ཨ་འཇམ་སྙན་ངག་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 156 བཀླགས་འདུག
ལམ་ཐིག
་་་་་་་་་ཁ་ན་ཏྲར་ཕྱིན་པ།
དགུན་གྱི་གསེང་ལ་ཡིབ་པའི་ཉི་མ་རིད།།
ལོ་མའི་རླུང་བུ་ཤག་ཤག་མཐའ་ལ་འཚང་།།
བྱང་ལམ་གྱ་གྱུར་བྲིས་པའི་སྒྱུ་རྩལ་ལ།།
སེམས་འདི་འཐེན་པའི་དུ་བ་རིང་མོར་བྱས།།
ལྗོན་པའི་ཡལ་གར་བྱེའུ་་གླུ་ལ་འགྲན།།
ནམ་མཁའ་སྐྱ་བོས་སྨུག་པ་ཙག་ལ་འདེད།།
གཙང་བོ་རྙིད་པོས་ཐང་གཞུང་བྱིལ་བྱིལ་འཁྱུད།།
རོལ་མོ་བཞུར་བའི་རླངས་འཁོར་འུར་ལ་དྲངས།།
སྨུག་པ་ཕྲ་མོས་རི་ཐང་སེང་རས་འབྲི།།
ས་གཞི་སྐྱ་བོས་དུས་ཀྱི་སྐྱོ་ཤས་འདྲེན།།
ཐག་རིང་ཐག་རིང་རི་དྭགས་མི་ཟིན་ཀྱང་།།
སེམས་ཀྱིས་དེད་པའི་འཕྲུལ་བ་ཡན་པོར་རྒྱུ།།
ཁྲུང་ཁྲུང་བསྟར་མས་ནམ་མཁར་གཤོག་རྡང་སྦྲེལ།།
ཤིང་ཁང་དཀར་བོ་ཚོམ་བུར་མཚམས་རེར་རྙེད།།
ཞིང་ས་གྲུ་བཞི་དྲ་བས་ཐང་གཞུང་བཟུང་།།
ལམ་འགྲམ་ལྗོན་པའི་ཕྲེང་བ་འདྲེན་ཞིང་བསྐྱུར།།
ལམ་རྟགས་རི་མོས་ཐིག་གི་ས་ཡིག་འབྲི།།
གློག་འོད་དྲང་མོས་མཚན་གྱི་ཁོག་རིང་བརྟོལ།།
གྲིབ་གཟུགས་འོག་གི་མགྲོན་ཁང་ཁེར་རྐྱང་དུ།།
ཞག་གི་ངལ་དུབ་དྲོད་རླངས་ཁྲོད་ནས་བསལ།།
ཞོགས་པའི་མཁའ་དབུགས་བན་བུན་ངང་དུ་འཁྱིལ།།
ནེ་རྒར་རྦབ་ཆུ་འཚོལ་བའི་ས་སྣེ་རྙེད།།
རྒྱལ་མཚམས་སྨུག་པས་བཅུམ་པའི་ཁ་སོ་ནས།།
ལམ་ཡིག་གོང་ཆེན་ཟུར་མིག་ཙམ་དུ་བྱས།།
ཁ་ཆར་འདྲེས་མའི་བསུ་མ་དང་བོ་བྱས།།
མགྱོགས་ཚད་ཅུང་ཟད་འགྱུར་བའི་གཞུང་ལམ་དུ།།
བཟའ་ཟླ་ངེད་གཉིས་རྒྱལ་ཁམས་མགྲོན་པོསྟེ།།
ཐྲོ་རོན་ཐྲོ་ལ་ཁ་མིག་གཏད་ནས་གཤར།།
ཁ་བ་འབབ་ཡུག་ཅུང་ཟད་རྒོད་ཙམ་བྱས།།
བན་བུན་མདུན་ལྗོངས་གཞན་ཡུལ་ཡིན་པར་བྱས།།
གྲོང་བའི་ཤིང་ཁང་བཀོད་པ་སྔར་བཞིན་དུ།།
རྒྱལ་ཁམས་གསར་བའི་བརྡ་ཡིག་མ་རྙེད་ཐལ།།
ཕྱི་དྲོའི་ཁ་ཡུག་འཚུབ་པའི་སྲང་ལམ་དུ།།
སྒོ་རྟགས་ཉེར་བདུན་ཚང་གི་འཛུམ་དེ་རིག།
བལྟས་ན་སྣང་བ་དྭངས་པའི་མི་གཤིས་ལ།།
མྱོང་ན་གཏམ་རྒྱུད་མང་བའི་ཚོར་བ་བྱིན།།
འཚམས་འདྲིའི་ཚིག་གི་དར་ཁ་བསྒྲོན་པ་ན།།
སོས་དལ་འོ་ཇས་གཏམ་གྱི་སྒོ་མོ་ཕྱེས།།
བྱིས་པའི་ལས་དབང་གླེང་བའི་ཁ་ལྕེ་ཡིས།།
གཡག་རྒོད་ཅིག་གི་ཁྱད་ཆོས་གསལ་ལེར་མཇལ།།
སྡུག་དང་གདུང་བ་གསོ་བའི་རིག་གནས་ལ།།
རྩ་བའི་བླ་མའི་ཞལ་རས་སྒོམ་པར་སྐད།།
ཧབ་ཆ་རེ་རེ་འཚོ་བར་བརྒྱུས་པ་ན།།
སྨུག་པའི་ནང་གི་དུས་ཚོད་སྐད་ཅིག་ཡལ།།
སྐད་ཡིག་གླེང་བའི་ཤེད་ཀྱི་རྩ་ཚིག་གིས།།
ཚ་དང་ན་བའི་འཇིག་རྟེན་བོར་ཏེ་ཐལ།།
སྐད་མགོ་མཐོ་བའི་ཁ་ན་ཏྲ་ཡི་མཚན།།
རྨི་ལམ་ཞིག་ཏུ་སྤྲུལ་བའི་སྣང་བ་ཡོམ།།
མཚན་ཞིག་གློ་བུར་བརྒལ་བའི་ནངས་མོ་ལ།།
ཕྱོགས་ཀྱི་མགྲོན་པོ་སྐོར་རེ་སྐོར་རེ་འདུས།།
བྱིས་སྒྲུང་ལྟ་བུའི་འདས་དོན་ཐང་གང་ཡང་།།
གཙང་བོ་ཞིག་གི་ཆ་རུ་འཇོག་དགོས་བྱུང་།།
དོན་གྲུབ་ཕུན་ཚོགས་ཚུལ་སྙིང་བཤད་སྒྲུབ་དང་།།
ཡེ་ཤེས་རྗོའུ་ལེ་བསྟན་འཛིན་སྒྲོལ་པེ་སོགས།།
མཁས་གྲུབ་ཚང་གི་ཤིང་ཁང་གྲུ་བཞིར་འདུས།།
ཤ་མོག་བཅའ་བའི་འུར་ཁ་འགྲན་པར་བྱས།།
རིགས་དང་ལོ་རྒྱུས་བརྡ་ཐབས་སྣ་ཚོགས་ལ།།
རང་གིས་བཏགས་པའི་སྒྲོ་སྤུ་ལེགས་པར་བྱས།།
རྩོད་པ་ཀུ་རེ་འདྲེས་པའི་དགུན་ཁ་འདི།།
ནམ་མཁའ་དྭངས་པ་ཨ་ཞང་ལོ་ལོ་བྱས།།
དེ་ནས་ལྡོང་བ་ཕྱིང་གུར་རྒྱལ་ལོར་མཇལ།།
ཕྱི་ནང་གཏམ་གྱི་མཛོད་ལ་ཐུག་པ་འདྲ།།
ནང་གི་ན་ཟུག་རེ་ལ་རེག་པ་འདྲ།།
སྤྱི་ཚོགས་རིག་པའི་མིག་ཤེལ་ཆེ་བ་མཇལ།།
བྱིས་པའི་འཇིག་རྟེན་འཚོལ་བའི་ཨ་ཕ་ཞིག།
མི་ཚེ་གཞན་དོན་དམིགས་པའི་འཁྱམ་པོ་ཞིག།
ཡོད་ཚད་བརྩོན་པས་འདེད་པའི་གཡག་རྒོད་ཅིག།
ཐྲོ་རོན་ཐྲོ་ན་ད་དུང་ངར་གྱིས་བརྟས།།
བླ་མ་སེམས་ངོར་བཏབ་པས་མ་གཟེར་སྐད།།
རི་མོ་བྱིས་པར་ཕུལ་བས་མ་རྒས་སྐད།།
བརྩེ་བ་དྲོན་མོས་སྲུང་བས་མ་དཀའ་སྐད།།
ཁྱོད་ཀྱི་འཛུམ་དེ་རང་ག་བ་ཞིག་མིན།།
གྲོང་ཁྱེར་ཁང་རྩེག་ཤོམ་གྱིས་མ་ཁུགས་པའི།།
མི་དང་མི་ཡི་ཤེས་རབ་འཕྲད་ཚུལ་གྱིས།།
དུས་ཚོད་རེ་རེ་ཕངས་སེམས་མེད་པར་བཞུར།།
འགྲུལ་བཞུད་ལམ་ནི་དཀར་བས་སེམས་འདི་སྐྱིད།།
བསམ་ཚུལ་ཕྲིས།