༆ སྤི་ཏི་ལ་བསྐྱོད་པའི་ཟིན་ཐོ།

རྩོམ་ཡིག་འདི་ཐེངས་ 382 བཀླགས་འདུག


༆ སྤི་ཏི་ལ་བསྐྱོད་པའི་ཟིན་ཐོ་ཉུང་བསྡུས་མཐོང་གྲོལ་མ་ཞེས་བྱ་བ་ཞུགས་སོ། །

རྩོམ་པ་པོ། བཀྲ་ཤིས་དོན་གྲུབ། 

སྤི་ཏི། སྤི་ཏི་ནི་ངའི་ཕ་ཡུལ་དང་འདྲ་དྲགས་ཏེ་ཁྱད་པར་འབྱེད་མི་ཐུབ་པའི་ཚོད་དུ་འདུག་པས། འབྲི་བསྐྱུར་བྱས་ནས་ཡུན་རིང་འགོར་ཟིན་པའི་ཡུལ་སྐོར་ཟིན་ཐོ་ཉུང་ངུ་ཞིག་ཀྱང་བྲི་སྙིང་འདོད་བྱུང་།
ང་རང་མ་ནཱ་ལཱི་ནས་སྤི་ཏི་ལ་ཞུགས་པའི་ལམ་བར་དུ་ཆེས་ཐོག་མར་ཕྲད་པའི་སྤི་ཏིའི་གྲོང་ཚོ་དེའི་མིང་ལ་ཁོག་གསར་ཟེར། ང་ཚོས་གྲོང་ཚོ་དེ་ནས་ཞོགས་ཟས་ཟོས། ཁོག་གསར་ནི་ཤིན་ཏུ་མཛེས་པའི་གྲོང་གསེབ་ཆུང་ཆུང་ཞིག་ཡིན། ཁོ་བོས་ད་བར་མཐོང་མྱོང་བའི་གྲོང་ཚོ་ཞིག་ལས་འདི་ལྟ་བུའི་ཡིད་དུ་འོང་བ་ཞིག་ཧ་ལམ་མཐོང་མ་མྱོང་ཞེས་བརྗོད་ཐུབ། ལར་ཉིན་ཤས་སྔོན་དུ་ང་རང་རྒྱང་བཞུད(Trekking)ཞིག་ལ་ཕྱིན་ནས་ལོག་ཡོང་སྐབས་རླངས་འཁོར་གྱི་སྒེའུ་ཁུང་ནས་གྲོང་ཚོ་འདི་མཐོང་བྱུང་ཡང་། དེ་དུས་ཁ་ལོ་པ་སྤྱོད་ངན་དེས་འདིར་བཀག་མ་བྱུང་། སྐབས་དེར་ངས་ཚིག་ངན་འགའ་ལབ་སྟེ་ཁོ་ལ་སྤྱོས་ཀྱང་ཁོས་ལན་ཅི་ཡང་མ་སློག་པས་བྱེད་ཐབས་མ་རྙེད། ང་རང་དངོས་གནས་གྲོང་གསེབ་འདིར་ཉིན་གཅིག་གཉིས་ཤིག་འདུག་འདོད་ལངས་ཏེ་ཟུག་བརྒྱབ་བྱུང་།
གྲོང་ཚོ་འདི་སྤང་རི་མཐོན་པོ་རང་མེད་པ་ཞིག་གི་ལོགས་ལ་ཆགས་ཡོད་ཅིང་། སྤང་རི་དེ་ནི་ཆུ་ཚོད་ཕྱེད་ཀར་འཛེགས་ན་རྩེ་ལ་སླེབས་ཐུབ་ཙམ་ཞིག་ལས་མི་འདུག་ཀྱང་། ངོ་མཚར་བ་ཞིག་ལ་སྤང་རི་ཆུང་ཆུང་དེའི་རྩེ་ཏོག་ཉུང་ཟད་ཅིག་ཁ་བས་གཡོགས་འདུག་པས། ཚར་ཞྭ་གོན་པའི་བུ་ཆུང་ཞིག་ལ་དཔེ་བཞག་ཆོག་པ་འདྲ། གྲོང་ཚོ་འདི་དྲོ་ཐག་ཆོད་འདུག་ཀྱང་སྤང་རི་ཆུང་ཆུང་དེའི་རྩེ་མོ་ཁ་བས་གཡོགས་འདུག་པ་ནི་དངོས་གནས་ངོ་མཚར་བ་ཞིག་བྱུང་། དེས་ག་ལ་ཚད་དེ། སྤང་རི་དེ་ལས་རྦབ་ཆུ་ལྷུང་ལྷུང་དུ་ཟགས་ཡོང་ལ། རྦབ་ཆུ་དེ་གྲོང་ཚོ་དང་ཧ་ཅང་ཉེ་ཡང་ཆུ་སྒྲ་ཤུགས་ཆེན་པོ་དེ་འདྲ་ཅི་ཡང་མེད་མཁན་ཞིག་འདུག་པས་དེ་བས་ཡ་མཚར། གྲོང་ཚོ་འདིའི་ཕར་ལོགས་ལ་བྲག་རི་སྤང་ལྭ་གོན་པ་ཧ་ཅང་མཐོན་པོ་ཞིག་དང་། ཚུར་ངོས་ཀྱི་གྲོང་ཚོ་དང་ཕར་ངོས་ཀྱི་བྲག་རི་མཐོན་པོའི་བར་གྱི་ལུང་གཤོང་དེ་ནས་གཙང་པོ་ཞིག་ཤར་ལྷོའི་ཕྱོགས་སུ་བཞུར་འགྲོ། གཙང་པོའི་བཞུར་ཕྱོགས་ལ་རྒྱང་མིག་ཅེར་ན། ཐག་རིང་ཐག་རིང་གི་སྤང་རིའི་ངོས་ལ་སྣུམ་ནག་གི་གཞུང་ལམ་གྱ་གྱུར་བསྲིངས་ཡོད་པ་མཐོང་ཐུབ། རིང་པོ་མ་ཐོགས་པར་ལམ་འགྲུལ་བ་ཚོས་ཞོགས་ཟས་ཟོས་ཚར་བས། སྣུམ་ནག་གི་གཞུང་ལམ་གྱ་གྱུ་དེ་འདེད་ནས་ང་ཚོ་ཐག་རིང་ཐག་རིང་དུ་ཆས། འགྲོ་བཞིན་པའི་ལམ་ཟུར་ལ་སྣང་བ་མི་གཏོད་རང་དབང་མེད་ཀྱང་། ལྗང་ལེབ་བེར་ཡོད་པའི་སྤང་ཐང་དག་གི་གསེང་ན་དཀར་སེར་དམར་ལྗང་དུ་བཞད་པའི་མེ་ཏོག་མིང་མེད་དེ་དག་གི་མཛེས་པ་འགྲེལ་བཤད་རྒྱག་མི་ཤེས་པའི་སྡུག་བསྔལ་ནི་བརྗོད་ལས་འདས། ལ་ཤོད་ལུང་གཤོང་རེ་འརྒལ་བའི་རྩྭ་གསེབ་རྣམས་སུ་རྟ་འདོ་བ་དཀར་ནག་ཁྱུ་དང་ཁྱུ་བྱས་ནས་མེ་ཏོག་དང་རྩྭ་ལ་གཡེངས་པ་མཐོང་ཐུབ། ཁོག་གསར་དང་ཁ་བྲལ་ནས་ཡུན་རིང་མ་འདས་པར་སྣུམ་ནག་གི་གཞུང་ལམ་ཆད། དེ་ནས་ལམ་རྗེན་ཤ་སྟག་གི་གཞུང་ལམ་ཞིག་གི་འགོ་ཚུགས། ལམ་བདེ་པོ་མེད་རྐྱེན་མོ་ཊའི་གཡོ་འགུལ་ཞེ་དྲགས་ཤུགས་ཆེ་རུ་ཕྱིན་ནས་འགྲུལ་པ་འགས་སྡུག་སྐད་རྒྱག་འགོ་བཙུགས།
ལམ་རྗེན་དེ་འདེད་ནས་མོ་ཊ་ཡམ་ཡོམ་ལང་ལིང་དུ་འགུལ་བཞིན་སྐྱོད་ཀྱིན་སྐྱོད་ཀྱིན་ལ། རྩི་ཤིང་མེ་ཏོག་སོགས་ལྗང་མདོག་ཉུང་དུ་ཉུང་དུ་ཕྱིན་མཐར། ལུང་གཤོང་ཁ་དོག་ཅིང་གནམ་སྔོན་པོ་མ་གཏོགས་པའི་གཡས་རི་གཡོན་རི་མདུན་རྒྱབ་ཡོད་ཚད་རྡོ་ཕ་བོང་ཆེན་པོ་ཤ་སྟག་གིས་གང་བསྡད་ཡོད་པ། ཡ་མ་ན་ཚ་ཤིན་ཏུ་ཐུ་མོ་ཡིན་པའི་མི་རྒན་ཞིག་གི་སྣ་ལྟར། རབ་རོབ་ཟང་ཟིང་འབའ་ཞིག་ཡིན་པའི་ལུང་གཤོང་སྐྱ་ཐོར་རེ་བ་ཞིག་ལ་ཞུགས། རྡོ་ཕ་བོང་ཆེན་པོ་དེ་འདྲ་འབའ་ཞིག་ལས་གཞན་ཅི་ཡང་མཐོང་དུ་མེད་པའི་ས་དེ་ནས་སེམས་སྦུག་དོག་སྟེ། གང་ཞིག་ནས་ཐར་རོགས་མི་བྱེད་པའི་ཚོར་བ་ཞིག་གིས་མནནད་ཡོང་། དེ་ལྟར་གང་འཚམ་འགོར་རྗེས་ལུང་པ་གཞན་ཞིག་ལ་ཞུགས། ལུང་པ་དེ་ནས་ཐག་རིང་ལ་བལྟས་ན། སྲིད་པའི་གངས་རི་རྒད་པོ་མཐོ་བ་ལ་ནི་མཐོ་ཚོད་མེད་པ་དེ་འདྲ་གཡེང་མེད་གཡོ་མེད་ཀྱི་ངང་ནས་དཀར་ལིང་ངེར་འགྱིངས་འདུག་ལ། གངས་རི་དེ་དག་གི་མདུན་ལོགས་རྣམས་སུ་ངམ་གནག་ཅིང་ངོ་ནག་པའི་རྫ་རི་སྨུག་པོ་ཆེན་པོ་དེ་འདྲ་མང་པོ་རྫོང་ངེར་ལངས་བསྡད་འདུག རྫ་རི་དེ་དག་མཚམས་རེར་ང་ཚོའི་མདུན་དེ་མ་ཐག་ན་ལངས་ནས་ཡོད་ཅིང་། སྐབས་རེར་གཡས་དང་གཡོན། ལན་རེར་ཐག་རིང་ཐག་རིང་ནས་དཔུང་གདང་སྦྲེལ་ཏེ་ང་ཚོ་ལ་ཅེར་འདུག ལུང་གཤོང་གི་དཀྱིལ་དེ་ནས་ཤར་གྱི་ཕྱོགས་སུ་ངམ་གྲོག་རིང་མོ་ཞིག་བསྣརད་འདུག་ཅིང་། དེའི་གཏིང་རིམ་ནས་རླབས་སྒྲ་ཆེ་བའི་གཙང་པོ་འཇིགས་སུ་རུང་བ་ཞིག་ཉར་ཉོར་དུ་བཞུར་འགྲོ། ང་ཚོའི་རླངས་འཁོར་གོག་པོ་དེ་ཧ་ཅང་མཐོ་བའི་རྫ་རི་སྨུག་པོ་འཇིགས་སུ་རུང་བ་དེ་དག་གི་གཡས་དང་གཡོན། མདུན་ངོས་དང་རྒྱབ་ངོས། ལ་རྩེ་དང་ལ་གཤམ་བྱས་ནས་ལམ་རྗེན་སྐྱ་ཤར་མ་དེ་འདེད་བཞིན་བྱ་འཕུར་བ་ལྟར་རྒྱུག་རྐྱང་བྱེད། ས་དེ་དག་ཉམས་དགའ་བ་ཞིག་མ་ཡིན་ཡང་། རི་དེ་དག་གི་གཟི་བརྗིད་དམ་འཇིགས་ཉམས་ཀྱི་མདུན་ནས། རང་ཉིད་ཤིན་ཏུ་ཉམ་ཆུང་བ་ལྟ་བུར་ཚོར་ཞིང་། རླངས་འཁོར་གྱི་སྒེའུ་ཁུང་ནས་རི་དེ་དག་ལ་ཅེར་ཏེ་སྨྲ་བ་མེད་པར་ཧ་ལས་ཤིང་ཧོན་འཐོར་ནས་ཆུ་ཚོད་མང་པོ་ལུས་འགྲོ། ངོ་མཚར་བའི་རང་བྱུང་ཁམས་ཀྱི་གཟི་བརྗིད་དེ་དག་གིས། བདག་ནི་དགའ་བའམ་སྐྱོ་བའམ་དངངས་པ་གང་ཡིན་ཧ་མི་གོ་བའི་ཚོར་བ་དྲག་པོ་ལང་ལོང་དུ་འཁྲུགས་ཏེ། སྨག་ཆད་ཅིང་སྨྲེང་བར་གྱུར་ཏེ་མིག་མཐའ་བརླནད་སོང་།
སོང་སོང་མཐར་ང་ཚོའི་མོ་ཊ་དེ། ལ་མཐོ་ཤོས་ཤིག་གི་ལོགས་ལ་འབྱར། ཆུ་ཚོད་ཕྱེད་ལྷག་ཙམ་འགོར་རྗེས་ལ་དེའི་རྩེ་མོར་སླེབས། ལ་རྩེ་དེ་ནས་བཙག་བསེར་བུ་ཤུར་ཤུར་དུ་ལྡང་བའི་ངར་ཤས་ཨ་མཆོག་གི་ཕྲུམ་རུས་ཀྱང་ཕུག་འགྲོ་སྙམ་པ་བྱེད་ཅིང་། བཙག་བསེར་དེས་ཁ་བ་ཟམ་ཟིམ་ཞིག་ཀྱང་ཞོར་ལ་གཡུགས་ཡོང་། ལ་རྩེ་དེ་ན་མཎ་ཐང་གི(རྡོ་ལ་མ་ཎི་སོགས་བརྐོས་པའི་རིགས)རྡོ་འབུམ་ནར་མོ་རིང་ཙམ་ཞིག་དང་། རྡོ་འབུམ་དེའི་འགོ་ན་མཆོད་རྟེན་དཀར་པོ་ཞིག་དང་ལྷ་ཁང་ཆུང་ཆུང་ཞིག་བཞེངས་འདུག་པ་ལས། ཕྱོགས་བཞི་མཚམས་བརྒྱད་ལ་ཁ་དོག་སྣ་ལྔའི་དར་ཐག་གྲངས་མེད་འཐེན་ཏེ་རླུང་གིས་ལྷེབ་ལྷེབ་ཏུ་སྐྱོད་བཞིན་པའི་སྣང་ཚུལ་དེ་ནི་ཉམས་དགའ་བར་སྣང་།
ལ་དེ་ནས་འབབས་འགོ་ཚུགས་པ་དང་གནམ་གཤིས་ཀྱང་ཕྲན་བུ་དྲོ་རུ་ཕྱིན། རླངས་འཁོར་གཤར་གཤར་དུ་བསྐྱོད་པའི་ལམ་ཟུར་གྱི་ན་ཁུག་ཆུང་ཆུང་རེའམ། བྲག་རྡོ་ཆེན་པོ་དེ་འདྲའི་མདུན་ངོས་སུ་ཕ་བོང་དཀར་པོ་རེའི་སྟེང་དུ་ལྷ་ཚུགས་རེ་དང་། ལྷ་ཚུགས་དེ་དག་ལས་ཕྱོགས་བཞིར་ཁ་དོག་སྣ་ལྔའི་དར་ཐག་འཐེན་པ་ལ་རླུང་གཡུགས་ཏེ་ལྷབ་ལྷུབ་ཏུ་བསྐྱོད་པ་ནི་ཡང་ནས་བསྐྱར་དུ་མཐོང་ཐུབ། ང་ལ་མཚོན་ན་ཆོས་ལུགས་ཀྱི་བྱེད་སྒོ་དག་ལ་སྤྲོ་བ་ཅང་མེད་ཀྱང་། དར་ཐག་དང་ལྷ་ཚུགས། ལབ་རྩེ་དང་ཐོ་ཐོ་སོགས་ཀྱི་རིག་གཞུང་འདི་དག་ལ་ཆུང་དུས་ཀྱི་བག་ཆགས་དབང་གིས་བརྩེ་བ་དམིགས་བསལ་ཞིག་ཡོད། རི་རྩེ་ནས་བསང་གཏོང་རྒྱུ་དེ་ལའང་བདེ་སྐྱིད་དམིགས་བསལ་ཞིག་ནི་མཆིས། མིའི་སེམས་ཁམས་ནི་རིག་གཞུང་གིས་བསྐྱེད་ཅིང་གསོས་ཡོང་བ་ཡིན་པས། ཆུང་བྱིས་དུས་ཀྱི་རིག་གཞུང་དང་ངོ་ཕྲད་སྐབས། བུ་སྟོར་བའི་མ་ཕྲད་པ་ལྟ་བུའི་དགའ་བ་དང་མགུ་བ་ཞིག་ལོས་ཡོད། ད་ནི་ལྷ་ཚུགས་དང་དར་ཐག་ཙམ་མ་ཡིན་པར། ཡུལ་ལྗོངས་བྱིངས་ཀྱང་ངའི་ཕ་ཡུལ་དང་ཇེ་འདྲ་ཇེ་མཚུངས་སུ་འགྲོ་བཞིན་འདུག རི་དེ་ཚོ་ཧ་ཅང་མཐོན་པོ་འདུག་ཀྱང་། གཟར་པོ་དེ་ཙམ་མ་ཡིན་ལ་བྲག་རི་སྨུག་པོ་འབའ་ཞིག་ཀྱང་མིན་པར། གཡའ་མ་དང་སེག་མ། ཡང་ན་བྱེ་སེག་འདྲེས་མ་ཡིན་པའི་ཡོལ་བས་གཡོགས་པའི་རི་གླང་ཆེན་ཉལ་བ་ལྟ་བུ་དེ་དག མཚམས་རེར་སེར་ཧར་རེ་ཡོད་ཅིང་། སྐབས་རེར་སྔོ་ལེབ་བེ་འདུག་ལ། ལན་རེར་སྐྱ་ཕལ་ལེ་བྱས་ནས་འདུག རི་ངོས་རྣམས་སུ་བྲེས་མ་དང་བྲ་མ་སོགས་ཐར་ཐོར་སྐྱེས་འདུག་པ་ནི། མི་ཞིག་གི་ངོ་གདོང་ལ་སྨེ་བའི་ནག་ཐིག་ཐོར་རེ་ཡོད་པ་དང་འདྲ། རི་ངོས་རྣམས་སུ་རྡོ་དཀར་པོ་དུ་མ་བསྒྲིགས་ནས་ཐག་རིང་ནས་བལྟས་ན། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བྲིས་བཞག་པ་དེ་ཚོའང་ངའི་ཕ་ཡུལ་དང་དབྱེར་མེད་རེད་བཞག རི་ངོས་གཞན་ཞིག་ན་གཡག་དང་མཛོ་མོ་སོགས་ཀྱང་ནག་ཐོར་རེ་མཐོང་བྱུང་བས། བདག་ནི་བྱིས་དུས་དྲན་དྲགས་ཏེ་རྐུབ་བཀྱགས་སྟེང་ལ་སྡོད་མི་ཚུགས་པ་ཙམ་བྱུང་། དེ་ནས་རིང་པོ་མ་ཐོགས་པར་སྤི་ཏིའི་གྲོང་པ་རྣལ་མ་བློ་གསར་ཟེར་བ་དེར་འབྱོར། གྲོང་པ་དེ་མཐོང་མ་ཐག་ང་རང་ཕ་ཡུལ་ལ་འབྱོར་བ་ཨེ་ཡིན་སྙམ་པའི་འཁྲུལ་སྣང་སྐྱེས། གྲོང་པ་དེ་ནི་ཅུང་ཁོད་སྙོམས་ས་ཞིག་ལ་ཆགས་ཤིང་། ཞིང་ཐང་ལེབ་མོ་ལེབ་མོས་རྒྱང་རིང་རྒྱང་རིང་དུ་ལྗང་ཐིང་ངེར་ཁྱབ་འདུག མཐའ་ཐམས་ཅད་ཞིང་ཐང་གིས་ཁྱབ་པའི་དབུས་ན་བློ་གསར་གྲོང་ཚོའི་གཞིས་ཁྱིམ་རྣམས་ཆགས་འདུག གཞིས་ཁྱིམ་དེ་དག་གི་ཁང་པའི་བཟོ་བཀོད་ནི་ངའི་ཕ་ཡུལ་ཕྱོགས་ཀྱི་ཁང་པའི་བཟོ་བཀོད་དེ་རང་དུ་འདུག ཁང་པ་དེ་དག་གི་ཐོག་ལེབ་མོ་ཡིན་པ་ལ། ཁང་ཐོག་གི་ཕྱོགས་བཞི་ལ་ལྷ་ཚུགས་བྱས་ཤིང་། སྤེན་བད་ཀྱིས་བརྒྱན་པ། ཕྱོགས་བཞི་ལ་ཝ་ཁ་ཡོད་པ། སྒོ་དང་སྒེའུ་ཁུང་གི་མཐའ་ཟུར་རྣམས་འབུར་གཟུགས་སུ་གཏོད་ནས་ནག་རྩི་བཏང་བཞག་པ་སོགས་གཙང་སྟོད་ཕྱོགས་ཀྱི་ཁང་བཟོ་དེ་རང་དུ་འདུག ལར་ཁང་ཐོག་སྐྱ་ལེབ་འདི་དག་བཟོ་ལུགས་ཡག་པོ་ཞིག་རེད་མི་སྙམ་སྟེ། ཆར་དུས་སུ་ཁང་ཐོག་ལ་ཆུ་འཁྱིལ་ཞིང་དགུན་ཁ་ཁ་བ་ཕོ་དགོས་པ་སོགས་ཀྱི་དཀའ་ངལ་མང་པོ་ཡོད། བཟོ་ལུགས་ཡག་པོ་མིན་ནའང་རིག་གཞུང་གི་བག་ཆགས་ཤིག་གིས་ཁང་པ་འདི་དག་མཐོང་མ་ཐག་ང་རང་ཧ་ཅང་དགའ་བྱུང་། ཡུལ་འདིའི་མི་རྣམས་ཀྱང་ངའི་ཕ་ཡུལ་གྱི་མི་དེ་ཚོ་ལྟར་ངོ་གདོང་སྨུག་པོ་ཡིན་པ་ལ། རྣམ་པ་ཡག་རྒྱུ་ཅི་ཡང་མེད་པ་དེ་འདྲར་འདུག བུད་མེད་དེ་ཚོའང་སྒོར་སྒོར་རྒྱགས་རིལ་དེ་འདྲ་མང་བ་མཐོང་ཡང་། བུད་མེད་དེ་ཚོ་ཉམ་ཆུང་ཞིང་སེམས་བཟང་གཤིས་འཇམ་དེ་འདྲར་འདུག་པས། བལྟས་ནས་སེམས་པ་ཤོར་དཀའ་ཡང་འདྲིས་ཤིང་གཤིབ་ན་སེམས་པ་དང་ལུས་པོ་གཉིས་ཀ་ཤོར་མིན་ལ་ཐེ་ཚོམ་ཡོད་ས་མ་རེད།
དེ་ནས་ཡང་བསྐྱར་ང་ཚོ་ལམ་ལ་ཆས། ཕ་རི་ནས་ཚུར་རི་དང་ཚུར་རི་ནས་ཕ་རིར་ས་རིས་ཀྱག་ཀྱོག་ཏུ་བྲིས་པ་ལྟ་བུའི་རི་ལམ་དེ་ནས་ང་ཚོའི་རླངས་འཁོར་དེ་བྲེལ་བ་ཆེན་པོས་རྒྱུགས་སོང་། ལམ་བར་ནས་ཞིང་ཐང་མང་པོ་ཐུག་ཡོང་། ཞིང་ཐང་དེ་དག་ལས་ཁ་ཤས་སེར་ལྡེམ་མེར་འདུག་པ་ལ་བལྟས་ན་པད་ཁ་བཏབ་ཡོད་པ་འདྲ། ཞིང་དཀྱིལ་རྣམས་ལ་ཞིབ་ཀྱིས་བལྟས་ན། བྲི་དེབ་ལ་ཐིགས་བཏབ་པ་ལྟར་རྣང་མ་འཐེན་ཡོད་ཅིང་། ཞིང་འགོ་དག་ནས་ཆུ་རྐ་ཕྲ་མོ་རེ་ཁྲིད་འདུག ཞིང་ཁ་དུ་མའི་དབུས་རྣམས་སུ་རྡོ་ཕ་བོང་རེ་ལ་དཀར་རྩི་བཏང་སྟེ་ལྷ་ཚུགས་བྱས་པ་སོགས། ཡང་བསྐྱར་ངེད་ཀྱི་ཕ་ཡུལ་གྱི་རིག་གཞུང་དེ་རེད་འདུག དེ་ནས་བསྐྱོད་བསྐྱོད་མཐར་ལག་མཐིལ་ཁ་ཕྱེ་བ་ལྟར་ས་ཁོད་ཡངས་པོ་ཞིག་ལ་འབྱོར་ཞིང་། ཐག་རིང་གི་རི་ལྡེབས་ལ་རི་བོ་གྲུ་འཛིན་ལྟ་བུའི་དགོན་པ་ཉམས་དགའ་བ་ཞིག་མངོན། དགོན་པ་དེ་དང་ཐག་མི་རིང་ས་ན་གྲོང་ཚོ་ཆེ་ཙམ་ཞིག་འདུག་པ་དེ་ནི་དེ་རིང་ང་ཚོ་འགྲོ་སའི་ཀ་ཛ་གྲོང་པ་ཡིན། གྲོང་པ་དེ་ཡང་གཙང་སྟོད་ཕྱོགས་ཀྱི་གྲོང་པ་ཞིག་རང་དུ་འདུག་པས། དེ་རུ་ཉིན་ཤས་འདུག་རྒྱུ་ཡོད་པ་ནི་ཅི་འདྲའི་བསོད་བདེ་རེད་ཨང་སྙམ་པའི་མུར། གྲོང་པ་དེར་མ་སླེབས་ཙམ་གྱི་ལམ་ཟུར་ན་གད་སྙིགས་ཀྱི་ཕུང་པོ་ཆེན་པོ་སྤུངས་ནས་དྲི་ངན་འཐུལ་གྱིན་འདུག་པས། རི་མཐོ་ས་གཙང་གི་ལུང་པ་འདི་ལྟ་བུར་ཡང་རྒྱ་གར་བ་ནག་རིལ་སྐྱག་གཟན་དེ་ཚོས་འདི་འདྲའི་མ་རུང་བ་ཆེན་པོ་བྱས་འདུག་ཨང་སྙམ་སྟེ། སྙིང་ལ་གྲི་བཙགས་བརྒྱབ་པ་ལྟ་བུའི་ཚོར་བ་བྱུང་། སྤྱིར་ན་ང་རང་མི་རིགས་དབྱེ་འབྱེད་ལ་དགའ་མཁན་ཞིག་མིན་ཡང་། རྒྱ་གར་བ་ཟེར་བ་འདི་ཐུན་མོང་བ་ལ་གད་སྙིགས་བཟོ་བའི་ན་ཚ་དམིགས་བསལ་ཞིག་འདུག་པ་ནི། མི་དྲང་པོ་སུ་འདྲ་ཞིག་གིས་བལྟས་ཀྱང་མཐོང་ཐུབ། ཡུལ་འདི་ཙམ་མིན་པར་མ་ནཱ་ལཱི་སོགས་རྒྱ་གར་བ་གར་སོང་ལ་གད་སྙིགས་སྐྱ་ཐོར་རེ་མཐོང་རྒྱུ་འདུག ཐ་ན་ཁོ་བོས་ཉིན་ཤས་སྔོན་དུ་འཛེགས་སོང་བའི་གངས་རིའི་སྟེང་ལའང་གད་སྙིགས་གཡུགས་འདུག བྱ་སྤྱོད་འདི་ཚོ་མཐོང་སྐབས་ངས་རྒྱ་གར་བ་ནི་འཛམ་བུ་གླིང་ལ་གད་སྙིགས་བཟོ་བའི་ཆེད་སྐྱེ་བ་བླངས་པ་ལོས་ཡིན་སྙམ།
ད་ནི་ང་ཚོ་དམིགས་ཡུལ་གྱི་སར་འབྱོར་ཟིན་པས་ཟིན་ཐོ་འདི་ཡང་འདི་ནས་འབྲི་མཚམས་འཇོག སྤྱིར་ན་ཡུལ་སྐོར་ཟིན་ཐོ་ཟེར་བ་དེར། ཡུལ་དེ་དང་དེའི་སྐད་ལུགས་ཟ་ལུགས་འགྲོ་ལུགས་འདུག་ལུགས་ཆ་ལུགས་དང་། ལོ་རྒྱུས་ཡུལ་སྲོལ་གོམས་གཤིས། ཁྱད་པར་དུ་ས་རྒྱུས་ཤེས་བྱ་སྐོར་གྱི་Informationsརྣམས་ངེས་པར་འགོད་དགོས་ཀྱང་། དེ་ཞག་དྲྭ་རྒྱའི་དུས་རབས་སུ་གནས་ཚུལ་དེ་དག་དྲྭ་ཐོག་ན་གཅིག་གསལ་གཉིས་གསལ་ཡིན་པས་འདིར་མ་བཀོད། འདིར་བྲི་འདོད་པ་ནི་པར་མིག་ཏུ་ཤོང་མི་ཐུབ་པའི་ཡུལ་ལྗོངས་ཀྱི་མཛེས་པ་དང་། མཛེས་པ་དེ་དག་དང་ལྷན་དུ་འཕར་འཇགས་བྱེད་པའི་ཚོར་བ་ཡ་མཚན་དེ་དག་ཁོ་ན་ཡིན། དེ་ལས་གཞན་ཡུལ་འདི་དང་བོད་ཀྱི་ཤེས་རིག་ལོ་རྒྱུས་སོགས་ཀྱི་འགལ་འབྲེལ་ཐད་གང་མང་གླེང་ཆོག་སྟེ། དེང་སང་ཤེས་བྱ་ཡོན་ཏན་ལ་དགའ་བའི་ཀློག་པ་པོ་མེད་ཅིང་། ཤེས་བྱ་ཡོན་ཏན་སྐོར་བཤད་ན་ཉོབ་འགྲོ་མཁན་ཤ་སྟག་ཏུ་འདུག་ན་དེ་དག་ཀྱང་བསྐྱུརད་བཞག་པ་ཡིན་ནོ། །

ལྡོམ་པོ་བཀྲ་ཤིས་དོན་གྲུབ་ཀྱིས་གནས་མཆོག་སྤི་ཏིའི་གནའ་གྲོང་ཀ་ཛའི་གཡར་ཁང་མེ་ཏོག་སྡོད་ཁང་ཞེེས་པ་ནས་མཐའ་བསྡུས་པའོ།།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *