ཕལ་པའི་སེམས།
རྩོམ་ཡིག་འདི་ཐེངས་ 242 བཀླགས་འདུག
བོད། རིག་ལྡན་ཉི་མ།
རི་གླུ་སེམས་སུ་གོས་པའི་ཕལ་པ་ཡི་རྣམ་རྟོག །
རྒྱང་བཞུད་སྤྲིན་པའི་གར་ལ་གཡེར་བག་གིས་འཕྱོ་བ། །
ཉི་འོད་ཡོམ་ཡོམ་གཡོ་བའི་རི་ཆུ་ཡི་བར་ནས། །
མཛེས་པ་དབྱངས་སུ་འཁྱིལ་བ་དོན་མེད་ཅིག་མ་རེད། །
གྱ་གྱུའི་འཕྲང་དུ་ལུས་པའི་ཡིད་འོང་གི་དྲན་པ། །
ཚོར་སྣང་ཡན་ལག་བརྒྱད་ལྡན་རང་བྱུང་དུ་བབས་ཚེ། །
དོ་སྙོམས་དོ་མི་མཉམ་པའི་འཇིག་རྟེན་གྱི་ལྟད་མོ། །
ཅོལ་ཆུང་སེམས་ཀྱི་སྲུབས་ཀར་ལྷུང་ལྷུང་དུ་འཚང་འོང་། །
ཡེ་ནས་གཅེས་ལང་ཤོར་བའི་ཡིད་འཛིན་གྱི་སེམས་པ། །
དྲན་པའི་རྟོད་ཐག་ཆད་པའི་རྟ་རྒོད་ཅིག་ཡིན་པས། །
རྟོག་བཏགས་སྣང་བའི་རི་ཀླུང་བར་མེད་དུ་ཉུལ་བར། །
ལེ་འདེད་ཡུས་ཀྱིས་ཅི་འོང་སོ་སྐྱེ་ཡི་གཤིས་རེད། །
བལྟས་ན་ཐོལ་གྱིས་ལྡང་བ་དཔྱིད་དུས་ཀྱི་སྨིག་རྒྱུ། །
བཙལ་ན་ཕྱིར་གྱིས་བཀྱེད་པ་འཇའ་ཚོན་གྱི་རི་མོ། །
སྙིང་པོ་ཅི་ཡོད་ཅི་མེད་འདི་ཙམ་ཞིག་ཡིན་པས། །
རང་ཚོད་རང་གིས་ཟིན་ན་སྐྱིད་པོ་ཞིག་ལོས་ཡིན། །
འོན་ཏེ་ཕལ་པའི་སེམས་འདི་རིལ་རིལ་ཞིག་ཡིན་པས། །
གར་བཞག་གང་དུ་མཛའ་བའི་བདེ་འབོལ་ཞིག་མ་རེད། །
ལུས་ཤོང་སེམས་ཤོང་ཟེར་བའི་ཀོང་ཀོང་ཞིག་བྲུས་ན། །
ཕལ་ཆེར་ཁྱོད་ལ་མཛའ་བ་དེ་ཀ་རང་ཡིན་ནོ། །
བསམ་ཚུལ་ཕྲིས།