ནགས་ཤོད་ཅོང་བརྡའི་ཕྲན་དཔྱད་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 575 བཀླགས་འདུག


མཁའ་མོ་ཚེ་རིང་། སྙིང་ཆུང་དམར་པོའི་དྲན་རྟེན།
ཕྲན་དཔྱད་པ།—ནགས་ཤོད་ཅོང་བརྡ།

སྔོན་དུ་འགྲོ་བའི་གཏམ།
སྙན་ངག་འདིའི་ཁ་བྱང་ནི་<<སྙིང་ཆུང་དམར་པོའི་དྲན་རྟེན་>>ཟེར་ཞིང་ཀློག་པ་པོ་རྣམས་ཀྱིས་མཁའ་མོ་ཚེ་རིང་ཡང་འབོད་དར་བས་གུས་པས་མ་ངོ་བུ་ངོ་འཕྲོད་བདེ་བའི་ཆེར་ཁ་བྱང་གཉིས་ཀ་བཞག་པ་ཡིན། སྙན་ངག་འདི་ཉིད་ཀྱི་རྩོམ་པ་པོ་རྒན་བོང་སྟག་རི་ལུ་ལགས་ཡིན་ཞིང་། ཐོག་མར་སྙན་ངག་འདི་ས་གྲགས་གནམ་གྲགས་སུ་འགྲོ་བའི་རྐྱེན་རྩ་ནི། ལ་རྒྱའི་གླུ་བ་ནམ་མཁའ་ལགས་ཀྱིས་སྐྱོ་བའི་དབྱངས་རྟ་ཞིག་དང་འགྲོགས་ཤིང་དམངས་ཁྲོད་དུ་ཁུར་ཡོང་བས་ཡིན་པར་སྣང་། སྤྱིར་སྙན་ངག་འདི་ནི་གོ་སླ་ཞིང་དགའ་སྐྱོའི་ཚོར་བ་རབ་ཏུ་འདྲེན་ནུས་པའི་ཕུལ་བྱུང་གི་སྙན་ངག་ཅིག་ཡིན་པས། ཁོ་བོས་སྙན་ངག་འདི་ཚར་བརྒྱ་ལས་བརྒལ་བ་མྱོང་རོལ་བྱས་པ་མ་ཟད། འདིའི་སྐོར་ལ་དཔྱད་གཏམ་ཞིག་ཀྱང་སྤེལ་མྱོང་། ངས་དེ་སྔ་བར་སྙན་ངག་ཅིག་ལ་སྙན་ངག་གི་ཆེད་དུ་འདི་ལྟ་བུའི་ཚར་མང་པོ་མྱོང་རོལ་བྱ་མ་མྱོང་། དེ་བཞིན་སྙན་ངག་འདི་ཉིད་གུས་པ་ལྟར་ཚར་མང་པོ་མྱོང་རོལ་བྱ་མཁན་ཡོད་ཁོ་ཐག་ཡིན་ལ། དེ་ལས་མང་བ་ཡང་ཡོད་ངེས། འོ་ན་སྙན་ངག་ཐུང་ཐུང་ཞིག་ལ་འདི་ལྟ་བུའི་འདྲེན་ཤུགས་ཁྱད་པར་བ་ཞིག་ཡོད་དགོས་དོན་ནི། ཕྱོགས་མང་པོ་ཞིག་ནས་གླེང་དགོས་ཀྱང་གཙོ་བོ་སྙན་ངག་ཐུང་ཐུང་ཞིག་གིས་སྒྲུང་རིང་ཞིག་བཀླགས་པའི་ཚོར་སྣང་སྟེར་ཐུབ་པས་ཡིན། དེས་ན་སྙན་ངག་ཡག་པོ་འདིའི་ཀློག་པ་པོ་ཞིག་གི་ངོས་ནས་དཔྱད་གླེང་ཅུང་ཟད་བྱ་རྒྱུ་ཡིན།

སྙན་ངག
སྙིང་ཆུང་དམར་པོའི་དྲན་རྟེན། ཚིག བོང་སྟག་རི་ལུ།
ས་ཕྱོགས་གྲུ་བཞི་རླུང་གི་ཕ་ས་ཡིན། །མཁའ་མོ་ཚེ་རིང་སྙིང་གི་མེ་ཏོག་ཡིན།
།བྱེ་མའི་རི་ཞིག་མདུན་ན་ཡོད་ཀྱང་རུང་། །ཁོ་མོའི་དོན་ལ་ལམ་དུ་ཆས་བཞིན་ཡོད། །

ཡར་འགྲོ་རླུང་བུས་ཁྱེད་རང་མ་མཐོང་ཟེར། །མར་འགྲོ་གཙང་བོས་ཁྱེད་རང་མི་ཤེས་ཟེར། །
ཆུ་ཁའི་ཕ་བོང་འགྲམ་ནས་ཁྱེད་ལ་སྒུག །ཅི་ཙམ་འགོར་བ་དགུང་གི་ཟླ་བར་གསལ། །

རྒྱང་རིང་འདུན་པ་བསམ་ནས་འདུག་མ་ཕོད། །མཛའ་མོའི་ཞལ་རས་མཐོང་ནས་འགྲོ་མ་ཕོད། །
མགྲིན་པ་འགག་ནས་སྙིང་གཏམ་གླེང་མ་ཕོད། །ཕྱག་ཟུང་འཇུས་ནས་ཕན་ཚུན་འབྲལ་མ་ཕོད། །

ང་ལ་གཞན་སེམས་བསླུ་བའི་གཡོ་སྒྱུ་མེད། །ང་ལ་གཞན་ཡིད་འགུག་པའི་རྒྱུ་ནོར་མེད། །
ལྷོག་ལྷོག་ལྡིང་བའི་སྙིང་ཆུང་དམར་པོ་འདི། །སྙིང་གི་མཛའ་མོར་བཞག་པའི་དྲན་རྟེན་ཡིན། །

ཕྲན་དཔྱད།
༡༽”ས་ཕྱོགས་གྲུ་བཞི་རླུང་གི་ཕ་ས་ཡིན། མཁའ་མོ་ཚེ་རིང་སྙིང་གི་མེ་ཏོག་ཡིན།” ཞེས་པའི་ཚིག་དང་པོ་འདི་གཉིས་ཀྱི་ནང་དུ། སྐྱོ་སྣང་དང་། མཛེས་སྡུག།། རྩ་ཆེན་པོ། རང་དབང་མེད་པ་སོགས་མཚོན་ཞིང་།
དཔེར་ན། “ས་ཕྱོགས་གྲུ་བཞི་རླུང་གི་ཕ་ས་ཡིན་”ཞེས་པས་ཕྱོགས་བཞི་ནས་རླུང་དམར་རབ་ཏུ་རྒོད་པ་མ་ཟད་། ས་ཕྱོགས་དེ་ཉིད་རླུང་གི་ཕ་ས་ཡིན་པས་མ་གཞི་ནས་ས་ཕྱོགས་དེར་རླུང་ཆེན་འབྱུང་སའི་ཡུལ་ཞིག་ཡིན་པར་བཤད་ཡོད། དེས་ན། དེ་ལྟ་བུའི་མཚམས་དང་ཚོད་མེད་པར་རླུང་དམར་གཡོ་བའི་ས་ཕྱོགས་དེ་ནི་མྱ་ངམ་གྱི་ཐང་ཆེན་པོ་ཞིག་ཡིན་པ་བཤད་ག་ལ་དགོས། མྱ་ངམ་གྱི་ཐང་ཆེན་པོ་དེས་བརྩེ་དུང་གི་བདག་པོ་སྟེ། རྩོམ་པ་པོ་དང་དེའི་ཡ་ཆུང་སེམས་ཀྱི་ནང་གི་མེ་ཏོག་སྟེ། མཁའ་མོ་ཚེ་རིང་གཉིས་ཀྱི་སྐྱོ་སྣང་དང་དྲན་གདུང་མཚོན་པར་བྱས་ཡོད། སྣང་ཚུལ་འདིའི་རིགས་བརྙན་འཕྲིན་ཟློས་གར་སོགས་ལས་ཡང་ཡང་མཐོང་རྒྱུ་ཡོད་ཅིང་། མི་དང་སེམས་ཅན་གང་རུང་ཞིག་སྐྱོ་བས་རབ་ཏུ་གདུང་བཞིན་པར། མྱ་ངམ་གྱི་ཐང་ཞིག་ཏུ། རླུང་དམར་དྲག་པོ་གཡོ་བ་དང་རླུང་གཡོ་བའི་སྒྲ་སོགས་ཀྱིས་མཚོན་ཐབས་བྱས་ཡོད་པ་ཤིན་ཏུ་མང་ངོ་།།
“མཁའ་མོ་ཚེ་རིང་སྙིང་གི་མེ་ཏོག་ཡིན།” ཞེས་པ་ལས་མཁའ་མོ་ཚེ་རིང་ནི་རྩོམ་པ་པོའི་ཡ་ཆུང་སེམས་ཀྱི་གུར་ཁང་དུ་མེ་ཏོག་ལྟ་བུའི་གཟུགས་མཛེས་པ་དང་། མེ་ཏོག་ལྟ་བུའི་དྲི་ཞིམ་པ། མེ་ཏོག་ལྟ་བུའི་རེག་བྱ་འཇམ་པ། མེ་ཏོག་ལྟ་བུའི་སྙོམ་ཆ་དང་ལྡན་པ། མེ་ཏོག་ལྟ་བུའི་གཙང་ཞིང་མཉེན་པ་སོགས་མཚོན་པར་བྱས་ཡོད་ཅིང་། སྤྱིར་སྙན་ངག་སོགས་ཀྱི་ནང་དུ་བུད་མེད་མཛེས་མ་དག་མེ་ཏོག་ལ་དཔེ་དྲངས་ཡོད་པ་ཤིན་ཏུ་མང་བ་དང་། ཡང་སྒོས་སུ་སྙན་ངག་མེ་ལོང་མའི་རྒྱན་དག་ལས་མེ་ཏོག་དང་མེ་ཏོག་ཅེས་ཡང་ཡང་དྲངས་ཡོད་པ་མ་ཡིན་ནམ། དེས་ན་མེ་ཏོག་དང་བུད་མེད་ཀྱི་བར་ལ་ཕྱིའི་སྐྱི་ལྤགས་ཀྱི་འཇམ་མཉེན་དང་ནང་སེམས་ཁམས་ཀྱི་སྙོམ་ཆ་སོགས་འདྲ་ཆོས་ཅུང་ཟད་མང་བ་འདྲ། རེད་དེ། འདྲ་ཆོས་དེ་དག་བུད་མེད་ཡོད་ཚད་ལ་ཡོད་མི་དཔེ་མོད། མཁའ་མོ་ཚེ་རིང་ཞེས་པའི་བུད་མེད་དེར་འདི་ལྟ་བུའི་འདྲ་ཆོས་མང་བའི་མཛེས་མ་ལྟ་བས་ཆོག་མི་ཤེས་པ་ཞིག་ཡིན་ན་ཆོག་ལ་མིན་ན་རུང་། རྩོམ་པ་པོས་སེམས་གངས་དཀར་གྱི་དཀྱིལ་དུ་འདི་ལྟ་བུ་ཞིག་ལ་བརྩིས་པ་ནི་བརྩེ་དུང་གི་བརྒྱུད་རིམ་མངར་སྐྱུར་འདྲེས་མ་ཅི་ཞིག་ཡོད་དམ།
“སྙིང་གི་མེ་ཏོག་ཡིན་”ཞེས་པ་ལས་གོང་དུ་བཤད་ཟིན་པ་བཞིན་ལྟ་བས་ཆོག་མི་ཤེས་པའི་ན་ཆུང་མེ་ཏོག་ལྟ་བུ་དེ་ཉིད་ནི། བརྩི་དུང་གི་བདག་པོའི་སེམས་བསམ་པའི་གཏིང་ངམ་སྙིང་དམར་པོའི་དཀྱིལ་དུ་ཡོད་པའི་མེ་ཏོག་རྐང་གཅིག་ཡིན་པ་གསལ་བཤད་བྱས་ཡོད། སྤྱིར་རྒྱ་ཆེ་ཞིང་ཁོད་ཡངས་པའི་འཇིག་རྟེན་འདིར་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཤིན་ཏུ་མང་ནའང་། སྙིང་དམར་པོའི་དཀྱིལ་དུ་མེ་ཏོག་གཅིག་ཁོ་ན་ལས་མང་པོ་མི་ཤོང་། ཁ་མདོག་རྣམ་པར་བཀྲ་བའི་མེ་ཏོག་གི་ལྡུམ་ར་ཞིག་ནས་མེ་ཏོག་རྐང་གཅིག་ཁོ་ན་ལེན་རྒྱུ་ནི་ཤིན་ཏུ་དཀའ་བས། ད་གཟོད་མེ་ཏོག་དེ་ཉིད་རྩ་ཆེན་པོ་ཆགས་པ་རེད། འགང་ཆེན་པོ་ཆགས་པ་རེད། གལ་ཆེན་པོ་ཆགས་པ་རེད། དེར་རྟེན། སྙིང་དམར་པོའི་དཀྱིལ་དུ་ཉར་ཡོད་པ་རེད་དོ།།
“ས་ཕྱོགས་གྲུ་བཞི་རླུང་གི་ཕ་ས་ཡིན། མཁའ་མོ་ཚེ་རིང་སྙིང་གི་མེ་ཏོག་ཡིན།” ཞེས་པར་གོང་དུ་ཚིག་རྐང་གཉིས་པོ་ཁ་ཁར་ཕྱེ་ཞིང་ཚིག་རེ་རེར་བཀྲལ་ཡོད་པས། ཚིག་རྐང་འདི་གཉིས་མཉམ་དུ་སྒྲིག་ཚེ་གོ་བ་དེ་བས་ཟབ་ཏུ་འགྲོ་རྒྱུ་ཡོད། མཁའ་མོ་ཚེ་རིང་ནི་མེ་ཏོག་ལྟ་བུ་ཞིག་ཡིན་པ་དཔེ་རུ་བཀོད་ཅིང་། མེ་ཏོག་ཡོད་སའི་ས་ཕྱོ་གས་དེ་ནི་རླུང་གི་ཕ་ས་ལྟ་བུ་ཞིག་ཡིན་པ་བཤད་ཡོད། རླུང་དམར་གྱི་དཀྱིལ་དུ་ཡོད་པའི་མེ་ཏོག་ནི་ཅི་ལྟར་གཙང་ཀྱང་དུས་ནམ་ཡང་རང་དབང་མེད། མེ་ཏོག་དེའི་གཞུང་རྟ་ཅི་ལྟར་སྲ་ཡང་རླུང་དམར་གྱི་དཀྱིལ་དུ་ཡུན་རིང་འཚོ་ཐུབ་པའི་མེ་ཏོག་ཅིག་སྲིད་ན་མེད།
འབྲི་ཐབས་འདིས་ཀློག་པ་པོར་མཛེས་ཤིང་སྡུག་པའི་མེ་ཏོག་ཅིག་རླུང་གིས་ཚོད་མེད་དུ་གཡོ་བཞིན་པའི་སྣང་བརྙན་བསྟེར། འོ་ན་རླུང་དམར་དེ་ཅི་ཞིག་ཡིན་ནམ། མི་ཁའི་རླུང་དམར། ཆོས་བརྒྱུད་དང་ཆོས་བརྒྱུད་བར་གྱི་རླུང་དམར། ལྷ་དང་སྲུང་མའི་རླུང་དམར། རྒྱུ་འབྱོར་བ་ཆེ་ཆུང་གི་རླུང་དམར། ཐོབ་དང་གོ་ས་མཐོ་དམན་གྱི་རླུང་དམར། ས་ཐག་རིང་ཐུང་གི་རླུང་དམར། ཡུལ་སྲོལ་གོམས་གཤིས་ཀྱི་རླུང་དམར། ཕ་མའི་བློ་ལ་བབས་མིན་གྱི་རླུང་དམར། རུ་སྡེ་བ་དང་སྡེ་བའི་བར་གྱི་རླུང་དམར། འདི་ཡོད་ཚད་མེ་ཏོག་བཞིན་གཙང་ཞིང་མཉེན་པའི་ན་ཆུང་མ་ཞིག་ལ་མཚོན་ན་འཁོར་ཆོག་ཆོག་གི་རླུང་དམར་ཤ་སྟག་ཡིན་པ་མ་ཟད། རླུང་དམར་འདི་ལས་ཕམ་ཆོག་ཆོག་གི་དུས་ཚིགས་ཤིག་ཀྱང་ཡིན་ཨང་། འདིས་མཁའ་མོ་ཚེ་རིང་འགྲོ་བསམ་པའི་ས་རུ་མི་སླེབས་པ་དང་། འགྲོགས་བསམ་པའི་མི་དང་འགྲོགས་མི་ཐུབ་པ་མཚོན་པར་བྱས་ཡོད།
གོང་གི་རླུང་དམར་དེ་དག་གི་ནང་ནས་ན་གཞོན་འདི་གཉིས་ཀྱི་མགོ་ལ་བབས་པའི་རླུང་དམར་དེ་ཅི་ཞིག་ཡིན་ནམ་སྙམ་ན་ཅུང་ཙམ་སྒུག་དང་འོག་ནས་གསལ་ཡོང་།

༢༽ “བྱེ་མའི་རི་ཞིག་མདུན་ན་ཡོད་ཀྱང་རུང་། ཁོ་མོའི་དོན་ལ་ལམ་དུ་ཆས་བཞིན་ཡོད།”ཅེས་པའི་ཚིག་རྐང་འདི་གཉིས་ལས་ན་ཆུང་མ་དེ་དང་རྩོམ་པ་པོ་གཉིས་ཀྱི་བར་དུ་བཀག་རྒྱ་ཆེན་པོ་ཞིག་ཡོད་པ་བསྟན་ཞིང་། བཀག་རྒྱ་དེ་ནི་བྱེ་མའི་རི་བོ་ཞིག་ལ་དཔེ་རུ་བཞག་ཡོད། སྤྱིར་བཏང་གི་རི་བོ་དགུ་བརྒལ་རྒྱུ་ལས་བྱེ་མའི་རི་བོ་གཅིག་བརྒལ་རྒྱུ་དཀའ་བ་ཡིན་པས། བཀག་རྒྱ་དེ་ཤིན་ཏུ་ཆེན་པོ་ཞིག་ཡིན་པ་གསལ། འོ་ན་བཀག་རྒྱ་དེ་ཅི་ཞིག་ཡིན་ནམ་སྙམ་ན། དེ་ནི་ས་ཐག་གིས་བཅད་པའི་དཀའ་ངར་ཞིག་དང་། ན་ཆུང་མ་དེར་མེ་ཏོག་རླུང་གིས་དེད་པ་བཞིན་རང་དབང་མེད་པ་དེའོ།།
དེ་བཞིན་”ཡོད་ཀྱང་རུང་། ཁོ་མོའི་དོན་ལ་ལམ་དུ་ཆས་བཞིན་ཡོད།”ཅེས་པ་ལས་མེ་ཏོག་ལྟ་བུའི་ན་ཆུང་མ་དེའི་དོན་དུ་དཀའ་ལས་ཅི་ཞིག་རྒྱག་དགོས་ཀྱང་རྒྱག་ཐུབ་པའི་སྙིང་སྟོབས་ཡོད་པར་བཤད། སྙིང་སྟོབས་དེ་ནི་སྟག་ཤར་བ་ཤ་དར་ཁྲག་དར་ཞིག་གིས་རང་གི་མཛའ་མོར་བཅངས་པའི་བརྩེ་བ་ཡིན། དུང་བ་ཡིན། བརྩེ་བ་དེ་ཅི་འདྲའི་གཙང་བ་ལ། དུང་བ་དེ་ཅི་འདྲིའི་ཡག་པ་ལ། སྙིང་སྟོབས་དེ་ལྷག་ཏུ་ཆེ་བ་ལ་ཨང་། ད་དུང་དཀའ་ལས་ཅི་ཞིག་ཡོད་ཀྱང་དད་དུ་ལེན་རྒྱུའི་ཆོས་སེམས་གཡོ་བ་མེད་པ་ཞིག་ཡོད་པ་མ་ཟད། དཀའ་ངར་དེར་མཛའ་མོ་ལ་ཁག་དཀྲི་ཉེས་འགེལ་དང་། འཁང་ར་ཅི་ཡང་མེད་པར་བྱེ་མའི་རི་ཞིག་ཡོད་ཀྱང་བརྒལ་རྒྱུའི་ཆོས་སེམས་དེ་ནི་རྒྱུ་བརྩེ་བ་ལས་བྱུང་བའི་འབྲས་བུ་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་ནོ།།

༣༽ “ཡར་འགྲོ་རླུང་བུས་ཁྱེད་རང་མ་མཐོང་ཟེར། མར་འགྲོ་གཙང་བོའི་ཁྱེད་རང་མི་ཤེས་ཟེར།”ཞེས་པ་ལས་ན་ཆུང་མ་དེ་ཡོད་སའི་ས་ཕྱོགས་ནི་ཐག་རིང་ཞིག་ཡིན་པ་མ་ཟད། ས་ཕྱོགས་དེ་ནི་རྩོམ་པ་པོ་ལ་མཚོན་ན་ཆ་མེད་རྒྱུས་མེད་ཅིག་ཡིན་པ་གསལ་བཤད་བྱས། ཆ་མེད་རྒྱུས་མེད་ཀྱི་ས་ཆ་དེར་ཁོ་མོའི་དོན་དུ་ཡོང་ཞིང་། ཁོ་མོ་འཚོལ་ཆེར་ཡར་འགྲོ་བརྒྱ་དང་མར་ཡོང་སྟོང་ལ་སྐད་ཆ་དྲིས་ཏེ། ན་ཆུང་མ་དེ་བརྩད་འཚོལ་བྱས་པ་བསྟན།
“མ་མཐོང་ཟེར། མི་ཤེས་ཟེར་”ཞེས་པ་ལས་ན་ཆུང་མ་དེ་ཉིད་རྙེད་རྒྱུར་དཀའ་ལས་ཤིན་ཏུ་ཆེ་བར་བཤད་ཡོད་པ་དང་། དཀའ་ལས་དེ་ལྟ་བུ་ཞིག་བརྒྱབ་པ་ནི་བྱེ་མའི་ལ་ཞིག་བརྒལ་བ་དང་འདྲ་ཞིང་། དེ་ལྟ་བུའི་ཆ་མེད་རྒྱུས་མེད་ཀྱི་ས་ཕྱོགས་ཤིག་ཏུ། བུད་མེད་ཅིག་གི་དོན་དུ་ལ་ལུང་པ་བརྒལ་ཆུ་གཙང་བོ་བཅད་ནས་ཡོང་ཐུབ་པ་ནི་གཞལ་དཀའ་བའི་ན་གཞོན་གྱི་བརྩེ་དུང་ཟེར། བརྩེ་དུང་གི་དོན་དུ་ཅི་ཡང་སྒྲུབ་པའི་སྤོབས་པ་དང་། བརྩི་དུང་གི་དོན་དུ་ཅི་ཡང་བཟོད་ཐུབ་པ་ནི། ད་གཟོད་ཤ་སྐྱིའི་ཟ་འཕྲུག་གསོད་བྱེད་ཙམ་མིན་པ་གསལ་བཤད་བྱས་པ་ཡིན།

༤༽”ཆུ་ཁའི་ཕ་བོང་འགྲམ་ནས་ཁྱེད་ལ་བསྒུག། ཅི་ཙམ་འགོར་བ་དགུང་གི་ཟླ་བར་གསལ།”ཞེས་པའི་ཚིག་རྐང་འདི་གཉིས་ལས་ན་ཆུང་སྙིང་གི་མེ་ཏོག་ལྟ་བུ་དེའི་དོན་དུ་དཀའ་ལས་བརྒྱབ་བརྒྱབ་པའི་མཐར་རྙེད་ཙམ་བྱུང་བ་དང་། གསང་བ་ཤིན་ཏུ་ཆེན་པོ་ཞིག་གི་འོག་ནས་ཐུག་འཕྲད་བྱ་རྒྱུའི་འདུན་མ་གཏམ་པ་གསལ། དེ་ཡང་། སྒུག་སའི་ས་གནས་ཆུ་ཁའི་ཕ་བོང་ཞིག་གི་འགྲམ་དུ་ཡིན་པ་དང་། སྒུག་པའི་དུས་ཚོད་མཚན་མོ་ཡིན་པ་གཉིས་ལས་འདུན་མ་དེ་ཧ་ཅང་གི་གསང་བ་ཡིན་པ་དང་། གསང་བ་དེས་བསྐྱར་དུ་མེ་ཏོག་རླུང་གིས་དེད་པ་བཞིན་རང་དབང་མེད་པ་གསལ་བཤད་བྱས། གསང་བ་དེས་བྱེ་མའི་རི་ཞིག་རྒལ་དགོས་པ་ལྟ་བུའི་དཀའ་ངར་ཆེན་པོ་དེ་གསལ་བཤད་བྱས།
“ཅི་ཙམ་འགོར་བ་དགུང་གི་ཟླ་བར་གསལ་”ཞེས་པ་འདིས་སྒུག་ཡུན་ཤིན་ཐུ་རིང་བ་བཤད་པ་དང་། སྒུག་ཡུན་རིང་པོ་དེའི་ཁྲོད་དུ་བསམ་གཞིག་གི་དྲི་རྟགས་ཆེན་པོ་ཞིག་ཡོད་ཅིང་། གལ་ཏེ་ས་ཆ་མེད་རྒྱུས་མེད་ཅིག་ལ། དཀའ་ལས་ཡོད་ཚད་བརྒྱབ་ཅིང་། འཛོམ་དུས་བཟོས་པའི་སྙིང་གི་མེ་ཏོག་དེའི་ཆེད་དུ། ཆུ་ཁའི་ཕ་བོང་ཞིག་གི་འགྲམ་ལ་མཚན་མོར་གསང་བ་དམ་པོའི་ངང་ནས། རང་དབང་མེད་པའི་ན་ཆུང་མ་ཞིག་ལ་དུས་ཚོད་རིང་པོར་སྒུག་མཁན་དེ་ཀློག་པ་པོ་ཁྱོད་ཡིན་ན་ཅི་ཞིག་བསམ་མམ། ཁོ་མོ་ཕ་མས་བཟུང་སོང་བ་མིན་ནམ། ཁོ་མོའི་སེམས་འགྱུར་སོང་བ་མིན་ནམ། ཁོ་མོ་ལ་སེམས་གཏད་ས་གཞན་ཞིག་ཡོད་པ་མིན་ནམ། ཡང་ན་ཁོ་མོ་ང་ལ་ངོ་ཐུག་མི་ཕོད་པའི་གསང་བ་གཞན་ཞིག་ཡོད་དམ། ཁོ་མོ་བྲོས་ནས་སྡེ་བའི་མི་ག་གེ་མོས་མཐོང་སོང་བ་མིན་ནམ། ཁོ་མོ་གྱང་སྒང་ནས་འབབ་མ་ཐུབ་པར་ས་ལ་རྡབ་ཅིང་རྐང་ལག་ཆག་སྐྱོན་བྱུང་བ་མིན་ནམ། ཡང་སྙིང་དོ་དགོང་ཁོ་མོ་ཡོང་ངམ་མི་ཡོང་། འདི་ཡོད་ཚད་སྒུག་ཡུན་རིང་པོ་དེའི་ཚེ་བསམ་སྲིད་པ་ཤ་སྟག་རེད། སྒུ་ཡུན་རིང་པོ་འདིས་སྙན་ངག་གི་བྲོ་བ་ལྷག་ཏུ་ཟབ་ནས་ཟབ་ཏུ་གཏོང་ཡོད། སྒུག་ཡུན་རིང་པོ་འདིས་བསམ་གཞིག་གི་སྣེ་མོ་རིང་ནས་རིང་དུ་འཐེན་ཡོད།

༥༽ “རྒྱང་རིང་འདུན་པ་བསམ་ནས་འདུག་མ་ཕོད། མཛའ་མོའི་ཞལ་རས་མཐོང་ནས་འགྲོ་མ་ཕོད། མགྲིན་པ་འགག་ནས་སྙིང་གཏམ་གླེང་མ་ཕོད། ཕྱག་ཟུང་འཇུས་ནས་ཕན་ཚུན་འབྲལ་མ་ཕོད།” ཅེས་པ་ལས་དུས་ཆེད་བཟོས་པ་བཞིན་མཚན་མོ་དེར་སྙིག་གི་མེ་ཏོག་མ་དེ་དང་འཕྲད་ཡོད་པ་དང་། སྐབས་དེའི་ལུས་ཀྱི་རྣམ་པ་ཞིང་འབྲི་ཟབ་མོ་བྱས་ཡོད་པ་མ་ཟད། ནང་སེམས་ཀྱི་འགལ་འདུ་དང་ཛ་དྲག་གི་སེམས་ཁམས་ཞིང་འབྲི་བྱས་ཡོད། རྒྱང་རིང་གི་འདུན་པའམ། ས་ཐག་རིང་པོ་ནས་ཡོང་བ་ཡིན་པས་ཁོ་མོ་ཡོད་སའི་ས་ཕྱོགས་སུ་ཡུན་རིང་འདུག་ཐབས་མེད་པ་བཤད་པ་དང་། དེ་ནི་ནམ་སྐྱ་རིངས་མ་བཀྱགས་སྔོན་དུ་ས་གནས་དེ་ནས་ཁ་བྲལ་དགོས་པ་ཡིན། གལ་ཏེ། དེ་ལས་རིང་བ་ས་ཆ་དེར་ལྷག་ཚེ། རང་ཉིད་དང་ལྷག་པར་མཛའ་མོའི་མགོ་ལ་ཆག་སྒོ་ཆེན་པོ་ཞིག་ཡོང་རྒྱུ་ཡིིན་པ་ཤེས་ཐུབ། གནས་སྟངས་འདིས་བསྐྱར་དུ་མེ་ཏོག་རླུང་གིས་དེད་པ་བཞིན་རང་དབང་མེད་པ་དང་། བྱེ་མའི་ལ་ཆེན་ཞིག་རྒལ་དགོས་པ་བཞིན་དཀའ་ངལ་དེ་གསལ་བཤད་བྱས་པ་ཡིན།
དེ་བཞིན། “མཛའ་མོའི་ཞལ་རས་མཐོང་ནས་འགྲོ་མ་ཕོད།” ཅེས་པ་ལས་སྤྲིན་དཀར་པོ་ཐོད་ལ་བཙུགས་ས་ནག་པོ་འདོམ་གྱིས་འཇལ་ཞིང་ཁོ་མོའི་དོན་དུ་ཡོང་བས། ད་བཟོད་ཁོ་མོ་དང་འཕྲད་ཙམ་བྱུང་ཡང་། མཚན་ཐུང་ཞིག་གི་ཆ་ཤས་ཙམ་ལས་མཉམ་དུ་འདུག་དབང་མེད་པ་ཁ་བྲལ་དགོས་པ་ནི་བཟོད་དཀའ་བ་ཞིག་རེད། ཁ་བྲལ་ལ་ཉེ་བའི་སྐབས་ཀྱི་ཁོ་མོའི་དགོང་གི་སྐྱོ་ཉམས་དེ་མཐོང་བས། ཟླ་ཟེར་གྱི་འོག་ནས་མེ་ཏོག་ལྟ་བུའི་ན་ཆུང་མ་ཞིག་གི་བཞིན་རས་དང་། བཞིན་རས་དེའི་སྟོད་ཕྱོགས་སུ་ཀེམ་ཀེམ་གཡོ་བའི་སྐར་ཆེན་ཆ་ཞིག་ནས། བར་མེད་དུ་བཞུར་ཡོང་བའི་ལོ་ཟིལ་སྤྲུགས་པ་ལྟ་བུའི་མིག་ཆུ་དེ་མཐོང་བས། འབྲལ་དགོས་ཀྱང་འབྲལ་མི་ཐུབ་པའི་སེམས་ཀྱི་འགལ་འདུ་དེ་དང་། ཉམས་ཆུང་ཞིང་རང་དབང་དང་བྲལ་བའི་གཞོན་ནུ་ཕོ་མོ་གཉིས་ཀྱི་ཚུགས་ཀ་མཐོང་བྱུང་། ཀློག་པོ་པོའི་ཀུན་རྟོག་གི་ནམ་མཁའ་ཟླ་འོད་འོག་གི་ཕ་བོང་སྐྱ་བོ་དེའི་འགྲམ་གྱི་གཞོན་ནུ་ཕོ་མོ་གཉིས་ལ་ཕྱོགས་དང་། འབྲལ་དགོས་ཀྱང་འབྲལ་མི་ཕོད་པའི་ཚུགས་ཀ་སྐྱུར་མོ་འདི་ལ་གཟིགས་དང་། འདི་ནི་མེ་ཏོག་རླུང་གིས་དེད་པ་བཞིན་རང་དབང་མེ་པ་དེའོ།

“མགྲིན་པ་འགག་ནས་སྙིང་གཏམ་གླེང་མ་ཕོད།”ཅེས་པ་ལས་ལྷག་ཏུ་སེམས་ཀྱི་གཏིང་ནས་གྱེན་དུ་འཕྱོ་བའི་ན་ཟུག་ཚད་མཐོ་ཤོས་སུ་སླེབས་པ་བཤད་ཡོད་ཅིང་། དཔེར་ན་མི་ཞིག་དགའ་བའམ། སྐྱོ་བ། སྐྲག་པ་དང་དངངས་པ། གློ་བུར་དུ་བསམ་ཡུལ་ལས་འདས་པའི་དོན་དག་བྱུང་བའི་ཚེ་ཇ་ཡུན་ཙམ་རེ་ཁ་གྲག་མི་ཐུབ་པ་ནི་སེམས་ཚོར་རྒྱུན་ལྡན་ལས་འདས་པ་ཞིག་བྱུང་བས་ཡིན་པ་བཞིན། སེམས་ཀྱི་མེ་ཏོག་མ་དེ་ཉིད་ཐུག་རྒྱུར་དཀའ་ལས་ཆེན་པོ་བྱུང་བ་དང་། ད་གཟོད་ཐུག་ཙམ་བྱུང་བའི་དགའ་བ་དང་། སླར་ཡང་བྲལ་དགོས་པའི་སྐྱོ་བ་གཉིས། དགའ་སྐྱོ་ཟུང་གི་སེམས་ཚོར་དེས་མགྲིན་པ་འགག་པའམ་གནོང་ཞིང་བཤད་བསམ་པའི་སྐད་ཆ་སྟེ། སྙིང་གཏམ་བཤད་མ་ཐུབ་པ་མཚོན་ཐབས་བྱས་ཡོད། ན་གཞོན་ཤ་དར་ཁྲག་དར་ཚོར་བརྩེ་དུང་གི་དཀའ་ངར་སྔོན་དཔག་མི་ཐུབ་པ་འཕྲད་ཚེ་འདི་ལྟ་བུའི་སེམས་ཚོར་དྲག་པོ་ཡོད་པ་རྒྱུན་ལྡན་ཡིན་ཞིང་། སེམས་ཚོར་འདིས་གཞོན་ནུ་ཕོ་མོ་མི་ཉུང་བ་ཞིག་གིས་དྲིན་ཆེ་བའི་ཕ་མར་ངོ་ལོག་བརྒྱགས་མྱོང་བ་དང་། སེམས་ཚོར་འདིས་རང་ས་རང་ཡུལ་བསྐྱུར་ཏེ་བྲོས་སོང་བ། སེམས་ཚོར་འདིས་ཐ་ན་རང་ལྕེབས་བྱས་ཏེ་རང་དབང་འཚོལ་དུ་ཕྱིན་པ་གྲངས་ལས་འདས་པ་མ་ཡིན་ནམ།
“ཕྱག་ཟུང་འཇུས་ནས་ཕན་ཚུན་འབྲལ་མ་ཕོད།” ཅེས་པ་ལས་གོང་དུ་གླེང་ཟིན་པ་བཞིན་བྲལ་ཁའི་སེམས་ཀྱི་སྐྱོ་གདུང་དང་ལུས་ཀྱི་ཉམས་འགྱུར་མཚོན་ཐབས་བྱས་ཡོད་ཅིང་། ལག་པས་ལག་པ་འཇུས་པའི་ན་གཞོན་གཉིས་སེམས་པས་སེམས་པ་འཚོས་པའི་བརྩེ་བའི་བདག་པོ་གཉིས། བྲལ་དགོས་ལ་བྲལ་མི་ཐུབ་པའི་གནས་སྐབས་དེ་ང་ཚོའི་མིག་ལམ་དུ་བསྟར་ཡོད། ཅིས་ཀྱང་བྲལ་དགོས་ཤིང་ད་རེས་བྲལ་ཚེ་མ་འོངས་པར་ཐུག་མིན་ཆ་མ་མཆིས་པའི་ལས་དབང་དེར་བསམ་ན། ལག་པས་པག་པ་གློད་རྒྱུ་ནི་སྙིང་ལ་ཚེར་མ་བཙུགས་པ་ལྟ་བུའི་སྡུག་བསྔལ་བཟོད་གླགས་མེད་པ་ཞིག་ཡོད་པ་བཤད་ག་ལ་དགོས། འདིས་བསྐྱར་དུ་མེ་ཏོག་དེ་རླུང་གི་ཕ་ས་རུ་ཡོད་པ་གསལ་བཤད་བྱས་པ་མ་ཡིན་ནམ།

༦༽ “ང་ལ་གཞན་སེམས་བསླུ་བའི་གཡོ་སྒྱུ་མེད། ང་ལ་གཞན་ཡིད་འགུག་པའི་རྒྱུ་ནོར་མེད། ལྷོག་ལྷོག་ལྡིང་བའི་སྙིང་ཆུང་དམར་པོ་འདི། སྙིང་གི་མཛའ་མོར་བཞག་པའི་དྲན་རྟེན་ཡིན།” ཞེས་པ་ལས་བརྩེ་བའི་བདག་པོ་སྟེ། རྩོམ་པ་པོ་ལ་གཞན་སེམས་བསླུ་བའི་གཡོ་སྒྱུའི་མེད་ཅེས་པ་དང་གཞན་ཡིད་འགུག་པའི་རྒྱུ་ནོར་མེད་ཅེས་བཤད། དོན་དེས་ཅི་ཞིག་གསལ་བཤད་བྱ་ཟེར་ན། སྙིང་གི་མཛའ་མོ་ཐོབ་པའི་ཆེར་དུ་ཐོབ་གོ་ས་མཐོ་སྐོར། རྒྱུ་འབྱོར་བ་ཆེ་སྐོར་སོགས་མེད་པར་ཡོད་རབས་དང་ཡོད་པར་སྦས་ཐབས་བྱ་ཞིང་རྫུན་གྱི་འཁོར་ལོ་སྐོར་ན་ཆོག་ཀྱང་། རྩོམ་པ་པོའི་རང་གཤིས་སུ་མགོ་བདེ་དྲན་འཕྲུལ་དེའི་རིགས་མི་མངའ་བ་དང་། རྒྱུ་འབྱོར་བའང་དེ་ཙམ་མི་ལེགས་པས། གཞན་སེམས་འགུག་ཅིང་གཞན་ཡིད་འཕྲོག་ཐུབ་པའི་ཆ་རྐྱེན་མ་ཚང་བ་གསལ་བཤད་བྱས། འདིའི་ཤུགས་སུ་མཛའ་མོ་དེའི་ཕ་མའམ། ཡང་ན་དེ་ལས་གཞན་པའི་མི་འགའ་ཞིག་གི་སེམས་སུ་བུ་མོ་གནས་ལ་འགྲོ་དགོས་ཀྱང་རྒྱུ་ནོམ་པ་ཡོད་ས་ཞིག་ལ་གཏོང་དགོས་སྐོར་བཤད་བཞིན་ཡོད་པ་གསལ། གནས་ཚུལ་འདི་ནི་ན་གཞོན་འདི་གཉིས་ཀྱི་མགོ་ལ་བྱུང་བ་ཁོ་ན་ག་ལ་ཡིན། ཁ་དབང་ཆེ་བའི་ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་བུ་དང་བུ་མོའི་གནས་ཡུལ་ཐག་གཅོད་བྱ་དར་བ་མ་ཟད། དེ་ཡང་རྒྱུ་འབྱོར་བ་ཆེ་ཆུང་དང་། ཐོབ་གོ་ས་ཆེ་ཆུང་། རིགས་རུས་པ་གཙང་མིན། ས་ཐག་རིང་ཡིན་མིན་སོགས་ལ་འདང་ཟབ་མོ་རྒྱག་པ་ནི་རྒྱུན་ལྡན་ལྟ་བུ་ཞིག་ཡིན། སྙན་ངག་འདིའི་ནང་དུ་ས་ཐག་རིང་པོ་ཞིག་ནས་ཁོ་མོའི་དོན་དུ་ཡོང་བ་དང་གཅིག། གོང་གི་བརྗོད་ཚིག་དེའི་ནང་དུ་ང་ལ་གཞན་ཡིད་འགུག་པའི་རྒྱུ་ནོར་མེད་ཅེས་པ་ལས་ན་གཞོན་འདི་གཉིས་ཀྱི་བར་དུ་ཡོད་པའི་རླུང་དམར་རམ། བཀག་རྒྱ་དེ་ནི་ས་ཐག་རིང་བ་དང་གཅིག། ཁོ་མོའི་ཁྱིམ་མི་རྣམས་རྒྱུ་འབྱོར་བར་ཞེན་ཆེ་བ་དང་གཉིས་ཀྱིས་གྲུབ་པ་རྩོམ་འདིའི་དངོས་ཤུགས་རྒྱུད་གསུམ་ནས་སྔོན་ཡོང་།

༧༽ “ལྷོག་ལྷོག་ལྡིང་བའི་སྙིང་ཆུང་དམར་པོ་འདི། སྙིང་གི་མཛའ་མོར་བཞག་པའི་དྲན་རྟེན་ཡིན།” ཞེས་པ་ལས་ལྷོག་ལྷོག་ལྡིང་བའི་སྙིང་ཆུང་དམར་པོ་སྟེ། གཙང་ཞིང་ལྷད་མེད་པ། གཡོ་སྒྱུའི་དྲི་མ་དང་བྲལ་བ། ལྟག་རྒྱབ་ཀྱི་དམིགས་ཡུལ་གཞན་ཅི་ཡང་མེད་པ། ལྷག་བསམ་རྣམ་དག་གི་བརྩེ་བ་དམར་པོ། ཁ་ཞེ་གཉིས་མེད་ཀྱི་དགའ་བ་དཀར་པོ། ཕྱི་གཙང་ནང་གཙང་གི་དུང་བ་གཙང་མ་ཞིག་ཡོད་པ་འདི་ཁོ་ན་སྙིང་གི་མཛའ་མོར་བཞག་པའི་དྲན་རྟེན་ཡིན་ཞེས་བཤད། སྐད་ཆ་འདིས་ནམ་ཡང་དྲན་པར་འོས་པའི་ལྷད་མེད་ཀྱི་བརྩེ་བ་ཞིག་ལས་ཁོ་མོར་ཅི་ཡང་མ་དབང་བ་དང་། ཅི་ཡང་མ་དབང་ནའང་ཅི་ཡང་དབང་བ་ལྟ་བུའི་ལྷད་མེད་ཀྱི་བརྩེ་བ་ཞིག་གིས་གསལ་བཤད་བྱས་ཏེ་སྙན་ངག་འདིའི་མཇུག་རྫོགས་པའོ།།
སྤྱི་ལོ། ༢༠༢༡.༠༨.༡༢ ལ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *