སུམ་པའི་མ་ཤགས་ཆེན་མོའི་སློབ་གསོ་རགས་གླེང་།

རྩོམ་ཡིག་འདི་ཐེངས་ 179 བཀླགས་འདུག

《སུམ་པའི་མ་ཤགས་ཆེན་མོ》གཞིར་བཟུང་ནས་བཙན་པོའི་སྐབས་ཀྱི་མི་ཆོས་སློབ་གསོའི་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ། 
མི་ཆོས་ཞེས་བྱ་བ་ནི་འཇིག་རྟེན་མི་ཡི་ལུས་ངག་ཡིད་གསུམ་དང་འགྲོ་འདུག་སྤྱོད་གསུམ་སོགས་འཇིག་རྟེན་གྱི་བདེན་དགེ་མཛེས་གསུམ་གྱི་ཚུལ་དང་མཐུན་པར་བྱ་བར་གོ་ཞིང་། ལོ་ཆེན་བཻ་རོ་ཙཱ་ནའི་ཞལ་ནས“ལྷ་ཆོས་ཐར་པ་སྒྲུབ་པར་མ་ནུས་ཀྱང་།། མི་ཆོས་དྲང་པོ་ལུགས་བཞིན་སྤྱད་པ་ན།། མཐོ་རིས་ཐར་པ་ཐོབ་པར་ཐེ་ཚོམ་མེད།། མཐོ་རིས་ཐོབ་ན་ཐར་ལམ་སྐས་ཁ་ཡིན།།”ཞེས་གསུངས་པ་ལྟར། སྔོན་བྱོན་དམ་པ་དག་གིས་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཞེས་འཇིག་རྟེན་ལུགས་གཉིས་སུ་ཕྱེ་ཞིང་། དེ་གཉིས་ཕན་ཚུན་འགལ་མེད་དུ་མཐོང་མཁན་དུ་མ་ཡོད། བཙན་པོའི་སྐབས་ནི་རིག་གནས་སྣ་མང་གི་ཁོར་ཡུག་ཡངས་པོ་ཆགས་པའི་དུས་སྐབས་ཤིག་ཡིན་ཏེ། དུས་དེར་ལྷོ་ཡི་རྒྱ་གར་དང་ཤར་གྱི་རྒྱ་ནག་གཙོས་པའི་འདབས་འབྲེལ་མི་རིགས་མང་པོའི་རིག་གནས་སྣ་ཚོགས་ནང་འདྲེན་བྱས་ཏེ། བཙན་པོའི་སྐབས་ཀྱི་སྲིད་འབྱོར་རིག་གསུམ་ཕྱོགས་ཀུན་ནས་རྒྱས་པར་མཛད། མི་ཆོས་སློབ་གསོ་ཡང་ཆེས་ཆེར་དར་ཡོད་པ་ནི། ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི《ཕུ་ནུའི་མདོ》དང《སུམ་པའི་མ་ཤགས་ཆེན་མོ》《མི་ཆོས་ཐོར་བུ》སོགས་ལ་བལྟས་ན་གསལ་པོར་ཤེས་ཐུབ། ང་ཚོས་དེང་རབས་སློབ་གསོ་ཡི་མ་འོངས་པར་བསམ་བློ་གཏོང་དུས། ཐོག་མར་སྲོལ་རྒྱུན་མི་ཆོས་སློབ་གསོ་ཡི་རྣམ་པ་དང་ཁྱད་ཆོས། ལོ་རྒྱུས་བཅས་ལ་ངེས་ཤེས་འདྲོངས་དགོས། གདོད་ནས་གྲུབ་པའི་རང་གི་ཐུན་མོང་མ་ཡིན་པའི་མི་ཆོས་སློབ་གསོ་ནི་རི་མཐོ་ཞིང་ས་གཙང་བའི་མཐོ་སྒང་གི་ཡུལ་ལུང་འདི་ཡི་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཆོས་ཉིད་དང་མཐུན་ཞིང་། ཚེ་སྲོག་གི་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། མཛེས་དཔྱོད་ལྟ་ཚུལ་བཅས་ཀྱང་གནས་འདི་ཡི་སྐྱེ་ཁམས་ཁོར་ཡུག་དང་ཆུ་ལ་ཆུ་བཞག་དང་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་འདྲེས་ཡོད་པས། སློབ་གསོ་ཡི་སྐྱེ་ཁམས་ཐུན་མོང་མ་ཡིན་པ་ཞིག་ལས་བྱུང་བའི་རིག་པའི་དཔལ་ཡོན་ཞིག་ཡིན། འདིར་ཧྥ་རན་སིར་ཉར་བའི་ཏུན་ཧོང་གཏེར་ཡིག《སུམ་པའི་མ་ཤགས་ཆེན་མོ》ཞེས་པ་གཞིར་བཟུང་ནས་བཙན་པོའི་སྐབས་ཀྱི་མི་ཆོས་སློབ་གསོ་ཡི་སྐོར་ལ་རགས་ཙམ་གླེང་བར་བྱ།
བདེན་པ་དང་དྲང་པོ་ནི་མི་ཆོས་ཀྱི་རྩ་བ་ཡིན།
བཙན་པོའི་སྐབས་ཀྱི་མི་ཆོས་སློབ་གསོ་ལས་མི་བདེན་པ་དང་དྲང་པོ་ཞིག་བྱེད་རྒྱུ་ནི་མི་ཞིག་གི་རྩ་བའི་ཆ་རྐྱེན་ཞིག་ཏུ་བརྩིས་ཡོད་དེ།《སུམ་པའི་མ་ཤགས་ཆེན་མོ》ལས།“ཡ་རབས་རྒྱ་ཆེ་ནི་ཚིག་བརྟན་ལ། མ་རབས་ཁ་སྒྲིན་ནི་ཚོར་ངེས”ཞེས་མི་ཡ་རབས་ནི་བློ་ཁོག་ཡངས་ཤིང་ཆེ་ལ། ཁ་ནས་བཤད་པའི་ཚིག་ལ་འགྱུར་བ་མེད་པར་བདེན་པ་བདེན་ཐུབ་དང་དྲང་པོ་དྲང་བཞག་ཅིག་ཡིན་པ་དང་། མ་རབས་ནི་དེ་ལས་ལྡོག་སྟེ། བཤད་པའི་ཚིག་ལ་ཡིད་མི་ཕེར་བ་དང་གཏམ་ལ་ཆ་འཇོག་ཅི་ཡང་མེད་པ་ཞིག་ཡིན། དེ་བཞིན་དུ《ཕུ་ནུའི་མདོ》ལས་ཀྱང་།“ཉེས་པ་ཡོན་པོ་བྱེད་བྱེད་དེ། གསོན་བབས། དྲང་པོ་སྙོམས་པ་བྱེད་དེ་ཤི་ཡང་བླ་བ་ཚམ་དུ་སྲན་གཟུགས་དགོས་སོ།།”ཞེས་རྫུན་དང་གཡོ་སྒྱུ་ཡི་ལས་ལ་མགོ་འཁོར་ནས་གསོན་པ་ལས། དྲང་པོ་དང་བདེན་པ་བྱས་ནས་ཤི་ཡང་ཆོག་སྙམ་པའི་བསམ་བློ་སྟེ། བདེན་པ་སྲོག་ཏུ་བཟུང་དགོས་པར་སྐུལ་འདུག འདི་ནི་བཙན་པོའི་སྐབས་ཀྱི་མི་ཆོས་སློབ་གསོ་ཡི་རྩ་བའི་རྩ་དོན་ཞིག་ཏུ་འདོད་དེ། མི་བདེན་པ་ཞིག་ཡིན་མིན་ནི་ཡ་རབས་དང་མ་རབས་ཀྱི་དབྱེ་བ་འབྱེད་པའི་གཞི་རྩ་ཡིན་ལ། མི་མཆོག་དམན་གྱི་ཚད་གཞི་ཞིག་ཀྱང་ཡིན། དེ་ལྟར་ཕ་མས་བདེན་པ་སྲོག་ཏུ་བཟུང་ནས་འཇིག་རྟེན་གྱི་བྱ་བ་ཆེ་མ་ཆུང་གསུམ་ལ་ཞུགས་ན། བུ་ཕྲུག་ཀྱང་ཕ་མ་བཞིན་ཚིག་བརྟན་ལ་བློ་ཁོག་ཡངས་པ། བརྩོན་པ་ཆེ་ཞིང་ལག་གཙང་བ་ཞིག་ཏུ་ཡོང་ངེས་ལ། དེ་ལས་ལྡོག་ནས་ཕ་མ་བྱ་ངན་སྤྱོད་ངན་ལ་ཞུགས་ན་བུ་ཕྲུག་ཀྱང་ཆུ་ངན་ལམ་ཞུགས་སུ་འགྲོ་ངེས་ཡིན་ཏེ།《སུམ་པའི་མ་ཤགས་ཆེན་མོ》ལས། “མ་མཛངས་བུ་མཛངས་ན་ནི་གསེར་ལ་གཡུ་སྤྲས་ལ།། མ་ངན་བུ་ངན་ན་ནི་ཁང་རུལ་དུ་ལུད་སྤུངས་པ་དང་འདྲའོ།།”ཞེས་གསུངས་འདུག འདི་དག་ལས་ང་ཚོས་བཙན་པོའི་སྐབས་ཀྱི་མི་ཆོས་སློབ་གསོ་ཡི་ནང་ལ་བདེན་པ་དང་དྲང་པོ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་འཛིན་གྱིན་ཡོད་པ་རྟོགས་ཐུབ།
བསླབ་པ་སློབ་གཉེར་ནི་མི་ཆོས་ཀྱི་ལམ་རིམ་ཡིན།
འཇིག་རྟེན་གྱི་འཁོར་བ་སྐྱོང་ཚུལ་དང་འཚོ་ཚིས་སྒྲུབ་སྟངས་སོགས་ཀྱི་རིག་གནས་ལ་སློབ་སྦྱོང་བྱེད་རྒྱུ་ནི་མི་ཡི་འཇོན་ཐང་དང་ནུས་པ་སོགས་ཇེ་མཐོར་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་ཡིན་ལ། སློབ་སྦྱོང་བྱས་པ་ལ་བརྟེན་ནས་རང་གི་སྐྱོན་ཆ་ཇེ་ཉུང་དང་འཇོན་ཐང་ཇེ་ལེགས་སུ་གཏོང་ཐུབ། དེ་བས་བཙན་པོའི་སྐབས་ཀྱི་མི་ཆོས་སློབ་གསོ་ཡི་ནང་དུ་བསླབ་པ་དོན་དུ་གཉེར་བ་ནི་འཇིག་རྟེན་མི་ཆོས་ཀྱི་ལམ་གྱི་རིམ་པ་གལ་ཆེན་ཞིག་ཏུ་འཛིན་བཞིན་ཡོད་དེ།《སུམ་པའི་མ་ཤགས་ཆེན་མོ》ལས།“བུ་ཚ་བསྐྱེད་དེ་སློབ་སྦྱོང་མ་བྱས་ན་ནི་གཏི་མུག་གི་གཞི་སྟེ།། བསྐྱེད་པའི་དོན་མྱེད་ལ།། ལྟོ་རྒྱབ་ཀྱི་གྲོན་ཆེ་འོ།།”ཞེས་པ་ལས། ང་ཚོས་བཙན་པོའི་སྐབས་ལ་སློབ་གཉེར་བྱེད་རྒྱུ་ནི་མི་ཞིག་གི་རང་རྒྱུད་ཀྱི་མ་རིག་པ་དང་གཏི་མུག་ཐམས་ཅད་སེལ་ཐབས་ཀྱི་རྒྱུད་ལམ་གལ་ཆེན་ཞིག་ཡིན་ལ། དེ་ཉིད་དོན་དུ་མ་གཉེར་ན་བུ་ཚ་བསྐྱེད་ཀྱང་རིན་ཐང་མངོན་འགྱུར་བྱེད་མི་ཐུབ་པའི་གནས་ལུགས་བརྗོད་ཡོད། དེ་བཞིན་དུ། ཏུན་ཧོང་གཏེར་ཡིག《གནའ་མི་མཛངས་པའི་དཔེ》ཞེས་པ་ལས་ཀྱང་།“མ་བསླབས་ནྀ་མྱི་ངན་པའི་ཆོས”ཞེས་དང་།“གསེར་ཕྱྀ་སྒྲོ་བ་གང་བས་ནྀ་ཡིགེ་བམ་པོ་གཅྀག་དགའ་ཞེས་བྱ་འོ།།”ཞེས་གསུངས་འདུག འདི་དག་ལས་བཙན་པོའི་སྐབས་ཀྱི་མི་ཆོས་སློབ་གསོ་ལས་བསླབ་པ་སློབ་གཉེར་ནི་འཇིག་རྟེན་མི་ཆོས་ལ་འཇུག་པའི་ལམ་གྱི་རིམ་པ་གལ་ཆེན་ཞིག་ཡིན་པའི་གནས་ལུགས་བསྟན་འདུག་ལ། དེང་སང་ཡང་རྒྱལ་ཁབ་དང་མི་རིགས་གང་ཞིག་ལ་མཚོན་ན་ཡང་། དེའི་སྲིད་འབྱོར་རིག་གསུམ་གྱི་མངའ་ཐང་རྒྱས་ཐུབ་མིན་ནི་སློབ་གསོ་འཕེལ་རྒྱས་སུ་སོང་མིན་ལ་འབྲེལ་བ་ཟབ་མོ་ཡོད་པ་རྟོགས་སླ། བཙན་པོའི་རྒྱལ་རབས་ཀྱི་སྟོབས་ཤུགས་བསྐྱེད་ཐུབ་པ་ནི་རིག་གནས་དང་སློབ་གསོ་ཡི་ཐད་ནས་ཀྱང་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད་པ་དང་འབྲེལ་བ་ཟབ་མོ་ཡོད་ལ། དུས་སྐབས་དེ་ནས་བཟུང་རང་གི་རིག་གནས་གཞི་རྩ་བྱས་ཏེ་སྟོད་སྨད་ཀྱི་ཡུལ་ལུང་མང་པོ་ཞིག་ནས་གཞན་གྱི་ཆོས་དང་རིག་གནས་ཀྱི་ཉིང་བཅུད་བོད་དུ་དྲངས་ཏེ། རིག་གནས་སྣ་མང་གི་ཁོར་ཡུག་ཅིག་ཆགས་ཐུབ་པ་ནི་སློབ་གསོ་གཙིགས་སུ་བཟུང་བ་དང་རིག་པར་དོན་གཉེར་ཐུབ་པའི་སྙིང་སྟོབས་དང་འབྲེལ་བ་ཟབ་མོ་ཡོད་པས། ང་ཚོས་སྔོན་གྱི་མི་ཆོས་སློབ་གསོ་ཡི་སྲོལ་བཟང་པོ་ལ་སློབ་སྦྱོང་བྱས་ནས། རིག་གནས་སྣ་མང་འཚང་ཁ་བརྡོལ་བའི་དུས་རབས་འདིར། རང་གི་རིག་གནས་ཀྱི་རྩ་བ་མ་བོར་བའི་རྨང་གཞིའི་ཐོག་ནས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་མི་ཆོས་རིག་གནས་ལ་སློབ་སྦྱོང་བྱེད་དགོས།
ཞི་མཐུན་དང་ཆོག་ཤེས་ནི་མི་ཆོས་ཀྱི་མཛེས་རྒྱན་ཡིན།
བཙན་པོའི་སྐབས་ནས་རང་རེར་སྤྱི་ཚོགས་འཆམ་མཐུན་ཡོང་བ་དང་འདོད་ཆུང་ཆོག་ཤེས་དགོས་པའི་མི་ཆོས་སློབ་གསོ་ཡི་རྩ་བ་ཚུགས་ཟིན་ཏེ།《སུམ་པའི་མ་ཤགས་ཆེན་མོ》ལས།“ངག་ཁྲོ་བོས་ནི་ཕ་རོལ་པོའི་ཞེ་གཅོད་ལ།། སེམས་གཏུམ་པོས་ནི་རང་གི་སྲོག་ལ་ཟ་ལང་བྱེད།།”ཅེས་ངག་འཇམ་ཞིང་སེམས་ཞི་བར་གནས་དགོས་པར་སྐུལ་བ་དང་། འདོད་ཆུང་ཆོག་ཤེས་དགོས་པའི་སྐོར་ལ།《སུམ་པའི་མ་ཤགས་ཆེན་མོ》ལས།“ཆང་དད་ཅན་གྱིས་ཐུངས་ནི་ངོམ་པའི་དུས་མྱེད་ལ།། ནོར་དད་ཅན་གྱིས་ནོར་མཐོང་ན་ནི།། ལུས་བཙོངས་ཀྱང་ཆོག་མྱི་ཤེས་སོ།།”ཞེས་པ་དང་།“མྱི་ཕྱུག་པོ་ལ་ནི་དབང་པོ་ནོར་དད་ཅན་གྱིས་ཕུང་ལ།། མྱི་འཛངས་པ་ནི་ངན་པ་ཕྲག་དོག་ཅན་གྱིས་བརླག་གོ།”ཞེས་ཆང་ལ་དགའ་བའི་མི་དག་གིས་ཆང་འཐུང་ན་ཚོད་མི་ཟིན་པ་དང་། རྒྱུ་ནོར་ལ་ཧམ་སེམས་ཅན་དག་གིས་རང་གི་ལུས་བཙོང་ན་ཡང་ངོམ་པ་མེད་ཅེས་འཇིག་རྟེན་སྲེད་པའི་ཆོས་ལ་ཆོག་ཤེས་དགོས་པའམ་ཚོད་ཟིན་དགོས་པར་སྐུལ་མ་བྱས་ཡོད་པ་དང་། དེ་བཞིན་ཕྱུག་པོ་ཕུང་པའི་གཞི་མ་ཡང་རྒྱུ་ནོར་ལ་ཆགས་ཞེན་ཆེ་དྲགས་པ་དེ་ཡིན་ཚུལ་བཤད། དཔལ་འབྱོར་འགྲན་རྩོད་ཀྱི་ཚ་རླབས་དྲག་ཏུ་འཕྱུར་བཞིན་པའི་དེང་གི་དུས་འདིར། མི་ཆོས་སློབ་གསོ་འཐུས་ཚང་བ་ཞིག་ཆགས་མ་ཐུབ་ཚེ། མི་རྣམས་རང་སེམས་ལྷོད་ལ་ཕབ་ནས་རང་རང་གི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པར་འབད་པ་ལྷུར་ལེན་བགྱི་བའི་ལམ་ལ་ཞུགས་ཐུབ་དཀའ། དེ་བས་ང་ཚོས་མེས་པོ་དག་གི་ལོ་ངོ་སྟོང་ལྷག་གི་ཡར་སྔོན་ནས་རྒྱུད་ལ་གོམས་ཤིང་ཡིད་ལ་འཇགས་པའི་མི་ཆོས་འདི་དག་ལ་སློབ་སྦྱོང་བྱས་ཏེ། རང་ཚུགས་ཟིན་པའི་མི་ཆོས་སློབ་གསོ་ཡི་རྩ་བ་ཚུགས་པར་འབད་པ་བྱེད་དགོས་སོ། །
དཔྱད་གཞིའི་ཡིག་ཆ།
1. བཙུན་ལྷ་ངག་དབང་ཚུལ་ཁྲིམས། 《བརྡ་བཀྲོལ་གསེར་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ》 [K] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2023ལོ།
2. ཆབ་འགག་རྟ་མགྲིན། 《ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་མི་ཆོས་ཡིག་ཚངས་དང་དེའི་ཀློག་འགྲེལ་བློ་ལྡན་དགྱེས་པའི་བདུད་རྩིའི་བུམ་བཟང》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2022ལོ།
3. གོ་ཤུལ་གྲགས་པ་འབྱུང་གནས། 《གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ》[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2012ལོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།  

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *