གཅེར་བུ་པའི་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 1317 བཀླགས་འདུག


ཧེ་བག
མི་ཚེ་དོར་མ་ཕུད་པའི་ཡུན་ཚད་ལ།།
གཅིན་པས་ས་ཁ་གཤགས་པའི་རི་མོ་བྲིས།།
དེ་ཡང་སྟོན་གྱི་ལོ་མ་ཇི་བཞིན་དུ།།
ག་ལེར་ཟགས་ནས་རང་གི་མཛེས་པ་དོར།།
སུ་ཞིག་སེམས་ལ་གབ་པའི་ཡུན་ཚད་དེར།།
ཁྱེད་ཀྱིས་དོར་མ་ཕུད་དོན་ཅི་ཞིག་ཡིན།།
སྨུག་པ་གྱོན་པའི་སྐྱ་མི་སང་འགྲོ་མ།།
ཇག་གླུ་སིང་སིང་འགྲོ་རོགས་འདུག་རོགས་བྱོས།།
ང་ཡིས་གནའ་མཐའ་སྲུང་ནས་ག་ལེར་ངང་།།
ཀུ་རེ་འདི་ཚོ་སྡེ་མཐའ་མི་ལ་བྱས།།
ཕན་ཚུན་ཚོར་བ་མེད་མོད་རང་སེམས་ཀྱི།།
སྟོང་ཆ་བཙལ་ཞིང་ཁང་པ་སྲ་མོ་བྱས།།
བུ་ག་རེ་རེ་ལྷམ་ལ་བུག་ན་ཡང་།།
སྙིང་ལ་ལྷན་པ་བརྒྱབ་པའི་ཉིན་ཞག་དག།
མཁའ་དབུགས་བཙོག་པའི་ནམ་སྩ་དག་ལ་བསྔོས།།
ཁེར་འགྲོ་ཁེར་འདུག་དེ་ཡི་ཆོ་ག་ཡིན།།
འཚོ་བ་ཟེར་ནས་ཚིག་ལ་ནེམ་ཤ་གཏད།།
ཀློག་འདོད་བོར་བའི་སྒྲུང་གི་བརྗོད་བྱར་བཏགས།།
གནམ་ས་དོག་པའི་དགུན་གཞུང་འདི་ག་ནས།།
སྙིང་ལ་འཁྲི་བའི་མི་དེ་ལྷ་ཡིས་སྐྱོབས།།
ང་ལ་སྐད་ཆ་མེད་ནས་མགྲིན་པ་ན།།
ཁྱོད་ནི་ལབ་རྡོལ་འབེལ་དྲག་ཁ་མཆུ་འཁོར།།
ཚད་འདི་ཙམ་ནས་རྒས་གཉེར་དོད་པ་ན།།
ཡང་བསྐྱར་ཉིན་ཐོ་དེ་ལ་ཧེ་བག་ཤོར།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *