ཁ་ཆེའམ་ཀཤྨཱིར་གླེང་བ། (དུམ་བུ་དང་པོ།)
རྩོམ་ཡིག་འདི་ཐེངས་ 237 བཀླགས་འདུག
རྩོམ་པ་པོ། བཀྲ་ཤིས་དོན་གྲུབ།
ཉེ་ལམ་ཁོ་བོ་ཁ་ཆེར་བསྐྱོད། ཁ་ཆེའི་ཡུལ་འདི་ལོ་རྒྱུས་ཀྱི་དེབ་ཐེར་དང་གསར་འགྱུར་གང་སར་མཐོང་བ་མང་བས། འདིའི་སྐོར་བོད་ཡིག་ཀློག་པ་པོ་ཚོའི་ཆེད་དུ་ཏོག་ཙམ་གླེང་ཐུབ་ན་སྙམ་པའི་ཀུན་སློང་སྐྱེས་པས། འདི་ནས་འགོ་བརྩམས་ཏེ་དུམ་བུ་ཁ་ཤས་ཤིག་ཏུ་བགོས་ནས་གླེང་རྩིས་ཡོད་པ་ལས། དུམ་བུ་དང་པོ་འདི་ནི་ཁ་ཆེའི་ཡུལ་དང་རིག་གཞུང་སོགས་གྱི་སྤྱི་བཤད་ཉུང་བསྡུས་ཤིག་ཡིན། དུམ་བུ་གཉིས་པ་ནས་ཆབ་སྲིད་ལོ་རྒྱུས་དང་ཆབ་སྲིད་ས་ཁམས་སོགས་ཀྱི་སྐོར་ཕྲན་བུ་ཞིག་གླེང་ཨེ་ཐུབ་ལ་འབད་པར་བྱའོ།།
དུམ་བུ་དང་པོ།
ཁ་ཆེ་ནི་ཆེས་མཛེས་ཤིང་ཡིད་དུ་འོང་བའི་མི་ཡུལ་གྱི་དག་ཞིང་ཞིག་ཡིན། མི་རྣམས་ཁ་ཆེེར་སྤྲོ་འཁྱམ་ལ་འགྲོ་འདོད་ནས་ཤི་ལ་ཁད་མི་བྱེད་མཁན་ཞིག་མེད་ཀྱང་། ཁ་ཆེའི་ཡུལ་གྱི་མེ་མདའ་དང་འགད་རྫས་ཀྱི་རྡིར་སྒྲ་ལ་མི་སྐྲག་མཁན་ཞིག་མེད། ཁ་ཆེ་ལ་སྐྱོད་པ་ནི་སྟབས་ཅིག་ཏུ་ལྷ་ཡུལ་དང་དམྱལ་ཡུལ་གཉིས་ཀ་འགྲིམས་པ་དང་མི་འདྲ་བ་མེད་པས། ཚེ་སྲོག་མར་མེ་འདྲ་པོ་རླུང་གི་རྟ་ལ་སྐྱོན་པ་ནི་བླུན་པོའི་བྱ་བའོ་སྙམ་ནས་རང་ལུས་འདོམ་གང་པོ་རང་ཁྱིམ་ཙི་ཙིའི་ཁུང་བུ་ལྟ་བུར་བྱི་བས་དགུན་ཉལ་རྒྱག་པ་ལྟར་གབ་ནས་སྡོད་མཁན་ནི་ཤིན་ཏུ་མང་། དོན་དངོས་སུ་ཁ་ཆེའི་ཡུལ་ནི་དེ་འདྲའི་འཇིགས་སུ་རུང་བ་ཞིག་མ་ཡིན་ཀྱང་། དུས་ཚོད་ངེས་མེད་དུ་རྙོག་གྲ་སྣ་ཚོགས་བྱུང་དང་འབྱུང་བཞིན་པ་ལ་ནི་བསྙོན་དུ་མེད། དེ་བས་ཉེ་ལམ་ཁོ་བོར་བྱུང་བའི་ཁ་ཆེའི་ཡུལ་གྱི་མཐོང་ཐོས་འདྲ་མིན་དང་སྟབས་བསྟུན་ནས་རྙོག་རྫིང་ཆེ་བའི་གནའ་རབས་དང་ད་རབས་སྣ་ཚོགས་རོབ་ཙམ་གླེང་སྙིང་འདོད།
མི་རྣམས་ནི་མིང་དང་ཚིག་ལ་རྩོད་པ་རྒྱག་པར་ཧ་ཅང་དགའ། ལར་མིང་དང་ཚིག་ལ་དང་འདོད་ཆེ་བ་འདི་མི་ཡིན་པའི་རྟགས་དམིགས་བསལ་བ་ཞིག་ཀྱང་ཡིན་པས། འདི་མཐའ་གཅིག་ཏུ་དོན་ཆུང་དུ་བསམ་པ་ཡང་རིགས་པ་མ་ཡིན། འོ་ན་རྒྱ་གར་སྐད་དུ་ཀཤྨཱིར། བོད་སྐད་དུ་ཁ་ཆེ་ཞེས་པའི་ཡུལ་འདིའི་མིང་ལ་བརྡ་ཆད་རིག་པའི་བཤད་སྟངས་དང་གོ་བ་ལེན་སྟངས་ཅི་དང་ཅི་འདྲ་ཡོད་དམ་སྙམ་ན། བྲམ་ཟེ་སེམས་གནག་པའི་སྐད་ལེགས་སྦྱར་གྱི་ནང་དུ་ཀཤྨཱི་ར(káśmīra)ཞེས་བྱུང་། དེའི་དོན་ལ་གོ་བ་གཅིག་ནི་མཚོ་ཤུལ་གྱི་ཡུལ་ཞེས་པའི་དོན་ཡིན་པར་བཤད། གོ་བ་གཞན་ཞིག་ནི། རིག་བྱེད་ལ་མཁས་པ་མུ་སྟེགས་པའི་དྲང་སྲོང་ཀ་ཤྱ་པ་ཡིས་རྫུ་འཕྲུལ་བསྟན་ཏེ་མཚོ་བརྟོལ་བ་ལས་བྱུང་བའི་ཡུལ་ཡིན་པས། གང་ཟག་གི་མིང་ཟུར་ལས་གྲས་ཏེ་ཡུལ་མིང་ལ་ཡང་ཀ་ཤྱ་པ་མཱིར་ཏེ། ཀ་ཤྱ་པའི་མཚོའམ་ཀ་ཤྱ་པའི་རི་ཞེས་པའི་ནང་དོན་ཅན་གྱི་མིང་ཀཤྨཱིར་ཞེས་པ་འདི་བྱུང་བར་གྲགས། མིང་འདི་ལ་མི་རིགས་སོ་སོའི་ཁ་ཡི་སྒྲ་གདངས་དང་ལག་གི་འབྲི་སྟངས་སྣ་ཚོགས་པ་ཞིག་ཡོད་པར་བཤད། རྒྱལ་ཁམས་པ་ཐང་ཟན་ཙང་གིས་ཀིའ་ཤི་མི་ལོ(kia-shi-milo)ཞེས་བྲིས་ཤིང་། རྒྱ་རིགས་གཞན་དག་གིས་ཆི་པིན་དང་ཇི་པིན་སོགས་རང་སྣང་གང་ཤར་དུ་འབོད་པར་གྲགས། གཞན་ཡང་ལྟོགས་རྔམ་གྱི་ཧམ་སེམས་དྲག་པོས་བསླུས་ཏེ་སྲོག་གི་ཉག་ཐག་ཕྲ་མོ་མཐའ་མེད་རྒྱ་མཚོའི་རྦ་རླབས་ཀྱི་རལ་ཁར་གཏོད་པ་ལ་ཡ་ང་བག་ཚ་མེད་པའི་ཡུ་རོབ་པ་མི་སེར་སྤེལ་མཁན། པོར་ཇུ་གྷལ། སིཔེ་ནིཤི་སོགས་ཀྱི་འབྲི་སྟངས་དང་འབོད་སྟངས་སྣ་ཚོགས་ཡོད་པ་ཐམས་ཅད་འདིར་འབྲིར་ལོངས་པ་མི་འདུག་ཀྱང་། ཧྥ་རན་སི་པས་ཁ་ཆེ་མིར(Cachemir)དུ་འབོད་པར་བཤད་པ་འདི་བོད་སྐད་ཀྱི་ཁ་ཆེ་ཞེས་པའི་སྒྲ་གདངས་དང་ཧ་ཅང་ཉེ་བར་མཐོང་། སྒྲ་གདངས་འདི་གཉིས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་སྲིད་ལ་མེད་ཀྱང་སྲིད། ཡང་ནི་སྟེས་དབང་ཟེར་བའི་ཤེས་བྱ་ཞིག་ཀྱང་ཡོད་པ་ངེས་པར་བརྗེད་མི་རུང་བས། འདྲ་ས་ཡོད་ཚད་ལ་འབྲེལ་ས་ཞིག་འཚོལ་བ་འདི་བླུན་ལས་འཚབ་པོ་ཆེ་མིན་པའི་ངེས་པ་མེད། བོད་སྐད་དུ་ཁ་ཆེ་ཞེས་བྱུང་བ་ཡུལ་དེའི་མི་རྣམས་ཁ་ཆེན་པོ་ཡོད་པའི་དོན་ནི་མིན་ལས་ཆེ། གལ་ཏེ་ཆེ་བ་ཞིག་གི་དོན་ལ་བསམས་ཏེ་མིང་འདོགས་དགོས་ཚེ་ཁ་ཆེ་ཟེར་བ་ལས་སྣ་ཆེ་ཞེས་བརྗོད་ན་དོན་ལ་གནས་ཆེ་བར་སྙམ།
རྒྱ་གར་ཆོས་འབྱུང་གིས་གཙོས་པའི་བོད་ཡིག་གླེགས་བམ་དག་ཏུ་ཁ་ཆེའི་ཡུལ་འདི་ཐོག་མར་མཚོ་ཡིན་པ་ལ་མ་སྐྱེས་དགྲའི་ཚ་བོས་སྲིད་དབང་བཟུང་སྐབས། དགྲ་བཅོམ་ཉི་མ་གུང་པས་ཀླུའི་རྒྱལ་པོ་དུཥྚ་ཟེར་བ་ཞིག་བཏུལ་ནས་མཚོ་བསྐམས་པའི་ཤུལ་དུ་ཡུལ་ཆགས་རབས་ཀྱི་ལྷ་སྒྲུང་ཡ་མཚན་པོ་བཤད་ཀྱང་། མུ་སྟེགས་པ་ཀ་ཤྱ་པ་ཡི་སྒྲུང་དེ་ལ་དཔེ་བཤུས་རྒྱག་ཐབས་བྱས་པའི་གོ་རིམ་མི་འགྲིགས་པའི་བཤུས་སྒྲུང་ཙམ་ཞིག་ལས་གོ་རྒྱུ་ཡོད་པ་ཞིག་ཡིན་སྣང་མ་འཆར། ཀླུ་རྒྱལ་བཏུལ་ཏེ་མཚོ་བསྐམས་ལུགས་བཤད་པ་ཡང་མ་མཐོང་མ་ཕམ་གཡུ་མཚོའི་བཀོད་པ་བཤད་པ་དང་ཧ་ཅང་འདྲ་སྟེ། ཀཤྨཱིར་ན་ད་ལྟ་ཡང་མཚོ་མ་བསྐམས་པར་ཆེ་ཐག་ཆོད་ཡོད་པར་མ་ཟད། མཚོའི་སྟེང་ན་ཁྲོམ་ར་དང་མགྲོན་ཁང་ཟ་ཁང་སོགས་ཁང་ཆེན་ཁང་ཆུང་སྣ་ཚོགས་པ་ཆགས་ཡོད་པའི་ཡུལ་གྲོང་ཤཱཀྱའི་རྒྱལ་ཁམས་ལས་ཆེ་ཙམ་པ་དེ་འདྲ་ཡོད།
ཡུལ་ཁ་ཆེ་ནི་རྒྱ་གར་ནུབ་བྱང་གི་ཕྱོགས་ན་ཡོད་ཅིང་། ཡུལ་འདིའི་ས་ཁོངས་རྒྱ་ཁྱོན་ནི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་མི་འདྲ་བ་བྱུང་ཡོད་པ་ལས་མཐའ་གཅིག་ཏུ་ངེས་པ་མེད་ཚུལ་རྗེས་ནས་འཆད་པར་བྱ། དེ་ལྟ་ནའང་ཡུལ་ཀྱི་ལྟེ་བ་ཤྲི་ན་གར་ལ་བྱེད་པ་ཙམ་གནའ་ནས་ད་བར་ལ་གཅིག་འགྱུར་ཡིན། སྤྱི་ལོ་མ་བྱུང་སྔོན་གྱི་ལོ་ལྔ་བརྒྱ་ཙམ་གྱི་སྔོན་ནས་སྒྲ་རིག་པ་ལ་མཁས་པ་པཱ་ཎི་ནཱིས་མཛད་པའི་སྒྲའི་བསྟན་བཅོས་ཨཥྚཱ་དྷྱཱ་ཡཱི(Aṣṭādhyāyī)ཞེས་པའི་ནང་དུ་ཀཤྨཱིར་གྱི་མི་ལKashmirikasཞེས་བྱུང་བས་མཚོན། མུ་སྟེགས་པའི་ལྷ་སྒྲུང་མ་ཧཱ་བྷཱ་རཏའི་གཏམ་རྒྱུད་དང་ཁྱབ་འཇུག་གི་སྔ་རབས་སོགས་རིག་བྱེད་ཀྱི་གཞུང་གྲངས་མེད་དུ་ཡུལ་འདིའི་མིང་བྱུང་བར་བཤད་པས། རྒྱ་གར་གྱི་ཆོས་ལུགས་པ་འཁྱམ་པོ་ཚོའི་མིག་འོག་ཏུ་ཡུལ་འདི་དུས་ཚོད་རིང་པོ་ཞིག་གི་སྔོན་ནས་ཆུད་ཟིན་པ་ཤིན་ཏུ་གསལ།
དེ་བཞིན་དུ་མཽརྱཱ་དང་ཀུ་ཥཱཎ་རྒྱལ་རབས་སོགས་ཀྱིས་ཡུལ་འདི་ལ་དབང་བསྒྱུར་བ་ནས་བཟུང་སངས་རྒྱས་ཆོས་ལུགས་ཀྱང་ཤུགས་ཆེར་དར་ས་ཞིག་ཡིན། སངས་རྒྱས་ཆོས་ལུགས་ལ་ཤིན་ཏུ་བྱས་པ་ཆེ་བར་གྲགས་པའི་ཀུ་ཥཱཎ་རྒྱལ་རབས་ཀྱིས་ཡུལ་འདི་ལ་དབང་བསྒྱུར་སྐབས། ཀུ་ཥཱཎ་རྒྱལ་རབས་དར་བའི་རྩེ་མོར་གཏོང་མཁན་ཀ་ནིཥྐཱས་སྦྱིན་བདག་མཛད་དེ། ཁ་ཆེའི་ཡུལ་གྱི་ཀུཎ་ཌལ་ཝ་ན(Kundalvana)རུ་བཀའ་བསྡུ་བཞི་པ་མཛད་ཡོད་པ་ཡང་ཡོངས་གྲགས་ལྟ་བུ་ཡིན། བཀའ་བསྡུ་མཛད་ས་དེ་ནི་དེང་སང་ཤྲི་ན་གར་ནས་སྤྱི་ལེ་དྲུག་ཅུ་རེ་ལྔའི་ས་ན་ཡོད་པའི་ཧར་ཝན(Harwan)བྱ་བའི་ས་ཁུལ་ན་དགོན་ཤུལ་ཞིག་འདུག་པ་དེར་ངོས་འཛིན་བྱེད་མཁན་འདུག ཡིན་མིན་ཚུལ་བཞིན་དུ་ཁོ་བོས་ཐག་མི་ཆོད་པས་ཞིབ་ཏུ་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས་པའི་བཙན་བཀའ་བཏང་མ་ཡོང་ཞིག བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག་ཏུ་བཀའ་བསྡུ་རིམ་པ་གསུམ་མ་གཏོགས་མི་འཆད་ཀྱང་། བཀའ་བསྡུ་རིམ་པ་བཞི་བྱུང་བ་འདི་དེང་སང་ཡོངས་གྲགས་ལྟ་བུར་གླེང་གིན་འདུག་པར་མ་ཟད། བཀའ་བསྡུ་ལྔ་པ་དང་དྲུག་པའི་བར་དུ་བྱུང་བར་འདོད་མཁན་ཡང་ཡོད། དེ་ལ་རིགས་ལམ་གྱི་རྒྱབ་རྟེན་ཡང་ཕྲན་བུ་ཡོད་ཆོག་སྟེ། བཀའ་བསྡུ་ཞེས་པ་ཚིག་གི་ངོ་གདོང་ཤ་སྟག་ལ་བསམ་བློ་གཏོང་རྒྱུ་ཞིག་ནི་མ་ཡིན། སྟོན་པའི་བཀའ་བསྡུ་རུབ་བྱ་རྒྱུ་ལས་གཞན་པའི་གོ་བ་ཡང་ཡོད་པ་ཤེས་དགོས། བཀའ་བསྡུ་དང་པོ་དེ་ངེས་པར་སྟོན་པའི་གསུང་ཁ་འཐོར་རྣམས་ཕྱོགས་གཅིག་བསྡུ་སྒྲིག་བྱས་པ་ཞིག་ཡིན་ནའང་། བཀའ་བསྡུ་གཉིས་པ་མན་ཆད། སངས་རྒྱས་ཀྱི་གསུང་ལ་རས་ཆོད་བྱུང་བ་རྣམས་དག་ཐེར་བྱ་བའི་ཆེད་དུ་གཙོ་བོ་ཡིན་འདུག་ཕྱིར། ཕྱིས་སུ་སྟོན་པ་ཤཱཀྱ་ཐུབ་པའི་གསུང་ཡིན་པར་བསྙད་བཏགས་པའི་ཐེག་པ་ཆེན་པོ་དང་རྡོ་རྗེ་ཐེག་པ་སོགས་སྟོན་པ་ཁོང་རང་གིས་ཀྱང་ངོས་ཟིན་དཀའ་བའི་ཆོས་འཁྱམ་གྲངས་མེད་དར་བ་ལ་བསམས་ན། བཀའ་བསྡུ་དྲུག་གིས་མ་ཚད་བརྒྱ་ཕྲག་མང་པོ་བྱུང་མི་ཆོག་པའི་རྒྱུ་མཚན་མེད། དེ་ལྟ་ནའང་ཀླུ་སྒྲུབ་སོགས་ཐེག་ཆེན་པ་ཤིན་ཏུ་སྤྱང་གྲུང་འཛོམས་པ་ཚོས། སྟོན་པ་ཤཀྱཱ་ཐུབ་པའི་གསུང་ལ་དྲང་དོན་དང་ངེེས་དོན་སོགས་ཀྱི་གོ་བ་སྣ་ཚོགས་ལེན་རྒྱུ་ཡོད་པར་བཤད་དེ། ཡིན་མིན་མང་པོ་ཞིག་སངས་རྒྱས་ཀྱི་གསུང་ཡིན་པར་བསྒྲུབས་པས། དག་ཐེར་དང་གཅིག་འགྱུར་ལ་གཙོ་བོར་དམིགས་པའི་བཀའ་བསྡུ་མང་པོ་དགོས་པ་མེད་པར་གྱུརད་ཏེ་བཀའ་བསྡུ་དྲུག་ལྷག་མ་བྱུང་བ་ཡིན་ནམ་སྙམ། བཀའ་བསྡུ་དང་པོའི་སྦྱིན་བདག་རྒྱལ་པོ་མ་སྐྱེས་དགྲ། གཉིས་པའི་སྦྱིན་བདག་མྱ་ངན་མེད་ནག་པོ། གསུམ་པའི་སྦྱིན་བདག་མྱ་ངན་མེད། བཞི་པའི་སྦྱིན་བདག་ཀ་ཎིཥྐཱ་ཡིན་པར་བཤད་ཀྱང་། བོད་རྣམས་ཀྱིས་མྱ་ངན་མེད་སྔ་ཕྱི་གཉིས་ཀ་གཅིག་ཏུ་བྱས་པ་ལས་བཀའ་བསྡུ་བཞི་པའི་སྐོར་འདི་མ་བྱུང་བ་འདྲ། ཐམས་ཅད་མཁྱེན་པ་དགེ་འདུན་ཆོས་འཕེལ་གྱིས་ཏག་ཏག་ཁ་ཆེའི་ཡུལ་དུ་བཀའ་བསྡུ་བཞི་པའམ་མཐའ་མ་བྱུང་ཚུལ་གསུངས་པ་ལ། མཁྱེན་པའི་བདག་པོ་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་དེ་ཡིག་ནོར་ལྟ་བུར་གསུངས་ཏེ་བརྟག་པར་བྱ་བའི་གཞིར་བཞག་གནང་ཞོར། བཀའ་བསྡུ་གསུམ་པ་ཁ་ཆེའི་ཡུལ་གྱི་ཛ་ལནྡྷ་རའི་དགོན་པར་མཛད་ཚུལ་གསུངས། མ་གཞི་བཀའ་བསྡུ་སྐོར་གྱི་ལོ་རྒྱུས་འདི་ཧ་ཅང་རྙོག་གྲ་ཅན་ཞིག་ཡིན་ཁར། ཁོ་བོའི་ཡི་གེ་འདི་དཔྱད་རྩོམ་གྱི་རིགས་དེ་འདྲ་ནི་མིན་པས། ཞིབ་ཏུ་རྟོགས་འདོད་ན་གཞན་ནས་ཤེས་དགོས་པ་གོ་བར་གྱིས།
ཁ་ཆེ་ཞེས་པའི་མིང་འདི་བོད་རྣམས་ཀྱི་ཁྲོད་དུ་ནི། སངས་རྒྱས་པའི་ཆོས་བོད་ལ་བསྒྱུར་འགོ་ཚུགས་པ་ནས་བཟུང་རྣ་གོམས་སུ་སོང་བ་ཞིག་ཡིན། དེའི་སྔོན་དུ་བོད་རྣམས་ལ་ཡུལ་འདི་རྒྱུས་མེད་འབྲེལ་མེད་དེ་འདྲ་ཡིན་མིན་གང་ཡང་ཁོ་བོས་མི་ཤེས། སངས་རྒྱས་པའི་གྲུབ་མཐའ་བཞིའི་ནང་གསེས་བྱེད་བྲག་སྨྲ་བ་ལ་ཡང་། ཡུལ་ཁ་ཆེའི་ཕྱོགས་སུ་དར་བ་ལ་ཁ་ཆེ་བྱེ་བྲག་སྨྲ་བ་དང་། ཡུལ་དབུས་སུ་དར་བ་ལ་ཉི་འོག་བྱེ་བྲག་སྨྲ་བ་ཞེས་གྲུབ་མཐའ་ལ་ཡུལ་མིང་ཐོགས་སྟངས་འདི་ཁོ་ནས་ཀྱང་སངས་ཆོས་པ་ཚོའི་ཆེད་དུ་ཡུལ་འདི་ཇི་ཙམ་གྱི་གལ་ཆེན་ཡིན་པ་ཤེས་ཐུབ། ཁ་ཆེ་འདུས་བཟང་། ཁ་ཆེ་ཨཱ་ནནྡ། ཁ་ཆེ་ཛྙཱ་ན་ཤྲི། ཁ་ཆེ་ཟླ་བ་མགོན་པོ། ཁ་ཆེ་ཟླ་བ་མངོན་དགའ། ཁ་ཆེ་ཛྙཱ་ནཱ་ཀཱ་ར། ཁ་ཆེ་པཎྜི་ཏ་སུ་མ་ཏི་ཤྲི། ཁ་ཆེ་བསོད་སྙོམས་པ་ཆེན་པོའམ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་སོགས་ནི་བོད་རྣམས་ལ་ཤིན་ཏུ་རྒྱུས་ཆེ་བའི་སངས་རྒྱས་ཆོས་ལུགས་ཀྱི་མི་སྣ་གྲགས་ཅན་ཤ་སྟག་ཡིན། གཞན་ཚོང་འབྲེལ་སོགས་ཀྱི་ཐད་ནས་ཀྱང་བོད་རྣམས་སྔ་མོ་ཞིག་ནས་ཁ་ཆེ་དང་ཧ་ཅང་འབྲེལ་བ་ཆེ་བ་སྨོས་ཅི་དགོས་ཏེ། གུར་གུམ་རིགས་ལྔའི་ནང་ནས་མཆོག་ཏུ་གྱུར་པར་བཤད་པའི་ཁ་ཆེ་གུར་གུམ་ནི་བོད་རྣམས་ལ་ཧ་ཅང་རྒྱུས་ཆེ་ཞིང་རྩ་ཆེར་བརྩི་བའི་དངོས་པོ་ཞིག་ཡིན་པ་འདི་ཙམ་ཤེས་བྱེད་དུ་བཀོད་པས་མི་ཆོག་པ་མེད། ལར་དེང་སང་བོད་རྣམས་ཀྱིས་ཨི་སི་ལམ་གྱི་ཆོས་ལ་ཁ་ཆེའི་ཆོས་དང་དེེར་དད་མཁན་ལ་ཁ་ཆེ་བ་སོགས་ཟེར་བ་ཡོངས་གྲགས་ཡིན་ནའང་། འདི་ནི་བོད་རང་བཙན་ཤོར་ཟིན་རྗེས་ཀྱི་གོ་སྟངས་གསར་པ་ཞིག་མིན་ནམ་སྙམ་སྟེ། དུས་འཁོར་ཟེར་བའི་མུ་སྟེགས་པའམ་ཅི་ཞིག་གི་བརྒྱུད་དེ་བོད་ལ་དར་བ་ནས་དགེ་ཆོས་ཀྱི་བར་དུ་ཨི་སི་ལམ་གྱི་ཆོས་ལ་ཀླ་ཀློའི་ཆོས་དང་དེེར་དད་པའི་མི་ལ་ཀླ་ཀློ་ཟེར་བ་ལས་གཞན་པའི་བརྡ་ཞིག་སྤྱད་པ་ཁོ་བོས་ནི་མཐོང་བ་མི་དྲན། མཐོང་བ་མི་དྲན་ཟེར་བ་ལས་མི་འདུག་ཟེར་བ་མིན་པས་དོན་མེད་ཀླན་ཀ་འཚོལ་བར་མི་བྱ། འཛམ་གླིང་རྒྱས་བཤད་ནང་དུ་ཀླ་ཀློ་གཅིག་པུ་ལའང་མདོ་ནས་བཤད་པའི་ཀླ་ཀློ་དང་བརྒྱུད་ནས་བཤད་པའི་ཀླ་ཀློ། ནགས་ཁྲོད་ཀྱི་ཀླ་ཀློ་སོགས་རྣམ་གཞག་སྣ་ཚོགས་བྱས་འདུག་མོད། ཁོམ་དྲགས་ན་བྱེད་མི་ཆོག་པ་ཅི་ཡང་མེད་པ་འདྲ།
གང་ལྟར་བོད་དུ་སྔ་མོ་ཞིག་ནས་གཏན་སྡོད་བྱེད་མཁན་གྱི་ཁ་ཆེ་བའི་ཚོ་ཁག་ཆུང་ངུ་ཞིག་ཡོད་པ་འདྲ། སྤྱི་ལོའི་དུས་རབས་དགུ་པ་ཙམ་ནས་བོད་དང་ཨི་སི་ལམ་གྱི་ཆོས་ལུགས་བར་དུ་འབྲེལ་བ་བྱུང་ཟིན་ཡོད་ཅིང་། དུས་རབས་བཅུ་པ་ཙམ་ལ(983)ཨཧྥ་གཱ་ནིསྟཱན་དུ་བྱུང་བའི་རྩོམ་པ་པོའི་མིང་མི་གསལ་བའི་བརྩམས་ཆོས་འཛམ་གླིང་གི་ས་ཁུལ་ཁག(Hudud al-‘Alam)ཅེས་པའི་ནང་། ལྷ་སར་ཨི་སི་ལམ་གྱི་ལྷ་ཁང་ཆུང་ངུ་ཞིག་དང་ཨི་སི་ལམ་ཆོས་དད་པའི་ཚོ་ཁག་ཆུང་ངུ་ཞིག་ཡོད་ཚུལ་བཤད་པ་ནི། བོད་པ་ཁ་ཆེའི་སྐོར་ཐོན་པའི་ལོ་རྒྱུས་ཡིག་ཆ་རྙིང་ཤོས་ཤིག་ཡིན་ནམ་སྙམ། གོ་ལོག་ཐེབས་མི་ཉན་པ་ཞིག་ལ། འདིར་ཁ་ཆེ་ཞེས་པ་ཨི་སི་ལམ་གྱི་ཆོས་ལ་དམིགས་པ་མིན་པར་ཡུལ་ཁ་ཆེ་ལ་བཤད་པ་ཡིན་པས། དེ་དུས་ལྷ་ས་ན་ཡོད་པའི་ཨི་སི་ལམ་གྱི་ཚོ་ཁག་ཆུང་ངུ་དེ་ཡུལ་ཁ་ཆེའི་མི་ཡིན་ངེས་པའི་ཁ་མཚོན་མཐའ་གཅིག་ཏུ་གཅོད་མི་ཐུབ་པའི་རྒྱུ་མཚན་ཡང་དེ་ཡིན་པ་ཤེས་དགོས། བོད་པ་ཁ་ཆེ་བའི་མི་བརྒྱུད་དེ་དག ད་ཆ་ཤྲི་ན་གར་དབུས་ཀྱི་རི་བོ་ཧ་རིའི(Hari Parbat)རྒྱབ་ལོགས་དེ་ག་རང་ན་གཞིས་ཆགས་ཡོད་ཅིང་། ཚོད་དཔག་བྱས་ན་ཁྱིམ་ཚང་ཉིས་བརྒྱ་ཙམ་ཡོད་ཚོད། བོད་རིགས་ཁ་ཆེ་བ་ཁོ་རང་ཚོར་སློབ་གྲྭ་ཟུར་དུ་འདུག་ལ། བོད་ཟས་བཟའ་ས་ནི་བགྲང་གིས་མི་ལངས། ས་དེ་ནས་དབུས་སྐད་སྙན་སིང་ངེ་བ་རྒྱག་མཁན་གྱི་ཨ་ཅག་དེ་འདྲ་མཐོང་བྱུང་ལ། གཞིས་ཆགས་ཀྱི་བོད་སྐད་ཉབ་བེ་ཉོབ་བེ་རྒྱག་མཁན་གྱི་ཕོ་གསར་དེ་འདྲའང་ཐུག་བྱུང་།
ཡང་ཁ་ཆེའི་ཡུལ་གྱི་མཛེས་པ་ནི་ཚིག་གིས་མཚོན་ཐུབ་པ་ཞིག་ག་ལ་ཡིན་ཏེ། ཡུལ་གྱི་མཐའ་ཐམས་ཅད་གངས་རི་དཀར་སིང་ངེ་བ་དང་། བར་ཡོད་ཚད་ནགས་རི་སྨུག་ཐིང་ངེ་བ། མདུན་ཐམས་ཅད་མཚོ་དང་མཚེའུས་མཛེས་པའི་སྤང་རི་ལྗང་ལེབ་བེ་བས་ཁྱབ་འདུག ཡུལ་གྱི་དབུས། གྲོང་གི་ལྟེ་བ། ས་ཡི་ཐིག་ལེ་ཤྲི་ན་གར་ནི་ཤིན་ཏུ་མཛེས་པའི་མཚོ་མོ་གཡུ་ཡི་ཕྲ་ལྟ་བུས་བརྒྱན་ཡོད་པས། ཟེའུ་འབྲུ་མངོན་པར་མཐོ་ཞིང་འདབ་མ་རབ་ཏུ་རྒྱས་པའི་པདྨའི་མེ་ཏོག་ཁོ་ན་ནི་ཁ་ཆེའི་ཡུལ་ཆགས་དབྱིབས་ཀྱི་བཀོད་པ་མཚོན་པའི་དཔེ་རུ་འོས། ཡུལ་དེར་སྐྱེ་བའི་ཤིང་སྣ་ལ། ཤུག་པ། སྟག་མ། ལྕང་མ། ཐང་ཤིང་། སོམ་ཤིང་སོགས་ཤིང་རིགས་འདི་མི་སྐྱེ་ཟེར་བ་ཞིག་མེད། ཤིང་སྣ་དེ་དག་དབྱར་དུས་སུ་ལྗང་ཐིང་ངེར་སྡོད་ཅིང་། སྟོན་དུས་སུ་དམར་པོ་མེ་འདྲ་བ་དང་སེར་པོ་གསེར་འདྲ་བ་སོགས་ཆེས་ཡིད་དུ་འོང་བའི་ཁ་དོག་སྣ་ཚོགས་སུ་འཕོས་འགྲོ་བའི་མཛེས་པ་ནི་ཚིག་གིས་མཚོན་ཐུབ་པ་དང་མིག་གིས་ཆུན་ཐུབ་པ་དེ་འདྲ་ག་ལ་ཡིན། ཁ་ཆེའི་ཡུལ་དུ་སྐྱེ་བའི་མེ་ཏོག་ལ། རྒྱ་སེ་མེ་ཏོག ཉི་མ་མེ་ཏོག སེར་ཆེན་མེ་ཏོག གུར་གུམ་མེ་ཏོག དྲེས་མ་མེ་ཏོག མེ་ཏོག་མུ་མེན། མེ་ཏོག་པེ་རིང་ཝིང་ཀལ། མེ་ཏོག་མཱལ་ལི་ཀཱ མེ་ཏོག་མཐིང་སྔོན་སོགས་མིང་ཅན་མིང་མེད་ཀྱི་མེ་ཏོག་ཉིན་མཚན་བཅོ་བརྒྱད་ལ་བགྲངས་ཀྱང་བགྲང་མི་བཏུབ་པ་ཙམ་ཡོད། ཡུལ་དེར་མི་སྐྱེ་བའི་ཤིང་ཏོག་གི་རིགས་ཤིག་མེད་པ་འདྲ་སྟེ། ཀུ་ཤུ་གཅིག་པུ་ལའང་རིགས་མི་འདྲ་བ་འབྲོག་པའི་ར་ལུག་ལས་མང་བ་ཙམ་འདུག གཞན་ཡང་། ཁམ་བུ་དང་ཏར་ཀ་སོགས་ནི་རང་རེས་མིང་ཤེས་པའི་རིགས་དག་ཡིན་གྱི། ཤིང་ཏོག་གི་རྣམ་གྲངས་ཡོད་ཚད་ལ་བོད་མིང་གསར་དུ་འདོགས་པ་དང་ཐོ་རུ་འགོད་པ་སོགས་བྱེད་དགོས་ཚེ། ཤིང་ཏོག་གི་ཚིག་མཛོད་གསར་པ་ཤིག་བརྩམ་དགོས་པ་ལས་འོས་མེད།
ཡུལ་དེའི་སྐྱེས་པ་རྣམས་ནི་སྣ་གཟེངས་མཐོ་ལ་མིག་རྩ་དམར་ཞིང་དཔྲལ་བ་དབྱེས་ཆེ་བ། རྒྱ་དང་ཁ་སྤུ་ནག་ཡོར་རེ་ཡོད་པ། གྱད་མི་སྟོབས་ཆེན་དེ་ཚོའི་རྫིག་ཚོད་ནི་རྒྱལ་ཆེན་སྡེ་བཞི་ཟེར་བའི་ལྷ་ཁང་གི་ལྡེབ་རིས་དེ་ཚོ་ཡང་ཉམ་དམའ་པོར་བྱེད་པ་ཤ་སྟག་ཏུ་འདུག ཁ་ཆེ་བ་མི་རྒོད་དེ་ཚོར་སྣ་དམིགས་བསལ་གྱིས་ཆེན་པོ་རེ་ཡོད་པས། མིའི་ལུས་ཀྱི་ཆ་ཤས་ལས་ཆེ་བ་ཞིག་ལ་བསམས་ན། མི་ནག་གི་མཇེ་དང་ཁ་ཆེ་བའི་སྣ་ལས་ཆེ་བ་ཞིག་ཨེ་ཡོད་སྙམ། ཁ་ཆེ་བའི་ཕོ་ཆས་ནི་སྟོད་སྨད་སྦྲགས་སྦྱར་དུ་ཡོད་པའི་ཕྱུ་པ་སྐ་རགས་འཆིང་སྲོལ་མེད་པ་ཞིག་ཡོད། ཕྱུ་པ་དེའི་ཐུ་བའི་ཟུར་གཉིས་དང་མདུན་རྒྱབ་གཉིས་ནས་གྱེན་ཕྱོགས་ལ་ཁ་དབྲག་ཏུ་ཡོད་པས་གོན་བདེ་ཞིང་ཕུད་བདེ། ཕྱུ་པ་དེ་གོན་ནས་རྟ་ཞོན་པ་དང་། སྦག་སྦག་ཞོན་པ་དང་། མི་ཞོན་པ་སོགས། བཞོན་རྒྱུ་གང་ཡང་ཞོན་མི་བདེ་བ་གཅིག་ཀྱང་མེད། བུད་མེད་རྣམས་ནི་ཤ་རྩ་དཀར་ལ་དམར་བའི་མདངས་ཆགས་པ། སྐུ་གཟུགས་ཕྲ་ལ་ལྡེམ་པ། ཁ་མིག་སྣ་གསུམ་གྱི་སྒྲོས་ཡག་ག ཟུར་མིག་བལྟས་པ་ཙམ་གྱིས་སྐྱེས་པ་མང་པོའི་སྙིང་ལ་ཆོམས་རྐུན་འཇུག་བཏུབ་པ། ཞལ་འཛུམ་པ་ཙམ་གྱིས་ལྷ་མི་ཐམས་ཅད་ཀྱི་སྲོག་འཕྲོག་ནུས་པ། བུད་མེད་དེ་ཚོའི་ཆེད་དུ་རྒྱལ་པོ་ཞིག་ཡིན་ན་རྒྱལ་སྲིད་བློས་གཏོང་ཆོག་ཆོག་དང་། སྟོན་པ་ཞིག་ཡིན་ན་བསྟན་པ་བློས་གཏོང་ཆོག་ཆོག་རེད་ཨང་སྙམ་པ་ཤ་སྟག་འདུག ཁོང་ཅག་གི་སྐད་ལ་ནི་ཀཱོ་ཤུར(Koshur)ཟེར། རྒྱག་གར(Indo-Aryan)འཕགས་སྐད་ཀྱི་སྡེ་ཚན་ཞིག་ཡིན་པར་བཤད་ཅིང་སྐད་ཡིག་འདི་སྤྱོད་མཁན་མི་འབོར་ས་ཡ་དྲུག་ལྷག་ཙམ་ཡོད་པར་གྲགས། པཱཀིསྟཱན་གྱི་ཆ་ཤས་ཡིན་པའི་ཀཤྨཱིར(POK)གྱི་མི་ཉུང་ཤས་ཤིག་གིས་ཀྱང་སྐད་ཡིག་འདི་སྤྱོད་པར་བཤད།
ཁ་ཆེའི་ཡུལ་གྱི་ཐོན་རྫས་ལས་གྲགས་ཆེ་ཤོས་ཤིག་ཁ་ཆེའི་ཁུལ་གཟན་ཡིན། འདི་ལCashmere Pasminaཟེར། མིང་འདི་ཨ་རབ་ཀྱི་སྐད་དོདPashmལས་བྱུང་། ནང་དོན་ནི་སྤུ་འཇམ་པོ་ཞེས་པའི་དོན་ཡིན་པར་བཤད། རྒྱུ་ཆ་ར་ཡི་ཁུ་ལུ་ཡིན། སྤྱི་ལོའི་དུས་རབས་བཅོ་ལྔ་པའི་དཀྱིལ་ཙམ་ལ་ཁ་ཆེའི་ཡུལ་དུ་ཁུལ་གཟན་གྱི་བཟོ་སྐྲུན་འགོ་ཚུགས། དུས་རབས་བཅུ་དྲུག་པའི་ནང་མུ་ག༷ལ་གྱི་རྒྱལ་པོ་ཨཀ་བར་གྱི་སྐབས་ཁུལ་གཟན་བཟོ་སྐྲུན་ཤིན་ཏུ་རྒྱ་སྐྱེད་བཏང་། མཐའི་རྒྱ་མཚོ་ཆེན་མོའི་ཟླ་ལམ་གྲུ་པོ་ཆེས་བཅད་དེ་བགྲོད་དགོས་པའི་རྒྱང་རིང་ཡུ་རོབ་ཀྱི་གྲོང་ཁྱེར་དུ་མ་དང་། ཨུ་རུ་སུ། མ་ཧཱ་ཙི་ནའི་རྒྱལ་ཁམས་སོགས་སུ་ཁ་ཆེའི་ཁུལ་གཟན་མ་སླེབས་པའི་ས་མེད་པ་བྱས། ལྷག་དོན་ཡུ་རོབ་པ་མིག་སྔོན་པོའི་ཡུལ་དུ་དར་སྲོལ་ཆེ་བའི་བུད་མེད་ཀྱི་མཆོར་གོས་སུ་གྱུར། བུད་མེད་ཚོས་སྟོད་གཡོགས་སུ་གཙོ་བོར་སྤྱོད་པས་མིང་ལའང་སྟོད་ཡོལ(Shawl)ཞེས་ཐོགས། དབུལ་ཕྱུག་ཐམས་ཅད་ཀྱིས་ཁ་ཆེའི་ཁུལ་གཟན་བསྒྲུབ་དཀའ་བས། དགོས་གལ་དང་མཐུན་པར་ཁ་ཆེའི་ཁུལ་གཟན་ལ་དཔེ་བྱས་པའི་རས་ཆའི་གཟན་གོས་གོང་ཁེ་ལ་སྟབས་བདེ་བ་མང་པོ་གསར་དུ་ཐོན། ཕྱུག་བདག་གི་བུད་མེད་ཚོས་ནི་ཁ་ཆེའི་ཁུལ་གཟན་སྤུས་མ་ཁོ་ན་མངགས་ཉོ་བྱེད་པར་བཤད། དེང་བོད་ཀྱི་བླ་དྲག་ཚོའི་ཆུང་མ་ཡིན་པ་ལ། མིང་ལ་མཁའ་འགྲོ་མ་དང་རིག་མ་དང་གསང་ཡུམ་དང་བདག་མོ་རུ་བཏགས་པའི་སྐྱེས་སྨན་དེ་ཚོས་ཀྱང་། གནའ་བོའི་ཡུ་རོབ་ཀྱི་མི་དྲག་ཚོའི་ཆུང་མ་ལྟར་སྟོད་ལ་གཟན་ཡོལ་དཀྲི་ཞིང་། དེ་ཡང་ཁ་ཆེའི་ཡུལ་གྱི་ཁུལ་གཟན་ཨེ་རག་ལྟ་བ་དང་། བླ་རྒན་རབ་བྱུང་ཡིན་པ་ལ་སྒོར་མོ་རྒྱབ་ཀྱིས་མི་ཐེག་པ་ཡོད་མཁན་ཚོས་ཀྱང་། ཁ་ཆེའི་ཁུལ་གཟན་སྨུག་པོ་སྤུས་མ་དེ་འདྲ་གོན་ཨེ་ཐུབ་ལྟ་གིན་འདུག་པ་རྣམས་ནི་རིག་གནས་བརྗེས་རེས་ཀྱི་ཤུགས་རྐྱེན་ཡིན་ལས་ཆེ། མདོར་ན་ཁ་ཆེའི་ཁུལ་གཟན་འདི་འཛམ་གླིང་ས་ཡི་ཡང་རྩེ་བོད་ཁ་བ་ཅན་གྱི་བླ་རྒན་གུག་ཏོ་ཕན་ཆད་ནས། མཐའ་ཡི་རྒྱ་མཚོས་ཕ་རོལད་ཏུ་བཅད་པའི་ནུབ་ཕྱོགས་པ་མིག་སྔོན་པོའི་ཡུལ་གྲུ་ཚུན་ཆད་དུ་དར་སྲོལ་དང་སྙན་གྲགས་ཤིན་ཏུ་ཆེའོ།།
བསམ་ཚུལ་ཕྲིས།