མཁན་འཆི་མེད་རིག་འཛིན་གྱི་སྙན་རྩོམ་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 177 བཀླགས་འདུག

ཁྱོས་ཤེས་ད་ཨི་མི་དགའ།

མཁན་འཆི་མེད་རིག་འཛིན་ནས།

རྩ་གསུམ་སྲུང་མའི་དཀྱིལ་འཁོར་གོང་དུ་བཤམས་ནས། །
ཐབས་ཤེས་རྡོ་རྗེ་དྲིལ་བུ་ཕྱག་གིས་འཛིན་དུས། །
ཆགས་སྡང་བརྡ་འཕྲིན་སྐྱེལ་བའི་ཁ་པར་སྒོ་ལྕགས། །
སྲུང་འཁོར་རིམ་པ་དྲུག་གི་ནང་ནས་མ་ཕྱེ། །

རྟེན་གསུམ་ལྷ་དང་བླ་མའི་ཞལ་རས་མཇལ་སར། །
དད་པའི་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་དུས། །
འུར་སྒྲས་སེམས་ཁམས་དཀྲུག་པའི་ཁ་པར་ཡོ་བྱད། །
དམ་ཆོས་སེམས་ལ་སྐོར་སའི་དྲུང་དུ་མ་འཁྱེར། །

ས་ཐག་རིང་པོས་ཡུན་རིང་ཁ་ཐག་ཕྱེས་པའི། །
ལུགས་གཉིས་མཐུན་པའི་གྲོགས་དང་མཉམ་དུ་ཐུག་དུས། །
གཏམ་གླེང་སྐད་ཆའི་བར་གཅོད་ཁ་པར་འཕྲུལ་ཆས། །
མཛའ་མཐུན་སྤུན་ཟླ་འཛོམས་པའི་བར་ནས་མ་འཇོག །

སོས་ཀའི་སྔོ་ལྗང་མྱུ་གུ་གསར་དུ་སྐྱེ་འདྲའི། །
མ་སྨིན་ལུས་ཀྱི་སྡོང་པོ་འཚར་ལོང་དགོས་པས། །
ལང་ཚོའི་ནུས་སྟོབས་འཇོམས་པའི་ཁ་པར་གློག་ཆས།།
བྱིས་པའི་ངུ་ཁག་ལེན་པའི་རྩེད་ཆས་མ་བྱེད། །

ཚེས་གསུམ་ཟླ་བའི་འཕེལ་ཁ་ཡར་ཡར་མཐོ་འདྲའི། །
ལུགས་གཉིས་ཡོན་ཏན་ཕྱོགས་ལ་སྦྱང་བརྩོན་དགོས་པས། །
མི་ཚེའི་མདུན་ལམ་དཀྲུག་པའི་འཕྲུལ་གྱི་རྩེད་མོར། །
གཞོན་ནུས་རིག་པ་སློབ་པའི་བར་ནས་མ་གཡེངས། །

ནུབ་ཁའི་རི་རྩེར་སླེབས་པའི་ཉི་མ་འདྲ་བའི། །
སྐྱིད་སྡུག་མི་ཚེའི་ལྟད་མོ་རྫོགས་ལ་ཉེ་བས། །
མ་ཎིའི་གྲངས་ཀ་གཅོག་པའི་ཁ་པར་གློག་བརྙན། །
རྒན་པོའི་ལོ་ཟླ་སྐྱེལ་བའི་སེམས་རྟེན་མ་བྱེད། །

མི་ཚེ་རླུང་ལ་སྐུར་བའི་མགྱོགས་འཕྲིན་ལྟད་མོ། །
ཁ་པར་རྒྱུད་ནས་དེད་ན་ཟད་མཐའ་མེད་མོད། །
ཆོས་དང་འཇིག་རྟེན་ལས་རེ་བསྒྲུབ་རྒྱུ་ཡོད་ན། །
ཉིན་མཚན་དུས་ཚོད་བརླག་ལ་འདི་ལས་ཐུ་མེད། །

ཤར་ནུབ་གོ་ལོའི་ཁྱོན་གྱི་བཟང་ངན་གཟུགས་རིས།།
འདར་དབྱངས་འཕྲུལ་གྱི་ནང་ནས་བལྟས་ན་ཆོག་མོད།།
འཇིག་རྟེན་སྣང་བའི་འོག་ནས་འཚོ་དགོས་འདུག་ན།།
ཞར་ལོང་མིག་གི་གཤེད་དུ་འདི་ལས་དགྲ་མེད།།

སྔ་དྲོའི་སྐྱ་རེངས་དཀར་པོ་རི་བོས་མི་ཁེགས། །
དགོང་ཁའི་གྲིབ་མ་ནག་པོ་མཛུབ་མོས་མི་ནོན། །
འཛམ་གླིང་གང་སར་དར་བའི་རྩེད་ཆས་འདི་ཚོ། །
བཀག་པས་འགོག་ཐབས་མེད་ཅེས་བསམས་ན་ཁྱོས་ཤེས། །

མཐུན་རྐྱེན་སྟབས་བདེའི་ཡོན་ཏན་མང་དུ་ཡོད་ཀྱང་།།
མི་མཐུན་གནོད་པའི་འགལ་རྐྱེན་དེ་ལས་མང་བས།།
ང་འདྲིའི་མིག་ནད་ཅན་རེར་མ་སོང་གོང་ནས།།
ཚོད་ལ་རན་རེ་བྱས་ན་ཨི་མི་དགའ་འོ།།

སྔ་རབས་སྲིད་པ་རྒན་པོས་མཐོང་ཐོས་མ་དགོས།།
མཚན་མོའི་རྨི་ལམ་ནང་དུ་འོང་བར་དཀའ་བའི།།
གྲུ་བཞིའི་ཁ་པར་ནང་གི་ཤེས་བྱ་དེད་ན།།
གོ་རྟོགས་གསར་བ་མང་ཞེས་བསམས་ན་ཁྱོས་ཤེས།།

མི་དང་འགྲོག་འདྲིས་མི་ཤེས་གཤིས་ཀ་འགྱུར་ཞིང་།།
དད་དང་སྙིང་རྗེ་ཟེར་བ་གཏིང་ནས་མེད་པའི།།
ཤེལ་མིག་ཉིས་བརྩེགས་ཅན་རེར་མ་སོང་གོང་ནས།།
ཚོད་ལ་རན་རེ་བྱས་ན་ཨི་མི་དགའ་འོ།།
ཞེས་རྩིས་འཕྲུལ་སོགས་རྐྱེན་འགས་མིག་ནད་ཅན་དུ་གྱུར་པ་འཆི་མེད་རིག་འཛིན་གྱིས་རང་མྱོང་རོགས་ལ་སྦྲས་པའི་གཏམ་འདི་གཞན་ལ་ཡི་གེར་ཕབ་ཏུ་བཅུག་པ་དགེ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *