སྙན་བཟང་གཡུང་དྲུང་ཚེ་རིང་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 182 བཀླགས་འདུག


སེམས་ཀྱི་རྟ་ཕོ།

— སྙན་བཟང་གཡུང་དྲུང་ཚེ་རིང་།

འགོག་མེད་སེམས་ཀྱི་རྟ་ཕོ་སྲབ་མེད་རྒྱང་དུ་འཐེན་པའི་ལམ་བུར་ཞུགས། །
མདུན་ལྗོངས་རིང་མོ་མཐའ་དབུས་བྲལ་ཡང་རྨིག་བཞིའི་གོམ་སྟབས་དྲག་ཏུ་བསྐོར། །
གྲང་ངར་ལྷགས་པས་ལུས་སེམས་སྦྲིད་ཀྱང་ང་རྒྱལ་མགོ་བོ་མཐོ་རུ་བཏེགས། །
མུན་པ་ནག་པོ་མཐའ་ནས་བྱེར་ཡང་འགྱུར་མེད་སྙིང་སྟོབས་མེ་ལྕེ་འབར། །

རི་ཆུ་སྟོང་ཕྲག་རྨིག་པས་རྫི་བཞིན་ཡོན་ཏན་ཐང་ཆེན་འཕྲེད་ཀྱིས་བཅད། །
བཀྲེས་དང་སྐོམ་པའི་གདུང་བའི་བློ་ཡིས་རིག་པའི་འཇག་རྩ་སྣུམ་པོ་ཟོས། །
སེམས་ཀྱི་རྟ་ཕོ་སྨྲེང་བཞིན་སྨྲེང་བཞིན་ཤ་ཤེད་རྒྱས་པའི་ཆུ་བོ་འཐུངས། །
ཐག་རིང་ལམ་བགྲོད་དཀའ་ཚེགས་ཆེ་ཡང་ལེ་ལོའི་སྒྲོག་ཏུ་ཚུད་མ་གྱུར། །

སྲབ་དང་སྒྲོག་གིས་བཅིངས་པ་མེད་པས་རང་དབང་སྣང་བ་ལོངས་སུ་སྤྱད། །
རྟ་རྫི་རྒན་པོའི་ལྕག་ཚན་མེད་ཀྱང་ལ་ཐུར་མང་པོ་ཤུགས་ཀྱིས་བརྟོལ། །
ངག་གིས་ལྷང་ལྷང་འཚེར་སྐད་སྒྲོག་བཞིན་རེ་བའི་རྨི་ལམ་གདངས་སུ་བཀུག །
གཡང་གཟར་བྲག་གི་འགག་འཕྲང་རེ་རེ་རྨིག་རྩེ་སྤུ་གྲིས་གཏུབ་བཞིན་ཆས། །

མིག་གི་མདུན་ལ་ཅི་ལྟར་བགྲོད་ཀྱང་ཐོན་རྒྱུ་མེད་པའི་སྣང་བ་སྟེར། །
ཁྲག་དང་ན་ཟུག་བར་མེད་སྐྱོམ་པའི་འཇིག་རྟེན་འདི་ལ་ཞེ་རེ་སྐྱོ། །
འོན་ཀྱང་ཚེ་རབས་ལས་ཀྱིས་བསྐོས་པའི་ངལ་བ་མེད་པའི་རྟ་ཕོ་འདིས། །
བདག་གི་སྙིང་དང་རུས་ཀོག་ཚོགས་འདི་ད་དུང་གང་དུ་འཁུར་སྲིད་དམ།

༢༠༢༡/༡༠/༩ མཚན་མོར་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *