ཨ་འཇམ་སྙན་ངག་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 98 བཀླགས་འདུག
བཞུགས་སོ།།
རྒྱ་གར་བྱང་གི་ནགས་རིའི་རྩེ་མོ་ནས།།
འཛམ་གླིང་ཞི་བདེའི་སྐད་བརྡ་ཡང་ཡང་གྲགས།།
ནུབ་ཀྱི་ཤེས་རབ་རྩེ་མོ་དར་བ་ཡིས།།
རྡ་སའི་ལམ་ཐིག་དེད་ནས་ཁྱེད་ཉིད་འཚོལ།།
ཞོགས་པའི་ཉི་ཟེར་འཇམ་རླུང་འདྲེས་པ་ཡིས།།
ཁྱེད་ཀྱི་ན་བཟའ་ཅུང་ཟད་སྒུལ་བའི་ཚེ།།
དད་པའི་སྤུ་ལོང་གཡོ་བའི་རྒྱང་རིང་བས།།
རེ་བའི་མིག་ཟུང་ཧི་མ་ཅལ་ལ་ཧད།།
ཁྱེད་ཀྱི་ཞབས་ཟུང་ཅུང་ཟད་དལ་བའི་ངང་།།
ཆོས་རར་ཕེབས་པས་དགའ་སྐྱོ་ལྷན་དུ་ཁོལ།།
གློ་བུར་ནུབ་ཏུ་སྨན་བཅོས་ཕེབས་ཚུལ་ཐོས།།
ཅི་ཡིན་སེམས་སུ་འཁྲུག་ཆ་ཆེ་ཙམ་བྱུང་།།
གཅིག་སེམས་གཅིག་ལ་འཐམ་ནས་གཡོ་བ་འདིས།།
འཚོ་བའི་སྲིབ་ངོར་འཁྱག་པ་ལན་གཅིག་ཐེབས།།
གསར་འགྱུར་རེ་རེའི་ལྡེབ་ངོས་བཙལ་བ་ན།།
ཚབས་ཆེན་མིན་པའི་དྲོད་ཁོལ་ཐིགས་ཙམ་བྱུང་།།
ཁྱེད་ཉིད་སིད་སུ་བསྐོར་ནས་ཕེབས་ཚུལ་ལ།།
མིག་གིས་བསྲུངས་ནས་བྲེལ་བའི་སྣང་བ་བྱུང་།།
ཁྱེད་ཉིད་འཛུམ་ཞིང་བཞད་པའི་ཉམས་སྣང་དེས།།
རེ་བའི་སེམས་ལ་སྟོབས་ཀྱིས་ཁེངས་པར་བྱས།།
དེ་ནས་ཨ་རིའི་ཤར་གྱི་གནམ་ཐང་དུ།།
མི་ཚོགས་གྲངས་མེད་ལམ་ཆེན་ཕྲེང་དུ་བསྟར།།
ཁྱེད་ཀྱི་ཕྱག་བརྡ་དལ་དུ་སྲིང་བའི་ཚེ།།
གསོལ་འདེབས་ངུ་ངག་འདྲེས་མའི་འུར་གྱིས་ཁྱབ།།
ག་ལེར་ཆིབས་ཁ་ནེའུ་ཡོག་གཞུང་དུ་བསྒྱུར།།
སྔར་བཞིན་སྲང་ལམ་ཡོད་ཚད་བཅུམས་ནས་ཡོད།།
གནའ་བོའི་རྔ་དང་གར་གྱིས་བསུ་མ་ལ།།
ཁྱེད་ཉིད་ངལ་ཡང་ད་དུང་བཞད་བཞིན་ཕེབས།།
ཧ་ཡད་མགྲོན་ཁང་མཐའ་དང་སྲང་བར་དུ།།
བོད་པའི་འཇིག་རྟེན་གསར་བ་སླར་ཡང་འགུལ།།
ཕྱག་དང་སྐོར་བས་བྲེལ་བའི་དད་ལྡན་དག།
ཉིན་དང་མཚན་དུ་གྲོང་ཁྱེར་གཞུང་ན་འཁོར།།
སྐུ་ངལ་གསོས་ཏེ་ཉིན་འགའ་ཕྱིན་པའི་རྗེས།།
སྨན་བཅོས་ལེགས་གྲུབ་བྱུང་ཚུལ་གཏམ་བཟང་ཐོས།།
ཕྱོགས་ཀྱི་མི་རྣམས་དགའ་བའི་དགའ་སྟོན་གྱིས།།
ས་ཆེན་འདི་ཡང་ཀུ་སྒྲས་གཡོ་བར་བྱས།།
དེ་རིང་དགུང་གྲངས་གྱ་དགུའི་ཉིན་བཟང་ལ།།
ནེའུ་ཡོག་གྲོང་ཁྱེར་ཆར་བས་བྱབས་ཙམ་བྱས།།
ཞོགས་པའི་རླུང་བུ་མེ་ཏོག་ཡུ་བར་རེག།
སེམས་ཀྱི་གཤོག་པ་ག་ལེར་དབྱིངས་སུ་ཞུགས།།
༢༠༢༤ ༧ ༦ ནེའུ་ཡོག
བསམ་ཚུལ་ཕྲིས།