སྒྲེ་བོའི་ལྷུག་རྩོམ་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 318 བཀླགས་འདུག
ཆུང་དུས་འཕྲད་པའི་ཆག་སྒོ་ཞིག་དང་འཆར་སྒོ་ཞིག
སྒྲེ་བོ།
ང་རང་ཆུང་དུས་ཤིག་ལ་ཨ་ཕས་མངག་གཞུག་ལྟར། ལི་ཐང་རྫོང་ཐོག་གི་ཉེ་དུ་ཞིག་ལ་འགྲོ་དགོས་བྱུང་། ང་ལ་མཚོན་དེ་ཆག་སྒོ་ཞིག་དང་འཆར་སྒོ་ཞིག་ཀྱང་ཡིན་སོང་། ཅིའི་ཕྱིར་ང་དེར་མངགས་པ་ནི་ངས་ད་ལྟ་དྲན་སོས་ཀྱི་མི་འདུག ད་ལྟ་བསམས་ན་ང་དེར་འགྲོ་བའི་དུས་ནི་བོད་ཟླ་དང་པོའི་ནང་ཡིན་འདུག ང་དེ་ནས་ཟླ་ཕྱེད་ཡས་མས་བསྡད་མོད། སྣང་བ་ཞིག་ལ་ཟླ་འགའ་ཚོར། ནང་མི་དྲན། ནང་མིའི་ནང་ནས་གཙོ་བོ་ཨ་མྱེས་དང་ཨ་མ་དྲན། རྩེད་རོགས་ཚོ་ཡང་དྲན།
ཁྱིམ་ཚང་དེ་ལ་ཁྱོ་ཤུག་གཉིས་ཀ་དང་ཨ་མ་ལོ་ལོན་ཞིག་བཅས་ནང་མི་གསུམ་ལས་མེད། ཁྱོ་གའི་མིང་ལ་ཚེ་དཔག་ཟེར། ཁོ་ང་ཚོའི་ཉེ་འབྲེལ་ཡིན་འདུག ཁོས་སྐད་ཆ་ང་ཚོ་ལྟར་འབྲོག་སྐད་བཤད་ཡོང་། ཁོའི་ཆུང་མ་དང་མ་རྒན་གཉིས་ཀས་རོང་སྐད་འདྲ་སེ་བ་ཞིག་བཤད། མཚམས་མཚམས་ལ་ངས་ཁྱོན་ནས་མི་གོ ང་ཚོས་ཟ་འཐུང་གི་སྐབས་ཆུང་མ་དང་མ་རྒན་གཉིས་ཀས་ཕོར་པ་ཞེས་ཅིག་བཤད་ཀྱིན་འདུག་མོད། ངས་དེ་ཅིན་མ་ཤེས། དེས་ང་རང་མགོ་རྙོག་པོ་ཞེ་དྲག་བཟོ་མྱོང་ཡོད། སྐབས་དེར་ངས་སློབ་ཆུང་བཏོན་ཟིན་མོད། སློབ་ཆུང་གི་བསླབ་དེབ་ཏུ་ཕོར་པ་ལ་ཕོར་བ་ཞེས་བ་འབྲི་བ་ལས་པ་བྲིས་མེད་སྙམ་མོད། པ་བྲིས་ཡོད་ནའང་ཐང་། འོ། ཁོའི་ཆུང་མ་དང་ཆུང་མའི་ཨ་མའི་མིང་བརྗེད་སོང་འདུག
ཁོ་ཚོ་ལ་ཁང་པ་ཆེན་པོ་ཞིག་ཡོད། ཅ་ག་གྲ་དག་པོ་སྒྲིག་ཡོད། གཙང་སྦྲ་དོད་པོ་ཡོད། ཡིན་ཡང་། ང་ཁོ་ཚོ་ལ་འབྲེལ་འདྲིས་མེད་ཙང་བསྡད་འདོད་ཨེན་ཙམ་མི་འདུག མ་བསྡད་ན་ཨ་ཕས་གཅར་ཡོང་། བསྡད་ན་སྐྱིད་པའི་ཚབ་ལ་སུན་ཡོང་། ཡིན་ཡང་། ཁོ་ཚོས་ང་ལ་བུ་ཞེས་གཅེས་བྱམས་ཚ་བོ་བྱེད།
ཉིན་ཞིག ང་རང་གྲོང་ལ་འཁྱམ་སོང་བ་ཡིན། ཕྱིར་འོང་དུས་(ལྷ་མོ་བླ་མཚོ།)ཞེས་པའི་འོད་སྡེར་ཞིས་ཉོས་ཡོང་པ་ཡིན། སྐབས་དེར་ངའི་ལག་ན་སྒོར་མོ་མང་པོ་ཞིག་མེད་མོད། ཡོད་པ་དེས་མངར་ཆ་ཞིག་ཟ་འདོད་ཡོད་ཀྱང་། འོད་སྡེར་དེ་གསར་རྐྱང་སླེབས་མའི་ཐོག་རེད་ཙང་། མ་ཉོས་པར་ཕྱིར་འཁོར་ཐབས་མེད་པ་ཞིག་ཆགས་སོང་། དེ་ནས་སེམས་ཐག་བཅད་དེ་ཉོས་བཞག དེ་ནས་སྒོར་མོ་ཚར་སོང་། ལག་པའི་ནང་འོད་སྡེར་ཞིག་འཁྱེར་ནས་ཕྱིར་ལོག་པ་ཡིན། ལར་ང་རང་གླུ་དང་རོལ་མོ་སོགས་ལ་དགའ་དྲགས་པས་གནས་ཚུལ་དགོད་སྤྲོ་བོ་མང་པོ་ལྷགས་མྱོང་། བར་འདིར་མི་སྤྲོས་སོ།།
ཕྱིར་ཚེ་དཔག་ཚང་ལ་སླེབས་པ་ན། འོད་སྡེར་དེ་བསྟན་པ་ཡིན་ལ་བཟའ་མི་ཡོངས་ཧ་ལས་ཧང་སངས་པར་གྱུར། ངའི་ན་ཚོད་དང་བསྡུར་ན་དེ་ཉོས་མི་འོས་པ་ཞིག་ཡིན་ས་རེད། རྣམ་འགྱུར་དེས་ང་ཡི་ཡིད་སེམས་བློང་བློང་དུ་བཏང་། དེ་ནས་ཚེ་དཔག་གིས་ང་ལ་གཤེ་གཤེ་འདྲ་བ་ཞིག་བཏང་སོང་། རྗེས་ནས་ཅ་ལག་གོང་ཆེན་དེ་འདྲ་ཉོ་ས་མ་འགྲོ་ཟེར། ཁོ་ཚོ་སྐྲག་ཐག་ཆོད་འདུག ངས་ཅི་ཡང་མ་བཤད་པར་བསྡད་པ་ཡིན།
དེ་ནས་དགོང་ཟས་རོལ་རྗེས། ངའི་འདོད་འདུན་གཞི་ནས་འགྲུབ་པར་གྱུར། ཚེ་དཔག་གི་གློག་བརྙན་གྱི་སྒོ་ཕྱེས་པ་དང་འོད་སྡེར་སྒམ་ལེབ་དེའི་ནང་བཅུག དེ་ནས་ལྷ་མོའི་བླ་མཚོ་དངོས་སུ་ཤར་བྱུང་། ཁང་པའི་ནང་རོལ་སྒྲ་དང་རོལ་མོའི་མདངས་སྙན་པོ་ཞིག་གིས་ཁྱབ་པར་གྱུར། ཤིན་ཏུ་ཉོབ་པར་གྱུར་བའི་ངའི་སེམས་ཁམས་སྐད་ཅིག་ཉིད་ལ་སངས།
ངས་མཆུ་ཏོ་ཡོད་པའི་ཞྭ་དེ་བང་དུ་བླངས་ཏེ། རྒྱབ་ཀ་བར་ཁེན་ཏེ་བཙུག་པུར་བསྡད་དེ། འོད་སྡེར་དེའི་མགོ་ནས་མཇུག་བར་ཡིད་ཚིམ་པ་ཞིག་བལྟས་པ་ཡིན། སྐྱིད་པོ་ཞེ་དྲག་བྱུང་། དངོས་གནས་སྐྱིད་པོ་བྱུང་། ཕྱིར་ཁྱིམ་ལ་ལོག་དུས་འོད་སྡེར་དེ་ངེས་པར་མཉམ་འཁྱེར་དགོས་པའི་དྲན་པ་བཞག སྟབས་ལེགས་པ་ཞིག་ལ། ང་མ་ཟད། ཁོ་ཚོའང་སྐྱིད་པོ་བྱུང་ཡོད་ས་རེད། ཚེ་དཔག་གི་ཆུང་མ། ཆུང་མའི་ཨ་མ་གཉིས་ཀ་གླུ་བ་རིག་དགའི་སྐད་ངག་དང་ཕོ་སྒོ་ལ་ཡིད་སྨོན་སྐྱེས་ཀྱི་འདུག མི་དེ་བསོད་ནམས་ཆེན་པོ་ཡོད་ས་ཟེར་གྱི་འདུག ཡང་ནས་ཡང་དུ་གཟབ་གཟབ་བྱས་ནས་བལྟས་སོང་།
22/08/21 དེ་རིང་དྲ་ལམ་དུ་མི་ཞིག་གིས་(ལྷ་མོ་བླ་མཚོ།)སྤེལ་རྗེས་”གནའ་རྫས་ཤིག”ཅེས་བྲིས་འདུག དེ་མུར་ཆུང་དུས་འཕྲད་པའི་ལྷ་མོ་བླ་མཚོའི་སྐོར་དེ་དྲན་བྱུང་།
བསམ་ཚུལ་ཕྲིས།