གཅེར་བུ་པའི་སྙན་ཐུང་གསར་པ་ཁག་ལྔ། 

རྩོམ་ཡིག་འདི་ཐེངས་ 236 བཀླགས་འདུག


འཕྲིན་བརྡ།

ལུ་གུ་པགས་པ་ལྟར་ཚེམ་སླ་ལ་རལ་སླ་བའི
དབྱར་གཞུང་གི་སྐད་ཆའི་ཁ་རླངས

ཐ་སྙད་ཉི་འོད་ཀྱིས་བཞུ་མ་ཐུབ་པའི་སྡིག་སྒྲིབ
ཚུར་ལ་སྲིང་ཞིང་ཕར་ལ་ཞུས

ཆར་དུས་འདིར་འགྱུར་སླ་བའི་གནམ་གཤིས་ཀྱིས
རང་གི་ཡན་ལག་རྐྱང་སྐུམ་ལའང་ཚོད་འཛིན་བྱེད
པར་མིག་མིག་རྒྱང་ལ་སྐོར་ནས
ཅི་ཡང་མ་བྱུང་བ་ལྟར་པར་ཞིག་ལེན

ཐག་རིང་ཞིག་ལ་ཕུལ།

མཚན་གཞུང་དེ་ནས་ཕར་བལྟས་ན
གློག་སྒྲོན་ཞིག་འཐོར་བ་འདྲ
ལྭ་བ་དམར་པོའི་འཛུམ་མདངས
ཐག་རིང་ནས་མངོན་ནམ ཐག་ཉེ་ལ་ཟུག

འཛུམ་མེར་མེར་ངང་བསྟན་བཤིག་ཚ་བ་ལ
དབྱར་གཞུང་ལྟ་བུ་སྨིན་དྲགས་པའི་ལང་ཚོ
རྒྱ་ཕིབས་འོག་གི་དྲིལ་བུ་བཞིན
སིལ་སིལ་ངང་ཐག་རིང་ནས་གྲགས་སམ རྣ་ཅོག་ནང་འཛུལ

པར་བླངས་པ་དེ་དག
ཡིད་དུ་འོང་བ་ལ
ཁྱེད་ཀྱི་པར་མིག་མཐོ་ཚད་ག་ཚོད་རེད
དྲི་བ་དེས་ཀྱང་དོན་ངོ་མ་འདྲི་མི་ཐུབ་པ་འདྲ

ནག་ཁུང་ནང་གི་ང་རང་།

ཡི་གེ་ལ་བལྟས་ན་ཡི་གེ་རང་མི་མཐོང་བ་འདྲ
འཛིན་ཁང་འགྲིམ་འགྲིམ་ནས
དོན་སྣོད་དག་འགུལ་སྐྱོད་ཁེ་མཚར་ཞིག་རྒྱག་གི་འདུག

ཕྱི་ལ་འགྲོ་བསམ་པ་དེ་འདུ་ཤེས་ཤིག་མིན་པ་འདྲ
ལག་པ་སྟོང་པའི་ནང་ནས་ཅི་ཞིག་ཤོར་སོང་བ་ལྟ་བུ
ཡི་གེ་འབྲི་འཕྲོ་བཞག་དུས་དྲན་པ་རྟབ་རྟབ་པོར་གྱུར

བྲོས་བྱོལ།

ཕྱི་དྲོ་ཞིག་གི་མནབས་པའི་མུན་པ་དེ་ལ
ཉི་འོད་དང་འཆམ་པའི་བདེན་དཔང་ཅུང་ཟད་ཡོད
གྲིབ་དང་གྲིབ་མ་སྣོལ་ནའང་
ཐག་རིང་ལ་མ་འགྲོ་ཞེས་སུ་ཟེར

འཆར་སྒོ་ཅི་ཡང་མེད་པའི་ཕོར་པ་དེ་ལ
ལག་དྲེག་དང་ཁ་དྲེག་ག་རེ་འགོས
ཤོག་སྒམ་རྣམས་ཆུས་ཟོས་པའི་ལོ་དེ
ཕར་སྣུར་ཚུར་སྣུར་བྱ་ས་སྐར་གང་མི་འདུག

རང་ལ་བལྟས་པ།

གྲིབ་མ་དེ་བཙལ་ན
ཤིང་སྡོང་ཞིག་ལ་ཐུག་པ་འདྲ
བར་སྟོང་དེ་བཙལ་ན
སུན་སྣང་ལ་ཐུག་པ་འདྲ

ངས་སུ་ཡང་བཙལ་འདོད་མི་འདུག
ག་རེ་ཡིན་ཡང་ཟད་ཆོག་ཆོག་ཡིན་པའི་མི་ཚེ་འདི
གྱོན་གོས་སྲབ་སྲབ་ཅིག་གི་འོག་ནས་རུལ་ཡོང་གི་འདུག
སུས་ཀྱང་མི་ཚོར་བའི་རུལ་སྟངས་འདི་ལ་ཅི་ཟེར

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *