རྫ་ཚེ་རིང་བཀྲ་ཤིས་ཀྱི་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 466 བཀླགས་འདུག


ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་བསྟོད་པ་ཀློང་འབྱམས་ཆེན་མོ་ཞེས་བྱ་བ།

བླ་མ་ལ་ཕྱག་འཚལ་ལོ།།

བློས་བྱས་འཛིན་པ་བྲལ་བ་གཉུག་མའི་ངང་། །
ཁྱབ་བརྡལ་འོད་གསལ་ནམ་མཁའི་ཁོར་ཡུག་ཅན། །
དོན་ལས་མཚན་དུ་གསོལ་བ་ཀློང་ཆེན་པ། །
དེ་རིང་བདག་ཡིད་དྭངས་པའི་རྒྱ་མཚོར་བསུ། །

ཁྱེད་ཐུགས་ཡིད་དཔྱོད་གྲུབ་མཐའི་འཆིང་བ་ལས། །
རིང་ནས་རིང་དུ་གྲོལ་བའི་ཀློང་འབྱམས་ཆེ། །
དཔའ་ཆེན་འཕགས་པའི་བློ་ལས་འགོངས་གྱུར་ན། །
བདག་བློ་ཁབ་ཀྱི་བུ་གར་ག་ལ་ཞིག །

འོན་ཀྱང་སྐྱེ་བ་སྐྱེ་བའི་སྨོན་ལམ་མཐུ། །
ཚེ་འདིར་ཁྱེད་ལ་དད་པའི་དཔྱིད་དུ་སྨིན། །
དེ་ཕྱིར་བདག་ནི་ཁྱེད་ཀྱི་རྗེས་ཞུགས་ནས། །
སྲིད་པ་ཐ་མའི་ཆོས་དང་འབྲེལ་བ་ལགས། །

པཎྚི་ཏ་ཡི་གཞུང་ལུགས་རྒྱ་ཆེ་ཞིང་། །
ཀུ་སུ་ལུ་ཡི་མན་ངག་གནད་ཟབ་པས། །
ཁྱེད་གསུང་མདོ་སྔགས་ལམ་གྱི་གྲུ་བོ་ཆེར། །
མ་ལུས་རྒྱལ་བའི་གསུང་གི་མཛོད་ཆེན་རྫོགས། །

གྲུབ་མཐའ་མཛོད་ཀྱིས་གྲུབ་མཐའི་ལ་ཤན་འབྱེད། །
ཡིད་བཞིན་མཛོད་ཀྱིས་གདུལ་བྱའི་རེ་བ་བསྐོངས། །
ཐེག་པའི་མཆོག་དང་ཆོས་དབྱིངས་རིན་ཆེན་མཛོད། །
སེམས་ཀློང་མན་ངག་སྙིང་པོའི་བཅུད་དུ་འཁྱིལ། །

སྲིད་པ་སྒྱུ་མར་སྣང་བའི་ཆོས་སོ་ཅོག །
སེམས་ཉིད་གཉུག་མ་ཆོས་སྐུའི་རྒྱལ་ཐབས་སུ། །
ངལ་གསོ་སྦྱིན་པའི་སྔར་མེད་ལེགས་བཤད་ནི། །
ཆོས་སྐུའི་མཆོད་སྡོང་མཆོག་ཏུ་གྱུར་པ་ལགས། །

རང་བྱུང་པདྨ་སྙིང་ཐིག་ཕྲ་ཡིག་ཅན། །
མི་ཤིགས་མཁའ་འགྲོའི་སྙིང་གི་ཏི་ལ་ཀ །
མདོར་ན་མ་ལུས་ཡོངས་རྫོགས་རྫོགས་པ་ཆེ། །
ཁྱེད་ནི་གདོད་མའི་མགོན་པོ་གཉིས་པར་བཞེངས། །

རང་བྱུང་འཆིམས་ཕུའི་མེ་ཏོག་ཕུག་པ་རུ། །
མཁྱེན་བརྩེ་འོད་གསལ་རིག་འཛིན་འཇིགས་མེད་གླིང་། །
གསང་གསུམ་ཡེ་ཤེས་སྐུ་ཡིས་རྗེས་བཟུང་སྟེ། །
སྙིང་ཐིག་གཉན་པོའི་གཏད་རྒྱ་ཐང་མར་བརྡལ། །

ཐ་སྙད་གཙུག་ལག་རིག་པའི་གཞུང་ལུགས་ཀྱི། །
ཚིག་གི་གནད་གསང་རྗེན་པར་རྟོགས་གྱུར་ཀྱང་། །
ཚིག་ཀུན་བྲག་ཆའི་ཚུལ་དུ་ལ་བཟློས་པས། །
ཁྱེད་ནི་ཚིག་གི་མཐའ་ལ་ཞེན་པ་མེད། །

གཞུང་ལུགས་ཕལ་ཆེར་གཅིག་ཤེས་ཀུན་སྡུག་ཅེས། །
ཚིག་གི་ཁ་ཆུས་རང་ཉིད་འཆིང་ན་ཡང་། །
ཁྱེད་ཀྱི་ལེགས་བཤད་གཅིག་ཤེས་ཀུན་གྲོལ་གཞུང་། །
རིལ་གྱིས་གཉུག་མ་གཤིས་ཀྱི་དོན་ལ་གཞོལ། །

མདོ་སྔགས་ཕྱོགས་རེ་འཆད་པ་སུ་ཡང་ཡོད། །
གཞུང་བཞིན་འགྲེལ་པས་དཀྲལ་བ་གཞན་ཡང་བདོག །
རང་དབང་ཉིད་ཀྱི་འཇུག་པ་འབའ་ཞིག་གིས། །
ཡོངས་རྫོགས་ཆོས་ཚུལ་གཅིག་ཏུ་ཁྲོལ་བ་ཁྱེད། །

ཚིག་གི་རྩལ་ལ་ས་སྐྱ་པཎ་ཆེན་བྱང་། །
དོན་གྱི་གཞུང་ལ་བློ་བཟང་གྲགས་པ་མཁས། །
ཚིག་དོན་ཡོངས་རྫོགས་མཁྱེན་པའི་འཇམ་དཔལ་དབྱངས། །
གངས་ཅན་ངག་གི་དབང་ཕྱུག་བསམ་ཡས་པ། །

མཁས་པའི་སྙན་པ་འབར་བ་བུ་དོལ་གཉིས། །
གྲུབ་པའི་རྩལ་ཁ་འབྱེད་པ་མར་མི་ཟུང་། །
མཚུངས་མེད་མཁས་དང་གྲུབ་པའི་ཡོན་ཏན་ཅན། །
ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པ། །

ཆོས་ཉིད་གཉུག་མ་ནམ་མཁའི་ཀློང་དུ་གྲོལ། །
ཆོས་ཅན་ཤེས་བྱ་རྒྱ་མཚོའི་ཀློང་དུ་གྲོལ། །
ཕྱམ་གཅིག་རིག་པ་ཡེ་དག་ཀློང་དུ་གྲོལ། །
མཐའ་དག་ལེགས་བཤད་སེངྒེའི་སྒྲ་རུ་གྲོལ། །

གྲོལ་བ་མཐའ་དབུས་མེད་པའི་ནམ་མཁའ་ལ། །
དྲི་མེད་འོད་ཟེར་ཉི་ཟླའི་གར་བྱེད་དེ། །
ཁྱོད་ཐུགས་ཟེར་ལ་ཆགས་པའི་རྐང་འཐུང་ཡང་། །
བསོད་ནམས་པདྨའི་ཟེ་བར་དགའ་བས་བརྩེན། །

ངས་ནི་ཁྱེད་དང་ཁྱེད་ཀྱི་གསུང་རབ་ཀྱི །
ཆེ་བ་མཚོན་པའི་ཚིག་འགའ་བཙལ་མོད་ཀྱི། །
ཤིན་ཏུ་འཚམས་པའི་བརྗོད་པ་ཡོད་དོ་ཅོག །
དཔལ་དགེ་རྒྱལ་པོས་སྔར་ནས་བསྣམས་ཟིན་གདའ། །

《ཀུན་མཁྱེན་བླ་མའི་གསུང་ལ་བསྔགས་པ་》དང་། །
《མཛོད་ཆེན་བདུན་ལ་ལྟ་བར་བསྐུལ་བ་》སོགས། །
གདུང་བའི་ཡུས་ཀྱིས་ཉིན་བཞིན་བཏོན་ན་ཡང་། །
ད་དུང་བདག་གི་སྐོམ་པ་སེལ་མ་གྱུར། །

ཡིད་འདི་དད་པས་འདི་ལྟར་མྱོས་ན་ཡང་། །
ངག་འདི་ཚིག་གིས་ཤིན་ཏུ་དབུལ་བ་སྟེ། །
མཚོན་ཐབས་ཡོད་ཚད་སེམས་སུ་བླངས་གྱུར་མོད། །
ཁྱེད་ཀྱི་ཡོན་ཏན་ཆ་ཙམ་བརྗོད་མ་གྱུར། །

གང་སྣང་ཡུལ་མཉམ་གང་ཤར་སེམས་སུ་མཉམ། །
གཉིས་ཀ་འཕྲལ་མཉམ་གཞི་རྩ་ཕུགས་སུ་མཉམ། །
དོན་འདི་ང་ལ་སྔར་ནས་གསུངས་མོད་ཀྱི། །
མཉམ་ཉིད་བློ་དང་འདྲེས་པ་ནམ་ཞིག་ལགས། །

འོན་ཀྱང་སྲིད་པ་ཐ་མའི་ཆོས་མཆོག་དང་། །
འཕྲད་ཕྱིར་ཁྱོད་ནི་ད་ལྟའི་སངས་རྒྱས་ཞེས། །
མི་འཇིགས་སེང་གེའི་སྒྲ་ཡིས་ལུང་ཕོག་པས། །
ཁྱེད་གསུང་སེམས་ལ་གླན་པ་ཁོ་ནས་འཚེངས། །

ཉམས་སུ་བླངས་པའི་ཁ་ཕོ་མེད་ཀྱང་ཆོག །
བྱས་བྱས་སྒྲུབ་པའི་རྣམ་གྲངས་དབུལ་ཡང་རུང་། །
ཁྱེད་གསུང་རྡོ་རྗེའི་ཚིག་རྐང་གཅིག་ཙམ་ཞིག །
ཡིད་ལ་མ་བོར་ཙམ་ཀྱིས་ཆོག་པར་གོ །

ཀུན་མཁྱེན་བླ་མ་རྫོགས་པའི་སངས་རྒྱས་དེ། །
སྔོན་ཞིག་བཞུགས་ཀྱི་ད་ལྟ་མེད་པ་མིན། །
མཐོང་བར་ནུས་ན་རང་གི་མདུན་ན་སྟེ། །
ལེགས་བཤད་རྟོགས་པའི་འདྲ་འབག་ཀུན་མཁྱེན་ཡིན། །
(ཚིགས་བཅད་འདི་དཔལ་སྤྲུལ་གསུངས་ཅུང་ཟད་ཁ་བསྒྱུར་)

ཁོ་བོ་འདི་ནས་བྱང་ཆུབ་སྙིང་པོའི་བར། །
ཀུན་མཁྱེན་བླ་མའི་གསུང་གི་སྣང་བ་དང་། །
མེ་མར་སྡོང་བུའི་ཚུལ་དུ་མི་འབྲལ་བར། །
མ་ལུས་འགྲོ་བ་འདྲེན་པའི་དཔལ་དུ་ཤོག །

ཅེས་པ་འདིའང་། དེ་རིང་ཞོགས་པ་ཐུན་མིན་ཆོས་གྲོགས་འགའ་ཞིག་མཉམ་དུ་ཁ་བརྡ་བྱ་ཡུལ་གྱི་དྲ་ཚོམས་ཤིག་ཏུ། ངེད་དྲེལ་དཀར་དགོན་གྱི་ཤེས་རབ་ཅན་གྱི་མཆོག །བླ་མ་རིགས་ཀྱི་བུའམ་བློ་ཤེས་རབ་མཆོག་གིས་ཐད་ཀར་རྩོལ་མེད་ཤུགས་འབྱུང་དུ་ཀུན་མཁྱེན་ཀློང་ཆེན་པ་དང་འབྲེལ་བའི་སྙན་རྩོམ་ཕུལ་བྱུང་གཉིས་བྲིས་འདུག་པའི་སྐོར་ལ་གླེང་སློང་བྱུང་བས། ངས་ཀྱང་ཁོང་བཞིན་ཐད་ཀར་ཚིག་དོན་གཉིས་ལ་མ་བཅོས་པར་གང་དྲན་ཐད་ཀར་བྲིས་པའི་བསྟོད་རྩོམ་ཞིག་ཉམས་འཚར་གྱི་ཚུལ་དུ་འབྲིའམ་ཞེས་སྨྲས་ཏེ་ཚིགས་བཅད་འགའ་ཞིག་འབྲི་འགོ་བརྩམས་མོད། ཚིག་དོན་གཉིས་ཆར་ལ་བཅོས་ལྷད་གང་ཡང་མ་བྱས་པར་རང་གི་སེམས་ཁ་གང་བ་ཞིག་འབྲི་ཐབས་མི་འདུག་པས་འཇོག་རྩིས་བྱས།
ཡང་ཚིགས་བཅད་འགའ་ཞིག་བྲིས་ཟིན་པས་བློས་མ་ཐོངས་པར་དེ་མུར་གང་དྲན་ཤར་མར་བྲིས་ཤིང་། ཚིག་གི་སྡེབ་སྦྱོར་དང་དག་ཆ་སོགས་ལ་ནམ་རྒྱུན་རང་གི་རྩོམ་ཡིག་དག་ལ་བཅངས་པའི་རེ་བ་དང་དགོས་འདུན་བཞིན་ཞུས་དག་ཀྱང་ཚར་གཅིག་ཙམ་བྱས་ནས་སྤེལ་བ་ཡིན་པས། ཁོང་གི་བྲིས་པ་ལྟར་ཡོངས་སུ་ཡིད་ལ་གང་ཤར་རྩོལ་མེད་དུ་བྲིས་པ་རང་ནི་མིན་མོད། ནང་དོན་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་དང་གསུང་ལེགས་བཤད་ཀྱི་ཆེ་བའི་ཡོན་ཏན་སོགས་ལ་དམིགས་པའི་བློ་ལ་དྲན་པ་མངོན་དུ་བཞག་སྟེ། བཅོས་མིན་དད་གུས་ཀྱི་ཚོར་བ་དང་འབྲེལ་བའི་ཐོག་ནས་བྲིས་པ་ཡིན་ནོ། །རི་བོ་སྔོན་པོ་ནས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སོ།། སྤྱི་ལོ་ ༢༠༢༢ ཟླ་ ༡༡ ཆེས་ ༡༣ ལའོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *