སྐྱབས་ཆེན་བདེ་གྲོལ་སྙན་ངག་གསར་པ།
རྩོམ་ཡིག་འདི་ཐེངས་ 141 བཀླགས་འདུག
སྤྲུལ་སྒྱུར།
—པདྨ་ཚེ་བརྟན་ལ་ཕུལ་བ།
ཁྱོད་ཀྱིས་འོད་ཕྲ་མོ་དག་འགྲོ་བ་མིའི་སྐྱོ་སྣང་དང་བསྡེབས
ཟིལ་བ་ཕྲོམ་ཕྲོམ་དུ་འཕྱུར་བ་དག་སྐྱེ་འཆིའི་ཆོས་ཉིད་དང་བསྡེབས
ངུར་སྨྲིག་གི་ཁ་དོག་ཉིད་འཕྲུལ་ཆས་ཀྱི་འུར་སྒྲ་དང་བསྡེབས
ཆུ་མོའི་སྨྲེ་ངག་ཉིད་པི་ཝང་གི་འདར་སྒྲ་དང་བསྡེབས
ཁྱོད་ཀྱིས་སེམས་བྱུང་གི་མུ་ཏིག་ཆག་པོ་དག་བརྙན་ཡོལ་དཀར་པོའི་ངོས་སུ་གཏོར
གངས་འདབས་ཀྱི་མེ་ཏོག་དག་སྐྱེས་པ་དང་བུད་མེད་ཀྱི་གཟུགས་སུ་བཞེངས
འགྱིག་སྒྲེའུ་དང་དབུགས་ལྒང་གི་གོ་དོན་འཛོལ་བར་བྱས་ཏེ
འཁོར་བ་མཚོན་བྱེད་ཀྱི་ནམ་མཁའ་ཡུག་གཅིག་བཟོས
ཁྱོད་ཀྱིས་དུས་ཚོད་དམ་ལ་བཏགས་ཏེ་ལུག་རྣམས་རེ་རེ་བཞིན་སྒོར་འབུད་དུ་བཅུག
ཁྱོད་ཀྱིས་མར་མེའི་རྦ་རླབས་ཀྱི་ཁ་རུ་འཚེ་མེད་ཞི་བ་གཡེང་དུ་བཅུག
ཁྱོད་ཀྱིས་སྐྲ་གཞར་མ་ཞིག་མཚན་གུང་ལ་རྐུན་མ་ཆགས་སུ་བཅུག
ཁེར་ཧྲེང་གི་ཐར་ལོ་སྔར་ལས་ཁེར་ཧྲེང་ལ་འགྲོག་ཏུ་བཅུག
ཁྱོད་ཀྱིས་གྲོང་ཁྱེར་གྱི་དུ་སྤྲིན་ལས་ཉི་འོད་ཀྱི་མར་ཁུ་བཞོས
ཁྱོད་ཀྱིས་ཆང་མའི་འགྲམ་པར་བསླུ་བྲིད་ཀྱི་དམར་ཐིག་ཕབ
ཁ་ལོ་བ་དེ་ལག་དམར་ལ་བསྒྱུར ལག་དམར་དེ་མི་རྟག་པའི་རལ་གྲིར་འཇུ་རུ་བཅུག
ཁྱོད་ཀྱིས་ཁྱོད་རང་གི་རྨི་ལམ་ཐམས་ཅད་སྒྲ་དང་གཟུགས་སུ་འཕོ་བར་བྱས
ནང་དོན་ཕུན་སུམ་ཚོགས་པའི་བརྙན་ཐག་ཅིག་དུམ་བུར་ཆད་པ་བཞིན
ཁྱོད་ཀྱི་སྤྲུལ་སྒྱུར་གྱི་མཛད་པ་རེ་ཞིག་མཇུག་རྫོགས
འཁྲབ་ཚན་ཚར་རྗེས་ཀྱི བརྙན་ཡོལ་སྟོང་པ་དེ་ལྟད་མོ་བའི་མིག་ཆུས་གང
སྙན་ངག་པའི་སྨྲ་བའང་རེ་ཞིག་འགག
8/5/2023
རྩོམ་གྱི་ཡོངས་ཁུང་བདེ་གྲོལ་ཞེས་པའི་སྐད་འཕྲིན་སྤྱི་སྟེགས།
བསམ་ཚུལ་ཕྲིས།