འཛུམ་གྱི་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 226 བཀླགས་འདུག


འཁྱམ་པོའི་གླུ།
•འཛུམ།

མི་ང་ཚོའི་མིང་ལ་འཁྱམ་པོ་ཟེར།།
ཡུལ་མེད་ནས་འཁྱམས་སོང་ཅི་ཡིན་ཏེ།།
སྐྱིད་དགོས་ན་མི་འཁྱམ་ཅི་འཁྱམ་རེད།།
འདི་དེ་རིང་འཚོ་བའི་ཉིང་དགོས་རེད།།
ད་དུས་ཚོད་མི་འདུག་མ་ཟེར་ཡ།།
ས་ག་བ་སྐྱིད་ན་དེ་ལ་འགྲོ།།
ཡུལ་གང་དུ་སྤྲོ་ན་དེ་ལ་འཁྱམ།།

ལུས་ངལ་ནས་མ་བསྡད་ཕར་ཚུར་སོང་།།
སེམས་དུབ་ནས་མ་ཉལ་ཡར་མར་སོང་།།
ཡུལ་མཛེས་པོ་ལྗང་གྷལ་ཀེམ་ལ་སོང་།། 1
གྲོང་གྲོང་བརྡལ་རེ་རེ་བརྒལ་ནས་སོང་།།
ལམ་ཡག་བཙོག་གཉིས་ཀ་དེད་ནས་སོང་།།
ནགས་རྒྱ་རྫོང་འཐུག་པོ་བརྒྱུད་ནས་སོང་།།

རྐང་ལྷམ་ཆུང་འཁོར་ལོ་བསྐོར་ནས་སོང་།།
ངག་གླུ་ཆུང་གཏེར་སྒོ་ཕྱེས་ནས་སོང་།།
ཞལ་འཛུམ་ཆུང་སྣང་བ་གྲོལ་བཞིན་སོང་།།
ལག་མཛུབ་རྩེར་ཁ་པར་ཐོགས་བཞིན་སོང་།།
ཡུལ་མཛེས་ལྗོངས་པར་ལ་ལེན་བཞིན་སོང་།།

ཕར་ལྟོས་དང་ལྟད་མོ་ཆེ་ལུགས་ལ།།
དགོང་ནུབ་ཁའི་ཉི་མས་ཟུར་མིག་འཕེན།།
ནགས་གཡུ་ལོ་བཀོད་པས་ལག་པ་གཡུག།
སྤང་རྩྭ་ལྗང་མེ་ཏོག་འཛུམ་དཀར་དགོད།།
ཆུ་དྭངས་བསིལ་མཚོ་མོའི་ཡོན་ཆབ་འཕྱུར།།
འདི་མི་ཡུལ་མི་འདྲ་ལྷ་ཡུལ་འདྲ།།

ཡར་ལྟོས་དང་ལྟད་མོ་ཨེ་འདྲ་གདའ།།
གནམ་སྔོན་མོ་སྤྲིན་གྱི་གུར་ཁྱིམ་ཕུབ།།
འཕུར་བསམས་ན་ལྷ་ལམ་ཡངས་པ་རེད།།
ཡང་མར་ལྟོས་མ་གིའི་ཐང་ལ་ལྟོས།།
ས་སེར་པོ་སྤང་གི་གདན་ཆེན་བཏིང་།།
འགྲོ་འདོད་ན་མེ་ཏོག་ཐང་ཆེན་རེད།།

ལུས་སྐེད་པའི་སྐ་རགས་ག་ལེར་ཤིག།
སེམས་ཞི་བདེ་བག་ཕེབས་ངལ་རེ་གསོ།།
ཟས་བཅུད་ཆེན་རིག་ཚད་ཟ་རྐྱང་བྱས།།
ཁ་ཧབ་ཆེན་ཧབ་ཆུང་བྱས་ནས་བཟས།།
ལུས་ལང་ཚོ་རྒུད་ནས་འདར་ཡོང་དུས།།
ཁའི་དུང་སོ་འཐོར་ནས་ལྷུང་སྐབས་སུ།།
ཟ་བསམ་པའི་ཟས་ཤིག་མེད་ལེ་བྱེད།།

སྟོད་བྱང་ཁོག་སྦུག་ནས་དབུགས་ཤིག་བཏང་།།
སེམས་དྲན་གདུང་རྙིང་པ་རླུང་ལ་བཏབ།།
སྐོམ་མངར་སིལ་ཡོད་ཚད་འཐུང་རྐྱང་བྱས།།
ཁ་ཧུབ་ཆེན་ཧུབ་ཆུང་བྱས་ནས་འཐུངས།།
ལུས་འབྱུང་བཞི་རྒས་ཤིང་འཁོགས་པའི་དུས།།
འཐུང་འདོད་པའི་སྐོམ་ཞིག་མེད་ལེ་བྱེད།།

བུ་རྒོད་པོའི་མགོ་བོ་གནམ་ལ་བཀྱགས།།
སེམས་སྤོབས་པའི་ང་རྒྱལ་ཕྲག་ལ་བཏེཌ།།
གོས་འཕྱོར་པོ་ཡོད་ན་གོན་རྐྱང་བྱས།།
བྱ་རྨ་བྱ་ནགས་སུལ་འགྲིམ་འདྲ་བྱས།།
ལུས་སྒུར་ནས་འགྲོ་མི་ཐུབ་པའི་དུས།།
གོན་འདོད་པའི་གོས་ཤིག་མེད་ལེ་བྱེད།།

དུས་དེ་རིང་སྐྱིད་ན་སྐྱིད་ལེ་རེད།།
སང་གནངས་ཉིན་ཅི་ཡོང་སུ་ཡིས་ཤེས།།
འགྲོ་ཟེར་ན་ཤ་ར་མ་ར་ཡིན།།
ཐག་ཉེ་རིང་གཉིས་ལ་ཁྱད་པར་མེད།།
ཞལ་འཛུམ་ཆུང་ཉིལ་ལེ་ཐོན་ལ་ཤོག།
ལག་དཔུང་རྡང་ཤིགས་སེ་ཐོན་ལ་ཤོག།
རྐང་རྡོག་སྒྲ་ཁྲིགས་སེ་ཐོན་ལ་ཤོག།
གླུ་ཨ་ལ་ལ་མོ་ལེན་བཞིན་འགྲོ།།

1 ལྗང་གྷལ་ཀེམ། ས་ཆ་ཞིག (Jungle camp)

བྷེང་ལོང་གནམ་ཐང་ནས། 14/ 05/ 2023

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *