འཇུ་སྐལ་བཟང་སྙན་ངག་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 104 བཀླགས་འདུག
རྒྱལ་མོ་ཚ་བ་རོང་།
འཇུ་སྐལ་བཟང་།
དམར་པོ་རི་ཡི་མཐའ་སྐོར་དུ།
ཕྲེང་བ་ཐང་ལ་འཕངས་པ་ལྟར།
ང་ཚོ་འཕར་རྩ་གཅིག་ལ་དཔུང་གདང་བསྟར་རྗེས།
བྲག་གི་སྲིན་མོའི་ནུ་རིན་དེ་འཚོལ་ཕྱིར།
མཐའ་ནས་མཐའ་རུ་ཁད་ཀྱིས་གྱེས།
གནམ་སའི་མཐའ་མཚམས་ནས་ཁྱོད་ཀྱིས་རྟ་ཁ་སྒོག་ཚེ།
མདུང་རིང་གི་ཡུ་བ།
ད་དུང་བོད་ལུག་གི་བལ་འཇམ་གྱིས་དཀྲིས་འདུག
དཔའ་རྒོད་གཡུལ་ལས་ལོག་ཚེ།
གལ་ཏེ་རྟ་ཁ་ལེན་མཁན་མེད་ན།
……
རྟ་རྒོད་རྨིག་པས་རྡུལ་དམར་སློང་ཞིང་ཁྲབ་ཀྱི་བྱང་བུ་ཁྲག་གིས་གཤེར་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
ལྕགས་ཀྱི་ཐོ་ལུམ་ཀླད་ལ་བསྐོར་བཞིན་གྱད་ཀྱི་དམག་ཆེན་མདུན་ནས་འོང་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
མཚོན་ཀྱི་རྐྱལ་བ་རྩལ་གྱིས་སྒྲིལ་བཞིན་ལྗང་མོ་ལག་རིང་གདོང་ལ་མཆོང་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
མི་ལྤགས་དམར་པོའི་མདུང་དར་ཐོགས་པའི་ཤན་རྒོད་རུ་ཕྲེང་སྔུན་དུ་སྟར་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
སྟག་གཟིག་ལྤགས་པའི་རྒྱལ་མཚན་སྒྲེང་ཞིང་ཝ་རྔ་དམར་པོས་སྡར་སྙིང་གསོ་ཉིན་རང་ཅག་ཕུ་ནུའི་དཔུང་རྡང་མ་འཐོར།
སྐྱིད་དང་ཤིན་ཏུ་སྐྱིད་པའི་རྒྱལ་རབས་དགའ་བའི་སྟོན་མོ་ལོ་བཅུར་བྱེད་ཚེ་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
སྡུག་དང་རབ་ཏུ་སྡུག་པའི་དུས་སྐབས་བཙན་པོའི་རུ་ཕྲེང་དུམ་བུར་ཆད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
ཕ་ཆོས་དམར་ནག་རལ་ཁ་འཐབ་སྟེ་གཅིག་གི་བདེན་ཁ་གཅིག་གིས་འཕྲོག་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
ཕྱི་ཡི་སྣེ་ཤན་ནང་གིས་བྱས་ཏེ་རང་ཁྱིམ་འཐབ་མོ་སྡུག་གིས་སྐྱེལ་དུས་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
རྫས་ཞག་ནག་པོའི་སྤྲིན་ནག་ཁོལ་ཏེ་བཙན་རྫོང་ཟུར་དྲུག་ཁྲག་གིས་གཡོགས་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
དཔའ་བོའི་སྤར་ཁ་མཚོན་ལ་འཁྱིགས་པའི་གཡུལ་གྱི་བམ་རོས་རི་སྤྱང་སུན་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
ཡུགས་མོའི་སྡུག་སྐྲ་སྤར་མོའི་འདྲད་ཅིང་དྭ་ལེའི་འོ་དོད་གནམ་ས་འགེངས་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
ཕོ་རྒོད་རལ་བ་མར་ཁུས་བྱུགས་ཏེ་མེ་དཔུང་དམར་པོར་གསོན་སྲེག་བྱེད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
དཔའ་རྒོད་དཔུང་བ་ཐག་པས་སྦྲེལ་ཏེ་གཤེད་མའི་དུར་མཚོན་སྐེ་ལ་ལྷུང་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
ཁྲམ་ཤིང་གྲུ་བཞི་གཉའ་བར་ཕབས་ཤིང་རྒྱང་འཕུད་ལམ་དུ་སྐྱོ་གཞས་གཏོང་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
ཕུ་ཡི་རི་ཆེན་ཁ་བས་གཡོགས་ཏེ་ཕྱུགས་ཀྱི་རུས་ཀྲང་ལྷགས་པས་གཅུམ་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
མདའ་ཡི་ཞིང་ཆེན་ཐན་པས་བསྐམས་ཏེ་བང་བའི་མཐིལ་ཤིང་སེན་མོས་འདྲད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
གཅོང་རོང་དོག་མོས་ས་གཞི་འཁྱོམས་ཏེ་རི་ཆེན་ཉིལ་བས་རྒྱུ་འགྲུལ་ཆད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
གཤོང་ཆེན་ཆུ་ལོན་རགས་ཞབས་བརྡོལ་ཏེ་གྲོང་དང་གྲོང་ཚོ་མི་ཡིས་སྟོངས་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
ཡམས་ནག་གྲིབ་མ་མཐའ་ནས་རུབ་སྟེ་མཁར་ཤུལ་སྟོང་བས་ཤུ་གླུ་གྱེར་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
རྡོག་ཁྲེས་གྲུ་བཞི་ཕྲག་ལ་བླངས་ཏེ་ས་མཐའ་སྐྱ་མོ་དབྱུག་པ་འགྲིམ་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
སློག་པའི་ཐེད་ཁུང་ལག་པས་བནན་ནས་བྱང་རླུང་ངར་མའི་ལ་རྩེ་འགྲིམ་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
བཀྲེས་སྐོམ་ལྟོ་བ་སྒལ་བར་འབྱར་བཞིན་ལྡུམ་ཐུག་ཚ་མོའི་ཕོར་ཁ་རྩོད་ཉིད་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
མེད་མུག་ཁུག་སྟོང་མཆན་དུ་བཅུག་ནས་གྲོང་མཐའི་རྒན་མོར་མཐེ་བོང་སྒྲེང་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
བརྙས་བཞག་མཆིལ་མ་གདོང་ལ་ལྷུང་སྟེ་ཡི་མུག་མིག་མཐའ་ཆུ་ཡིས་བརླན་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
ལོག་སྨོན་དུད་ཐའི་མེ་ཏོག་དམར་པོས་རིགས་ཀྱི་བླ་སྲོག་བཟི་ཡོམ་བྱེད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
བསྐོས་ཐང་སྣ་ཚོགས་རྩིབ་མར་བླངས་ཏེ་ནང་གི་ན་ཟུག་སྡུག་སྲན་བྱེད་ཉིན་རང་ཅག་ཕུ་ནུའི་དཔུང་གདང་མ་འཐོར།
རྫོང་མཁར་རེ་རེ།
གྱེན་ལ་བསླངས་པའི་རལ་གྲི་ཟུར་མང་མ་རེ་རེ།
གནམ་ལྕགས་ཀྱི་ཕུར་བུ་གླིང་དྲུག་མ་རེ་རེ།
དེས། བོད་ཀྱི་གནམ་ཆེན་པོ་མཐའ་ནས་འདེགས།
གཅོང་རོང་གི་རླན་གཤེར་དུ་ཡུན་རིང་སྦངས་པས།
བུད་མེད་ཚོའི་མཁུར་ཚོས་ཀྱི་ཁྲག་རིས་ངང་གིས་དག་ཚེ།
ཁྱེད་རང་ན་ཚོད་ཅི་ཙམ་དུ་སོན།
ད་ལོ་སྐྱེས་སྐར་གྱི་སྟོན་མོ་དེ་ཤོམ་ཉིན།
ལྕམ་སྲིང་ཚོར་མགྲོན་ཤོག་ཅིག་གནང་རོགས་ཞུ་དང་།
རྒྱལ་རོང་ལགས།
བསམ་ཚུལ་ཕྲིས།