ལི་ཐང་དབྱིག་གཉེན་ལྷུག་རྩོམ་གསར་པ་ཞིག
རྩོམ་ཡིག་འདི་ཐེངས་ 431 བཀླགས་འདུག
ཕྱི་རོལ་དང་སྣང་ཚུལ།
དང་པོ།
སྒེའུ་ཁུང་ངོགས་སུ་བལྟས་པས་ཕྱི་རོལ་གྱི་གློག་སྒྲོན་དག་ནི་རབ་རིབ་ཅིག་ལས་ཅི་ཡང་མི་མཐོང་། ཁུ་སིམ་མེར་ལུས་པའི་རི་གྲོང་འདི་ན། སྔར་གྱི་རླངས་འཁོར་འགྲོ་འོང་གི་སྐད་སྒྲ་དང་། མི་ཚོགས་ཀྱི་སྐད་ཅོ་གང་ཡང་མི་སྣང་ཞིང་ལྷིང་འཇགས་ཁྲོད་དུ་ལུས་ཡོད། ཅི་ཞིག་བོར་སོང་བ་དང་འདྲ་བའི་རི་གྲོང་འདི་ནི་དོ་ཞག་ལྟ་བུ་ལྷིང་ཞིང་འཇགས་པའམ། ཁུ་སིམ་མེར་ལུས་པ་ནི་ལོ་རྒྱུས་ཁྲོད་དུའང་ཕལ་ཆེར་བྱུང་མ་མྱོང་བ་དང་འདྲའོ།།
གཉིས་པ།
ཉིན་མོར་སྒོར་བུད་ཅིང་། མཚན་མོར་སྒེའུ་ཁུང་ནས་མནོ་བསམ་ཞིབ་མོར་གཏོང་མཁན་དེ་ང་ཁོ་ན་མ་ཡིན་ཏེ། གྲོང་གསེབ་ཀྱི་ཡུལ་མི་ཉམ་ཆུང་དག་ཀྱང་ངོ་།། མཚན་མོ་འདིར། ངས་རབ་རིབ་ཀྱི་ལོ་ཟླའི་ཁྲོད་དུ། ལན་རེར་ངུ་སྒྲ་དང་། ལན་རེར་དགོད་སྒྲའི་ངང་བསྐྱལ་བའི་ངེད་ཀྱི་འཚོ་བ་དག་དྲན་འོང་ཞིང་། ཅི་ཡང་མིན་ལ་ཅི་ཡང་ཡིན་པའི་ངའི་བདེ་སྐྱིད་དང་སྡུག་བསྔལ་མཐའ་དག་གཞི་གཅིག་ཏུ་འདྲེས་འགྲོ། དེ་ནི་གཏམ་རྒྱུད་ཅིག་གམ། ལྷ་སྒྲུང་ཞིག་དང་ཡང་འདྲ་བོ་ཡོད་དོ།། ལྷིང་འཇགས་ཀྱི་མཚན་མོ། ཁྱོད་ནི་སྐད་གདངས་གཉོམ་པོ་ཞིག་སྟེ། རྣ་བ་བླགས་ཏེ་ཞིབ་ཏུ་ཉན་ན། ཐག་རིང་ཐག་རིང་ནས་གོ་བཏུབ་པའི་གླུ་སྐད་ཅིག་ཏུའང་འཁྲུལ་ལོ།།
གསུམ་པ།
སྣང་ལ་མ་ངེས་པའི་ཉིན་འདི་དག ངེད་ཀྱིས་སྣང་ཚུལ་སྣ་ཚོགས་ཤིག་རྟོག་བཟོ་བྱས། དེ་ལས། འཆི་བར་སྐྲག་པའི་མི་དང་། རྨས་སྐྱོན་ཤོར་བའི་སེམས། ནགས་ཚལ་ནང་དུ་མེ་ལྕེ། ཁངས་མ་ཆར་བབས་ཤུལ་གྱི་གྲང་རེག་གི་སྡུག་བསྔལ། དྲན་གདུང་བརྒྱ་དང་སོ་ལྔ་ཤོང་སའི་ཁང་ཆུང་། ཕྱི་རོལ་ན་ཆུ་དང་ཁ་བ་འཐབ་པའི་སྒྲ། དྲི་ངན་སྣ་ཚོགས་རྒྱང་ནས་ཉེ་སར་ཁུར་འོང་བའི་རླུང་བུ། དེའི་མཐའ་རུ་ངམ་ངམ་ཤུགས་ཤུགས་ཀྱིས་ལྡིང་བའི་རང་སྲོག་གཅོད་པའི་ཕྱེ་མ་ལེབ་དམར་པོ་བཅས་པའོ།།
བཞི་པ།
དེ་ལྟར། སྣང་བའི་རྗེས་སུ་རི་དྭགས་ཞོགས་པ་བཞིན་བརྒྱུགས་ཏེ་ཁ་ཕྱོགས་མི་སྣང་བ་ལྟ་བུ་གྱུར་བའི་ངའི་སེམས་ཁམས། སྣ་ཐག་ཆད་པའི་ཤོག་བྱ་ཞིག་ངེས་པ་མེད་པར་བར་སྣང་དུ་འཕུར་བ་དང་འདྲ་བྱུང་ངོ་།། ཆགས་སྡང་གི་རོལ་རྩེད་དགའ་བའི་ང་རང་། ཚོར་བའི་གཏིང་སར་ཉུལ་བ་ནས་བཟུང་། “ཡི་གེ,,་ཞེས་པའི་བརྡ་ཆད་འདིའི་ཆེད་དུ་ངང་གིས་འཇུག་པ་དེའོ།། ཅི་ཡང་ཡིན་ལ་ཅི་ཡང་མིན་པའི་ཚོར་བས་ཉེ་རྒྱང་གང་སར་གནས་པའི་ཐ་སྙད་དག་ལ་སེམས་ཁུར་ལྷག་མ་ཞིག་ཡང་ཡང་བྱེད་དགོས་ཐུག་བྱུང་ངོ་།།
ལྔ་པ།
ལར། འཚོ་བ་ནི་ལྕགས་སྐུད་སྙི་མོ་ཞིག་དང་འདྲ་བོ་ཡིན་ཏེ། ཕྱོགས་གང་དུ་འགུགས་ན་དེ་ཉིད་བླའོ།། ཡང་འཚོ་བ་ནི་ལུ་གུའི་བལ་རྡོག་ཅིག་དང་འདྲ་སྟེ། རླུང་བུ་གང་དུ་རྒྱུ་ན་དེ་འཁུར་བཏུབ་བོ།། དེ་བས། ཁོ་བོ་གཏན་དུ་མ་ངེས་པའི་འཚོ་བ་འདི་ལ་འཇིགས་པའོ།། འཚོ་བ་ལ་འཇིགས་པ་ཇི་བཞིན་ཕྱི་རོལ་ལའང་སྐྲག་གོ། ཕྱི་རོལ་ན་རླུང་བུ་ཡོད་དོ།། དེའི་ནང་དུ་ས་རྡུལ་མཆིས་སོ།། དེའི་ནང་དུ་ནད་ཡམས་ཡོད་དོ།། ནད་ཡམས་ཀྱི་འཇིགས་པ་ནི་འཇིགས་པ་ཀུན་ལས་འཕགས་པའོ།།
དྲུག་པ།
ད་ལྟ། ཕྱི་རོལ་ནས་ཨུ་ཚུགས་ཀྱིས་གཏོང་བའི་འཇིགས་པའི་རོལ་མོ་སྣ་ཚོགས། བདག་གི་སྒེའུ་ཁུང་བརྟོལ་ནས་ཁང་ཆུང་འདིར་འཛུལ་འོང་ཞིང་། དངངས་སྐྲག་ལས་སྐྱེས་པའི་སེམས་ཁྲལ། ཁེར་རྐྱང་གི་སྐད་སྒྲ། འཆི་ཁ་མའི་ཞལ་ཆེམས། གདོང་ཐུག་བྱུང་བའི་ཁ་རླངས། མི་རྟག་པའི་གསར་འགྱུར། བཀྲ་མ་ཤིས་པའི་ཡི་གེ་བཅས་པའོ།། དེ་དག་ནི་ང་རང་འཆི་བྱེད་ཀྱི་ཞགས་པ་ནག་པོ་ཞིག་དང་འདྲ་སྟེ། ང་རང་གཅིག་པུས་ཁང་སྟོང་ནས་གླུ་ཞིག་ལེན་དཀའ་བར་གྱུར་སོང་ངོ་།།
བདུན་པ།
བ་སྤུའི་བུ་ག་དག་ལ་ཡང་ཡང་གཙེས་པའི་ངའི་ཚོར་བ། ཚོར་ཐུབ་ཀྱང་འཛིན་མ་ཐུབ། སྣང་ཐུབ་ལ་འབྲི་མ་ཐུབ་པའི་ཡི་གེ་མདོག་ཉེས་པོ་ཞིག་དང་ཧ་ཅང་འདྲ་བོ་ཡོད་དོ།། བདེན་ཤས་ཆེ་ལ་རྫུན་ཤས་ཀྱང་འདྲེས་པ། ཡོད་ཡོད་འདྲ་ལ་མེད་མེད་ཀྱང་འདྲ་བའི་ངའི་ཆགས་སྡང་གི་སེམས་ཁམས་དག དཀར་པོ་ཡིན་ལ་ནག་པོའམ་ཡིན་པའི་ངའི་དགེ་སྡིག་གི་མེ་ཏོག་དག ཡོད་ཚད་གཞི་གཅིག་ཏུ་འདྲེས་དུས། ད་གཟོད་ངས་སྒེའུ་ཁུང་ནས་ཕྱི་རོལ་ལ་གཡེང་ཡོད་པར་ཚོར་བྱུང་ངོ་།།
༢༠༢༠/༣/༢༤ཉིན་བྲིས།
༢༠༢༠/༣/༢༩མཇུག་གྲུབ།
༢༠༢༠/༤/༣སླར་ཡང་བཅོས།
བསམ་ཚུལ་ཕྲིས།