་ཞིང་། ཐག་སྔ་དྲག་པའི་ལས་སུ་སེམས་སོ། ། དེ་ལྟ་ནའང“མགོ”དང“འགོ”ཡི་ཁྱད་པར་ནི་ས་པཎ་གྱི་གསུང་དང་། སྔོན་གྱི་ཡིག་རྙིང་ཕལ་མོ་ཆེ་ལྟར་བྱས་ན་ལེགས་པར་སེམས་ཏེ། སྤྱིར་སྔོན་གྱི་ཡིག་རྙིང་དག་ཏུ“འས་འཕུལ”དང“མས་འཕུལ”གཉིས་རེས་མོས་སུ་སྤྱད་པ་མང་ནའང་། “མགོ”དང“འགོ”འདི་གཉིས་ནི་མང་ཤོས་ཀྱིས་ས་པཎ་གྱི་གསུངས་པ་ཅི་བཞིན་པར་བྲིས་འདུག་གོ། །
  ལྟ་ཚུལ་ཕྲན་ཙམ་སྨྲོས་ནའང་མི་སྒེར་གྱི་འཁོན་དུ་འགྱུར་བའི་དུས་འདིར་འདི་ཙམ་སྨྲ་བ་ཡང་ཅུང་ཁག་པར་སྣང་བས། འདི་དག་ཀྱང་བློ་སྐྱེད་རེ་རྙེད་དུ་རེ་བས་ཡིན་པ་ལས་སུ་ལའང་སུན་ཅི་ཕྱིན་དུ་རྒོལ་བ་སོགས་ནི་མིན་ནོ་ཞེས་ཀྱང་གསལ་བར་སྨྲའོ། །
རྩོམ་ཡིག་ཡོང་ཁུངས། མདོ་ལ་བོད་ཡིག་དྲྭ་བ། རྩོམ་སྒྲིག་པ། ལམ་བཟང་པོ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *