གཟུངས་ཕྱུག་སྐྱིད་ཀྱི་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 293 བཀླགས་འདུག

ཞེ་ལ་འཁོར་བའི་ཕ་ཡུལ།

ཕ་ཡུལ་ཁྱེད་ནི་ང་དང་རྒྱང་ཐག་རིང་ངམ་ཅི།
འཕྲིན་དང་སྐད་ཆའི་གདངས་སུ་གྱེས་བྲལ་གདུང་བ་ཡང་ཡང་འཁོར།
ཡང་ན་ཁྱེད་ནི་ཧ་ཅང་ཁ་ཐག་ཉེ་འམ་ཅི།

གློ་དང་མཆིན་པའི་བར་དང་སྙིང་གི་རྟིབ་ལ་ཚོར་བ་སྙི་མོའི་ཚ་དྲོད་འཁྱིལ།

ལོ་ཟླའི་གཙང་བོ་མི་འདུག་རྒྱང་ནས་རྒྱང་དུ་བཞུར་བཞིན་གདའ།
ང་ཡིས་ཁྱེད་ཀྱི་འབྱམས་ཀླས་རུམ་ཁ་དྲོན་མོར་ལག་ཟུང་རེག་བཞིན་རེག་བཞིན་ཡོང་།
ནར་སོན་མེད་པའི་འདས་དོན་ཀློང་དུ་ཕྱིར་ལོག་ཡང་ཡང་བྱས་ཤིང་ཡོང་།
ཡིད་ཀྱི་དུངས་པའི་རྒྱུད་མངས་རེ་རེ་བར་མེད་ཁྱེད་ལ་དཀྲོལ་གྱིན་དཀྲོལ་གྱིན་ཡོང་།

ཁྱེད་ནི་ཆུང་དུས་མེ་ཏོག་སྤྲོས་སའི་ང་ཡི་ཡིད་བརྙན་སྙིང་རྗེ་དེ་ཡིན་ད་དུང་དུ་ཡང་སྙིང་དུ་སྡུག
ཁྱེད་ནི་གཞོན་དུས་གླུ་ངག་སྒྲིག་སའི་ང་ཡི་མཛའ་བ་ཟབ་མོ་དེ་ཡིན་ད་དུང་དུ་ཡང་བརྗེད་དུ་སྐན།
ཁྱེད་ནི་རྒས་དུས་གྱེས་བྲལ་རི་མོར་ཕབ་པའི་སྙན་ངག་དེ་ཡིན་ད་དུང་དུ་ཡང་ཁུར་དུ་ལྕི།

འཛིན་ཐབས་བྲལ་བའི་ཉིན་ཞག་ཁྲི་སྟོང་མཛུབ་མོས་ཡང་ཡང་བརྩིས་པའི་བར་གླགས་ནས།
ཁྱེད་ཀྱིས་བདག་གི་མི་ཚེའི་མྱོང་རྟོགས་འདི་ལ་འདོད་ཡོན་སྟོང་གི་ཁ་དོག་བསྩལ།
ཁྱེད་ཀྱིས་བདག་གི་ཚོར་བའི་ཕྲ་ཕུང་དེ་ལ་བདག་འཛིན་གསར་བའི་མེ་ཁ་གསོས།

ཁྱེད་ལ་མཐོ་རུ་ཕུལ་བའི་ཐོག་མའི་ལེགས་སྐྱེས་དབྱངས་གསལ་སུམ་ཅུར་བརྒྱུས་ཤིང་བརྒྱུས་ཤིང་ཡོང་།
ཁྱེད་ལ་ཐོག་མར་བླངས་པའི་བརྩེ་གླུ་དྭངས་མོ་མ་ཡི་ངག་སྒོར་གཡར་བཞིན་གཡར་བཞིན་ཡོང་།

ཁྱེད་ཉིད་ཡོད་པའི་དུས་ནས་བཟུང་དེ་ང་ཡིས་འཇིག་རྟེན་འཇིག་རྟེན་དུ་མ་རྟོགས།
ཁྱེད་དང་མཛའ་བའི་ཉིན་ནས་བཟུང་དེ་འཁོར་བའི་སྡུག་བསྔལ་འདི་ཡང་ངོ་མ་འཕྲོད།
དཔག་ཏུ་མེད་པའི་ཁྱེད་ཀྱི་སྐྱེ་མཆེད་དག་ལ་དབུགས་རྒྱུན་ཕྲ་མོས་མཐུད་ཐེངས་རེར།
ང་ཡི་རྣམ་ཤེས་ཚེ་རབས་མང་པོར་ཁྱེད་ལ་འཕྲད་པའི་སྨོན་ལམ་ཡི་གེར་བྲིས་ཤིང་ཚོན་དུ་བསྡེབས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *