དེད་དཔོན་གྱི་མཚམས་སྦྱོར་རྩོམ་ཡིག

རྩོམ་ཡིག་འདི་ཐེངས་ 318 བཀླགས་འདུག


དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད་ཀྱི་མཚམས་སྦྱོར་མདོར་བསྡུས།

དེ་ཡང་ལུང་རིགས་སྨྲ་བའི་དབང་ཕྱུག་སེར་ལྷོ་དགེ་བཤེས་ལྷ་རམས་པ་ངག་དབང་ཐོགས་མེད་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ས་སྤྲེལ་ལོ་སྟེ་ཕྱི་ལོ་ ༡༩༦༨ ལོར་ནགས་ཤོད་འབྲི་རུའི་དཀོན་གནའ་གྲོང་དུ་ཡབ་བྱམས་པ་ཡར་འཕེལ་དང་། ཡུམ་སྐྱིད་དལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དམ་པ་ཁོང་ཉིད་ཆུང་ངུའི་དུས་ནས་ཁྱིམ་གྱི་འདུ་འཛི་ལ་མ་ཆགས་པར་རྒྱལ་བའི་བསྟན་པ་ལ་ཞུགས་པའི་འདུན་པ་འགོག་མེད་ཀྱིས་ལྟར་སྨོན་དགོན་དུ་ཆོས་ཞུགས་གནང་ནས་དགོན་དེའི་ཆོ་ག་ཆོས་སྤྱོད་ཆ་ལག་དང་བཅས་པར་སློབ་གཉེར་ལེགས་པར་གནང་། ཕྱི་ལོ་ ༡༩༩༣ ལོར་འཕགས་ཡུལ་དུ་ཕེབས་ཏེ་མཁས་གྲུབ་བྱེ་བའི་བསྟི་གནས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་སྒྲིག་ཞུགས་ཀྱིས་འདུལ་འཛིན་མཁས་གྲུབ་ཆེན་པོ་གཙང་པ་མཁན་ཟུར་བློ་བཟང་ཚེ་རིང་དང་། ཁྲིད་རྒྱུན་མན་ངག་གི་གཏེར་མཛོད་ཆེན་པོ་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ། ལུང་རིགས་སྨྲ་བའི་ཁྱུ་མཆོག་ཏྲེ་ཧོར་རྒན་དགེ་འདུན་ཆོས་འཕེལ་སོགས་ངེས་དོན་སྐྱེས་མཆོག་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ཏེ། བསྡུས་གྲྭ་ནས་བཟུང་གཞུང་ཆེན་ཁག་ལ་གུས་རྟག་སྦྱོར་བའི་བརྩོན་པ་ལྷུར་བཞེས་པས། སྔོན་གོམས་བག་ཆགས་སད་སྟོབས་སམ་སྐྱེས་སྟོབས་ཀྱི་ཤེས་རབ་དཔལ་འབར་བས་གཞུང་ལུགས་གཟིགས་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན།
གཞུང་ལུགས་སློབ་གཉེར་རྟིང་སྐུལ་དང་ཚགས་ཚུད་ཡར་རྒྱས་གཏོང་ཐབས་སུ་དམིགས་ཏེ་གདན་ས་ཁག་ནས་ཀྱང་འཛམ་གླིང་སྤྱི་འགྲོས་ལྟར་སློབ་གཉེར་བའི་རྒྱུགས་སྤྲོད་ཀྱི་ཨང་རིམ་རྩེ་མོར་སོན་པ་ཁག་ལ་བྱ་དགའ་གནང་སྲོལ་ཡོད་པ་བཞིན།
ལོ་འཁོར་རྒྱུགས་སྤྲོད་སྐབས་འཛིན་གྲྭ་གཅིག་གི་ནང་ནས་ཨང་དང་པོའི་མཚན་གནས་ཀྱི་བྱ་དགའ་ཕལ་མོ་ཆེ་བཞེས་པ་མ་ཟད།
ཟུར་གསར་འཛིན་གྲྭའི་སྐབས་སྦྱངས་འབྲས་ཕུལ་དུ་ཕྱིན་པའི་སློབ་གཉེར་བ་བཅུ་དྲུག་ལ་རིགས་ཆུང་མཚན་གནས་གནང་སྲོལ་ཡོད་པའི་ཁྲོད་ནས་རིགས་ཆུང་ཨང་དང་པོ་སྟེ་མཁས་མང་མདུན་སར་རིགས་སྔ་རྒོལ་གྱི་ཚོགས་ལངས་གནང་། སེར་བྱེས་མཁས་སྙན་གྲྭ་ཚང་དུ་དབུ་མ་གསར་པའི་འཛིན་གྲྭ་ལོ་གཉིས་དང་། དབུ་མ་རྙིང་པའི་འཛིན་གྲྭ་ལོ་གཉིས་ཏེ་དབུ་མ་ལ་ལོ་བཞི་ཐོས་བསམ་གནང་སྲོལ་ཡོད་པ་ལས། ཕྱི་ལོ་ ༢༠༠༤ ལོར་དབུ་མ་གསར་པའི་འཛིན་གྲྭར་ཕེབས་སྐབས་དོན་གཉེར་ཅན་ཚོས་ནན་སྐུལ་ཞུས་པར་བརྟེན། གཞུང་ལུགས་འཆད་ཁྲིད་གནང་བའི་དབུ་བཙུགས་ནས་བཟུང་མི་ལོ་ཉི་ཤུ་ལ་ཉེ་བའི་རིང་དུ་འཆད་ཁྲིད་ཆུ་བོའི་རྒྱུན་བཞིན་གནང་བ་དང་། དེ་ཡང་གྲྭ་བཙུན་དཀྱུས་མ་ལྟར་ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བ་ལ་བསྟེན་བཞིན་འཛིན་གྲྭ་གོང་འོག་གི་སློབ་གཉེར་བ་རྣམས་ལ་ཉིན་རེར་དཔེ་ཁྲིད་ཐེངས་བཞི་ལྷག་ཙམ་གནང་བའི་དཀའ་སྤྱད་བདག་གིར་བཞེས་མཛད་པས་ལུང་རིགས་སྨྲ་བའི་མཁས་པ་བརྒྱ་ཕྲག་དུ་མ་སྐྱེད་སྲིང་གནང་།
འདུལ་བ་འཛིན་གྲྭར་ཕེབས་སྐབས་གདན་ས་ཆེན་པོ་སེར་འབྲས་དགེ་གསུམ་གྱི་མཁས་མང་འདུས་པའི་དབུས་སུ་འཇང་དགུན་ཆོས་ཀྱི་མཚན་ཕུད་དམ་བཅའ་བཞག་པས། མཁས་པ་མཁས་པའི་དབུས་ན་མཛེས་ཞེས་པ་ལྟར་གྱུར་ཏེ་ཕུལ་བྱུང་སྐྱེས་སྦྱངས་མཁྱེན་རབ་ཀྱིས་གཞན་ཡིད་རབ་ཏུ་བཀུག་པ་གནང་།
གདན་ས་སེ་ར་ནས་བཀའ་པོད་ལྔ་སོ་སོའི་འཛིན་གྲྭ་ཐོན་རིམ་བཞིན་རབ་འབྱམས་པའི་ཕྱག་འཁྱེར་གནང་སྐབས་ཀྱང་སོ་སོ་ནས་ཨང་རིམ་དང་པོའི་མཚན་གནས་བཞེས་གནང་།
ཕྱི་ལོ་ ༢༠༠༩ ལོར་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོའམ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ཏེ། གདན་ས་གསུམ་གྱི་བློ་གསལ་མཁས་མང་འདུས་པའི་དབུས་ནས་གཞུང་ལུགས་སྨྲ་བའི་ལྷ་རམས་ལོ་རིམ་གཉིས་ལ་ཨང་དང་པོ་དང་གཉིས་པའི་མཚན་གནས་བཞེས་གནང་། དེ་ལྟར་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་སྦྱོང་ཚུལ་བཞིན་གནང་སྟེ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་པོའི་རྒྱུགས་སྤྲོད་རྩེ་མོར་སོན་པའི་དན་རྟགས་སུ། དགེ་ལུགས་སྤྱིའི་སློབ་གཉེར་ཁང་དེ་ཉིད་ཀྱིས་ཕྱི་ལོ་ ༢༠༡༤ ལོར་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་འཇོག་གནང་སྟེ་དགེ་བཤེས་ལྷ་རམས་ཨང་རིམ་དང་པོའི་མཚན་རྟགས་བཞེས་པའི་ཚད་འཛིན་ཕྱག་ཁྱེར་སྩལ། དེ་བཞིན་རིགས་ཆེན་ཨང་དང་པོའི་མཚན་གནས་བཞེས་ཏེ་གདན་ས་ཆེན་པོ་སེ་ར་ཚོགས་ཆེན་དུ་རིགས་ཆེན་ཚོགས་ལངས་གནང་།
དེ་ལྟར་མདོ་ཕྱོགས་བཀའ་པོད་ལྔའི་སློབ་གཉེར་ལེགས་པར་གྲུབ་ནས། གསང་སྔགས་རིག་འཛིན་གྱི་སྡེ་ཆེན་པོ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་ཆོས་ཐོག་འགྲིམ་པའམ་གསང་ཆེན་རྒྱུད་སྡེ་བཞི་ལ་སློབ་གཉེར་ཡང་དག་པ་མཛད་པས། ཕྱི་ལོ་ ༢༠༡༥ ལོའི་རྒྱུད་སྟོད་ཆོས་ཐོག་འགྲིམ་མཁན་གདན་ས་གསུམ་དང་ར་སྟོད་གྲྭ་ཚང་བཅས་ནས་ཕེབས་པའི་དགེ་བཤེས་རྣམས་ལོ་འཁོར་གཅིག་རིང་གསང་སྔགས་རྡོ་རྗེ་ཐེག་པ་ལ་སློབ་གཉེར་གནང་བའི་རྗེས་སྔགས་ཀྱི་བྲིས་རྒྱུགས་ཆེན་མོ་རེ་གནང་སྲོལ་ཡོད་པ་དེའི་སྐབས་བྲིས་རྒྱུགས་ཨང་དང་པོའི་བྱ་དགའ་བཞེས། དེ་བཞིན་ཆོས་ཐོག་འགྲིམ་མཁན་གྱི་གདན་ས་གསུམ་དང་ར་སྟོད་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་རྣམས་ལོ་ངོ་གསུམ་རེའི་མཚམས་སུ་སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་རེ་གནང་སྲོལ་ཡོད་པ་དེའི་སྐབས་རྩེ་ཕུད་ཨང་གཉིས་པའི་བྱ་དགའ་བཞེས་གནང་།
དེ་ནས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཚུར་ཕེབས་ཏེ། ལུང་རིགས་སྨྲ་བའི་སློབ་མའི་ཚོགས་དུ་མ་ལ་གཞུང་ཆེན་ཁག་གི་འཆད་ཁྲིད་སྟར་ཆགས་སུ་གནང་བཞིན་བཞུགས་པར་མ་ཟད། གྲྭ་ཚང་གི་རྒྱུགས་སྤྲོད་ཁེལ་མཚམས་སུའང་བསྡུས་གྲྭ་ནས་ལྷ་རམས་འཛིན་གྲྭའི་བར་སློབ་གཉེར་བ་ཧ་ཅང་མང་པོར་བློ་རྟགས་བསྡུས་གསུམ་ནས་མཛོད་འདུལ་བར་འཆད་ཁྲིད་གནང་ཞིང་གཞུང་ཆེན་མོའི་དཀའ་གནད་ལ་དོགས་གཅོད་ཀྱིས་དཀའ་གནད་ཀྱི་མདུད་པ་བཀྲོལ་བ་དང་། མཐའ་དཔྱོད་པའི་རིགས་པའི་གསང་ཚིག་རེ་རེས་ཐེ་ཚོམ་གྱི་དྲི་མ་སེལ་ཞིང་། གཞུང་དོན་ལ་གཏིང་ཚུགས་པའི་གོ་བ་རྙེད་པའི་བློ་སྐྱེད་འཕར་མ་སྦྱིན་གནང་བའི་ངོ་མཚར་གྱི་ཐུགས་རིགས་དང་ཐུན་མིན་འཆད་ཐབས་ཀྱིས་གོ་བསྐོན་གསེད་འགྲོལ་ལ་དམིགས་བསལ་ཁྱད་ཆོས་ལྡན་ཡོད། ཁྱད་ཆོས་དེ་ལྡན་གྱི་གཞུང་སྣ་ཚོགས་ཀྱི་འཆད་ཁྲིད་སྒྲ་ཚན་པ་བརྒྱ་ཕྲག་བརྒལ་བ་སེར་བྱེས་རིག་མཛོད་སོགས་བོད་ཕྱི་ནང་གཉིས་ཀྱི་དྲ་ལམ་དུ་ཁྱབ་སྟེ་འཆད་ཁྲིད་གྱི་སྒྲ་དེ་དག་གིས་ཆོས་བརྒྱུད་རིས་མེད་ཀྱི་སློབ་གཉེར་བ་རྣམས་ལ་ཕན་ཐོགས་རྒྱ་ཆེར་འབྱུང་བཞིན་ཡོད།
གཞན་ཡང་ཕྱོགས་སོ་སོ་རུ་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཚོགས་པའི་མདུན་སར་ཕེབས་ཏེ། ཆོས་ལུགས་ཁག་གི་ལྟ་གྲུབ་ཀྱི་བཞེས་དགོངས་ཐོག་ལ་དྲི་བ་དྲིས་ལན་དང། རིགས་པས་བརྡར་ཤ་ཆོད་པའི་བགྲོ་གླེང་གནད་དུ་ཐིངས་པ་མཛད་པ་དང་།
དེ་བཞིན་གདན་ས་སེར་འབྲས་དགེ་གསུམ་གྱི་མཁས་མང་གདན་གྲལ་གཅིག་ཏུ་འཛོམས་པའི་འཇང་དགུན་ཆོས་ཆེན་མོ་འཚོགས་སྐབས། སེར་བྱེས་མཁས་སྙན་གྲྭ་ཚང་ནས་དཔེ་ཁྲིད་རྒན་གཙོ་གྲས་གསུམ་གཏོང་སྲོལ་ཡོད་པའི་ཁྲོད་ནས་དམ་པ་ཁོང་ཉིད་དུས་ནས་དུས་སུ་ཕེབས་གནང་སྟེ། རྣམ་དཔྱོད་རིགས་པའི་ལམ་ནས་བརྒལ་བརྟག་བགྲོ་གླེང་མཛད་པ་སོགས་རིགས་སྨྲ་དགྱེས་པའི་མཆོད་སྤྲིན་བསྐྲུན་བཞིན་ཡོད།
དེས་ན་སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པའི་དགོངས་དོན་ལྟར་ན་དམ་པ་ཁོང་ཉིད་བསྟན་འཛིན་གྱི་སྐྱེས་བུའི་མཐུན་དཔེ་གསོན་པོ་རུ་གྱུར་ཡོད།
དེ་ལྟར་འཆད་རྩོད་རྩོམ་གསུམ་ལ་མཁས་པའི་མཚན་སྙན་གྱི་བ་དན་དགུང་དུ་གཡོ་ནའང་། གྲྭ་རྐྱང་སློབ་གཉེར་བ་སྤྱི་མཚུངས་ལྟར་ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བར་ལོངས་སུ་སྤྱོད་ནས་བཞུགས་པ་ལས་ཆེ་ཉམས་འགྱིང་ཉམས་དྲི་མ་ཙམ་ཡང་མི་མངའ་བ་དང་།
འཆད་རྩོད་རྩོམ་གསུམ་སྟེ་མཁས་པའི་བྱ་བ་གསུམ་གྱིས་དུས་འདའ་བའི་སྐབས་དེ་དག་ཏུའང་། སྙོམ་ལས་སྒྱིད་ལུག་མེད་པར་སློབ་མ་ཀུན་ལ་ཉེ་རིང་བྲལ་བའི་ཐུགས་བརྩེས་བདག་གིར་བཞེས་པའི་མཛད་པ་བསྐྱངས་དང་སྐྱོང་བཞིན་བསྟན་འགྲོའི་དཔུང་གཉེན་དུ་འཚོ་ཞིང་བཞེས་པ་ལགས་སོ། །
ཞེས་པ་འདི་ནི་དམ་པ་དེའི་གསུང་གི་བདུད་རྩི་མྱོང་བའི་སྐལ་བཟང་ཅན་དེད་དཔོན་གྱིས་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆ་ཤས་ཆུ་ཐིགས་ཙམ་ཞིག་ཕྱོགས་བཏུས་བྱས་ཏེ་རབ་གནས་ཆུ་སྟག་ལོའི་དབྱུག་ཟླའི་ཚེས་ཉེར་གཉིས་སམ་ལྷ་བབ་དུས་ཆེན་ཉིན་སུག་བྲིས་སུ་བགྱིས་པའོ། །

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *