ལྡོང་བཙན་རླུང་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 1917 བཀླགས་འདུག


སྟོན་པ་བདེ་བར་གཤེགས་པའི་སྐྱེས་རབས་ལ་བསྔགས་པ་ཐར་བའི་འཁྲི་ཤིང་།

           ལྡོང་བཙན་རླུང་།

བྱང་ཆུབ་ཐུགས་བསྐྱེད་བསྐལ་བ་གྲངས་མེད་དུ།།
རླབས་ཆེན་ཚོགས་གཉིས་རྒྱ་མཚོར་གོམས་བྱས་ཏེ།།
རྫོགས་སྨིན་སྦྱངས་གསུམ་ནམ་མཁའི་མཐར་འགྲོ་བའི།།
སྟོན་པ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ།།

འཕགས་པ་བསྐལ་བ་བཟང་པོའི་མདོ་སྡེ་ལས།།
དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ལས།།
དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ།།
བརྩོན་པའི་གོ་ཆ་རྟག་ཏུ་བགོས་པ་གསུངས།།

དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས།།
ལས་ངན་ཟླ་བོར་སྙིང་རྗེས་བདག་ཏུ་བཟུང་།།
དེ་ནས་བྱམས་པའི་སེམས་རྒྱུན་མ་ཆད་ཅེས།།
དྲིན་ལན་བསབ་པའི་མདོ་ལས་ཉིད་ཀྱིས་གདམས།།

བྲམ་ཟེ་རྒྱ་མཚོའི་རྡུལ་དུ་འཁྲུངས་པའི་དུས།།
བདེ་བཤེགས་རིན་ཆེན་སྙིང་པོའི་སྤྱན་སྔར་རུ།།
ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔང་བཞག་སྟེ།།
སྙིགས་མའི་སེམས་ཅན་འདུལ་བར་དམ་བཅས་སོ།།

སེམས་ཅན་དོན་དུ་དབུ་དང་ཡན་ལག་སོགས།།
ཕོངས་མེད་བཏང་བའི་བྱ་དཀའི་སྤྱོད་པ་ལ།།
གྲངས་མེད་གསུམ་དུ་ཤིན་ཏུ་བཟོད་དོ་ཞེས།།
དཀོན་མཆོག་སྤྲིན་དང་ཟླ་སྒྲོན་སོགས་ལས་གསུངས།།

སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད།།
བསྐལ་བ་གྲངས་མེད་བསྙེན་ཞིང་བཀུར་བ་དང་།།
ཟབ་རྒྱས་དོན་གྱི་ཚིག་དོན་ནོད་པ་སོགས།།
སྙིང་སྟོབས་ཆེན་པོའི་གོ་ཆ་གྲོགས་སུ་བསྒྲོན།།

ཐུགས་བསྐྱེད་སྨོན་ལམ་དུས་སུ་སྨིན་པ་ཡིས།།
མི་འཇེད་ཞིང་འདིར་མཆོག་གི་སྤྲུལ་བའི་སྐུའི།།
མཛད་པ་འཕྲིན་ལས་སྟོན་དུ་ཕྱོགས་པ་ན།།
བྲམ་ཟེ་ཁྱེའུ་བླ་མ་ཞེས་བྱ་འཁྲུངས།།

དེ་ཚེ་རྒྱལ་བ་འོད་སྲུངས་སྤྱན་ཡ་རུ།།
ཚངས་པར་སྤྱོད་པའི་ཡོན་ཏན་ནོད་པའི་དུས།།
སངས་རྒྱ་ཤཱཀྱ་ཐུབ་པ་འགྱུར་རོ་ཞེས།།
ལུང་བསྟན་གསུང་དབྱངས་ཕྱོཊ་བཅུར་གྲཊ་པར་མཛད།།

དཔག་བསམ་ཤིང་གིས་རྒྱན་པའི་ནམ་མཁའ་ལ།།
དགའ་ལྡན་ཡིད་དགའ་ཆོས་འཛིན་ཞེས་བྱ་བར།།
སྐྱེ་བ་གཅིག་ཐོགས་བྱང་ཆུབ་སེམས་དཔའ་ཡི།།
ལྷའི་བུ་དམ་པ་ཏོག་དཀར་སྐྱེ་བ་བཞེངས།།

བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ།།
མི་འཇེད་ཞིང་འདིར་འབྱོན་པར་ཉེ་བ་ན།།
ལུམ་བི་ན་ཡི་སྐྱེད་མོའི་ཚལ་དག་ཏུ།།
སངས་རྒྱས་འབྱུང་བའི་སྔ་ལྟས་བཅུ་ཡང་བྱུང་།།

དགའ་བ་བརྒྱ་ལྡན་རིན་ཆེན་ཁང་བཟང་ནང་།།
རིས་མཐུན་ལྷ་ཡི་འཁོར་ཚོགས་རྒྱ་མཚོའི་དབུས།།
མ་ཕམ་མགོན་པོ་རྒྱབ་ཚབ་དབང་བསྐུར་ཏེ།།
གླང་ཆེན་ཐལ་དཀར་དྲུག་ལྡན་སྤྲུལ་ནས་གཤེགས།།

རིགས་དང་རུས་དང་ཡུལ་ལ་གཟིགས་པ་དང་།།
དུས་དང་བུད་མེད་གཟིགས་པ་ལྔར་གཟིགས་ཏེ།།
ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ལ།།
སྒྱུ་འཕྲུལ་ལྷ་མོའི་ལྷུམས་སུ་གཡས་ནས་ཞུགས།།

ཀུ་མུད་ལྟར་དཀར་གླང་པོའི་ཕྲུ་གུ་གཅིག།
གློ་གཡས་ཕྱོགས་ནས་ལྷུམས་སུ་ཞུགས་པ་རྨིས།།
དེ་དག་ཟས་གཙང་སྙན་དུ་གསོལ་བ་ན།།
དགའ་བའི་རྐང་བྲོ་ཅིར་ཡང་འཁྲབ་པར་བྱས།།

ཟླ་བ་བཅུ་རྫོགས་དུས་ལ་བབ་པ་ན།།
རྒྱལ་པོ་ཆེན་པོའི་སྐྱེད་མོའི་ཚལ་དག་ཏུ།།
གངས་སེང་ཕྲུ་གུས་བསྐོར་བ་བྱེད་པར་སོགས།།
སྔ་ལྟས་སུམ་ཅུ་རྩ་གཉིས་བྱུང་བ་གྱུར།།

དེ་ལྟར་རྒྱལ་སྲས་འཁྲུངས་ལ་ཉེ་བ་ན།།
བུད་མེད་མཆོག་གྱུར་སྒྱུ་འཕྲུལ་ལྷ་མོ་ཡིས།།
མི་དབང་རྒྱལ་པོ་ཟས་གཙང་སྲས་པོ་ལ།།
ཡབ་ཀྱི་གཞིས་ཀར་བསྐྱོད་པའི་སྙན་སེང་ཞུས།།

དཔག་ཚད་མང་པོས་ཁྱབ་པའི་བཞུད་ལམ་སྟེ།།
སེར་སྐྱའི་གནས་དང་ལུམ་བི་ཚལ་དག་ཏུ།།
ཆག་ཆག་གདབ་དང་མེ་ཏོག་དགྲམ་པ་སོགས།།
རྣམ་མང་མཆོད་པའི་བྱེ་བྲག་རྫོགས་པར་བྱས།།

ལང་ཚོའི་ཟླ་གཞོན་རྫོགས་པའི་སྒྱུ་འཕྲུལ་མ།།
རིན་ཆེན་ཤིང་རྟའི་ཁྲི་ལ་སྤྱན་དྲངས་ཏེ།།
གླུ་གར་རོལ་མོ་ལ་སོགས་དཔག་ཡས་ཀྱིས།།
སྙན་འཕྲིན་དྲི་ཟའི་འཇིག་རྟེན་རྫོགས་པར་བྱས།།

ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བཞི་དང་།།
ཤཱཀྱའི་དཔུང་ཚོགས་ཡན་ལག་བཞི་དང་བཅས།།
ཕྱི་བཞིན་འབྲངས་ནས་མཆོད་ཅིང་བསྟོད་པ་ཡིས།།
མིག་མི་འཛུམ་པ་ཀུན་ནས་བསྲུང་བར་མཛད།།

སྒྱུ་འཕྲུལ་ལྷ་མོ་འཁོར་གྱི་ཚོགས་དང་བཅས།།
ལྷ་མིའི་མཛེས་པ་མཐའ་དག་འཛིན་པའི་གནས།།
དབེན་ཞིང་ཉམས་དགའ་ལུམ་བི་ཚལ་འཁོད་དེ།།
རིན་ཆེན་ཤིང་རྟའི་སྐས་ལས་བབས་པར་བྱས།།

ཤིན་ཏུ་མཛེས་པའི་མེ་ཏོག་སྣ་ཚོགས་དང་།།
མཐའ་དབུས་ཁྱབ་པའི་སྤོས་ཀྱི་དྲི་ངད་སོགས།།
འཆི་མེད་གྲོང་ལས་ལན་བརྒྱར་འགོང་བྱེད་པའི།།
ལིམ་བི་ཚལ་གྱི་འཁོར་ཡུག་ལྟ་བར་བྲེལ།།

རིན་ཆེན་ལྗོན་པའི་ཤིང་གི་ཡལ་གའི་འོག།
ངལ་གསོའི་བདུད་རྩི་འཐུངས་པའི་སྐབས་ཕྱེ་དུས།།
ཉི་མ་བྱེ་བའི་མདངས་དང་རབ་ལྡན་པའི།།
རྒྱལ་སྲས་ཟླ་བ་གཞོན་ནུ་སྐུ་བལྟམས་སོ།།

དེ་ཚེ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར།།
འཇིག་རྟེན་འདི་ན་ང་ཉིད་མཆོག་ཡིན་ཞེས།།
གསུང་གི་འབྲུག་སྒྲ་ཕྱོགས་བཅུ་རབ་བསྒྲགས་ཏེ།།
ཆེ་བའི་ཆེ་མཆོག་ལེགས་ལྡན་རྗེས་སུ་སོང་།།

ཚངས་པ་རྒྱལ་བྱིན་དགའ་བོ་ཉེ་དགའ་དང་།།
ལྷ་དང་ལྷ་མོ་བགྲང་ལས་འདས་པ་ཡིས།།
དར་གྱི་གོས་ཕུལ་བདུད་རྩིས་མཆོད་པ་དང་།།
སྤོས་ཆུའི་བུམ་པ་ཐོགས་ཏེ་སྐུ་ཁྲུས་གསོལ།།

ཡིད་ལ་དགའ་དྲོད་འཕེལ་བའི་ཟས་གཙང་གིས།།
རྣམ་པ་རྒྱལ་བའི་ཤཱཀྱའི་ཕོ་བྲང་དུ།།
མཚན་མཁན་བྲམ་ཟེ་མཁས་པ་གདན་དྲངས་ཏེ།།
རྒྱལ་བུ་གཞོན་ནུའི་མཚན་མ་བརྟག་པར་སྐུལ།།

རྒྱལ་པོའི་ཕོ་བྲང་འཛིན་དུ་འོངས་གྱུར་ན།།
འཁོར་ལོའི་སྒྱུར་བའི་སྙན་པ་ངང་གིས་འཁོར།།
ངུར་སྨྲིག་བགོས་ནས་རབ་ཏུ་བྱུང་གྱུར་ན།།
སངས་རྒྱས་འགྱུར་བའི་ལུང་བསྟན་སྙན་ལ་བསྲིངས།།

དྲང་སྲོང་ཆེན་པོ་ཉོན་མོངས་མེད་པ་ཡིས།།
དྲི་མེད་ཡིད་ལྡན་སྲས་ཀྱི་ཞབས་མཐིལ་སོགས།།
ཡང་ཡང་བརྟགས་མཐར་རྒྱལ་པོ་ཆེན་པོ་ལ།།
མི་རིང་སངས་རྒྱས་འགྱུར་བའི་ལུང་བསྟན་མཛད།།

མི་མཉམ་ཡོན་ཏན་ནམ་མཁའི་མཐོངས་ཕྱེ་བའི།།
དོན་གཉིས་མཐར་ཕྱིན་སངས་རྒྱས་འགྱུར་ངེས་པར།།
གཞོན་ནུ་དོན་གྲུབ་མཚན་གྱི་གྲགས་པ་དཀར།།
ལྷ་དང་དྲང་སྲོང་བཅས་པས་ཅོད་པན་ཕུལ།།

དེ་ནས་ཅུང་ཟད་ནར་སོན་གྱུར་པ་ན།།
རྐྱལ་དང་བང་དང་སྟོབས་འགྱེད་མཆོངས་རྩལ་དང་།།
རྩིས་དང་ཡི་གེ་མདའ་རྩལ་ལ་སོགས་ཀུན།།
མཁས་པ་མཁས་པའི་དབུས་ན་མཆོག་ཏུ་གྲགས།།

འདོད་ཞེན་ཞགས་པས་དམ་དུ་མ་བཅིངས་ཀྱང་།།
ཐབས་ལ་མཁས་པ་མངོན་དུ་བྱ་ཕྱིར་དུ།།
སྲས་མོ་གྲགས་འཛིན་རྒྱལ་པོའི་ཁབ་ཏུ་བཞེས།།
འཇིག་རྟེན་བརྩེ་བའི་ཞལ་ཁྱིམ་འཛིན་པར་བྱས།།

མཉམ་མེད་སྟོབས་བཅུ་མངའ་བ་མཐའ་དག་དང་།།
རིང་ནས་དཀར་ཕྱོགས་བསྐྱེད་པའི་ལྷ་ཚོགས་ཀྱིས།།
འགྲོ་བ་རྣམས་ཀྱི་མགོན་དང་དཔུང་གཉེན་དུ།།
ཁྱིམ་ནས་འབྱུང་བའི་གནས་ལ་ཡང་ཡང་བསྐུལ།།

ཕྱོགས་བཞི་དག་ཏུ་སྡུག་བསྔལ་སྣ་ཚོགས་ཀྱིས།།
ཤིན་ཏུ་དུབ་པའི་འཁོར་བར་རབ་སྐྱོ་སྟེ།།
ངུར་སྨྲིག་གོས་གོན་ཞི་དུལ་བག་ཡོད་ཀྱིས།།
བས་མཐའི་གནས་མལ་བསྟེན་པར་སྤྲོ་བས་ལྟས།།

སྟོན་ཟླའི་ཡར་ཚེས་བརྒྱད་ཀྱི་ཐོ་རེངས་སུ།།
རྟ་མཆོག་བསྔགས་ལྡན་བཟང་པོ་ལ་ཆིབས་ཏེ།།
ཚངས་དང་རྒྱལ་བྱིན་ལ་སོགས་ལྷ་རྣམས་ཀྱིས།།
ཕྱོགས་བཞིར་བཏེགས་ཏེ་ནམ་མཁའི་དབྱིངས་ནས་གཤེགས།།

དལ་འབབ་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ།།
ཆིབས་ལས་བབ་སྟེ་སྐུ་ཡི་རྒྱན་རྣམས་བཀྲོལ།།
མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་གསིལ།།
ངུར་སྨྲིག་གོས་གསོལ་རང་བྱུང་བསྙེན་རྫོགས་མཛད།།

མཁའ་ལ་གཏོར་བའི་དབུ་སྐྲ་སིལ་བུ་དག།
བརྒྱ་བྱིན་གྱིས་བསྡུས་སུམ་ཅུ་རྩ་གསུམ་དུ།།
ཚོགས་གཉིས་ཆུ་གཏེར་སྲུབ་པའི་སྙིང་པོར་བྱས།།
གཙུག་ཕུད་དུས་སྟོན་ཞེས་ཀྱང་གྲགས་པ་ཡོད།།

དེ་ནས་རྒྱལ་སྲས་གཞོན་ནུ་དོན་འགྲུབ་ཀྱིས།།
སྦྱངས་བའི་ཡོན་ཏན་དག་ལ་རབ་བསྟེན་ཏེ།།
ན་རྒ་འཆི་བའི་སྡུག་བསྔལ་རྩད་གཅོད་པའི།།
ཞི་བ་བསིལ་བའི་ཐབས་ལམ་འཚོ་བར་བྲེལ།།

རིང་འཕུར་ལྷག་སྤྱོད་ལ་སོགས་སློབ་དཔོན་བཀུར།།
དཀའ་ཐུབ་སྤྱད་པའི་རྟུལ་ཞུགས་ལོ་དྲུག་མཛད།།
དེ་ལྟར་ན་ཡང་སྡུག་བསྔལ་རྩད་གཅོད་པའི།།
ཐབས་དེ་མ་རྙེད་གཅིག་པུ་དབེན་པར་གནས།།

མཐའ་གཉིས་སྤངས་བའི་ལམ་ལ་མ་བསྟེན་བར།།
བྱང་ཆུབ་ཆེན་པོ་རྫོགས་པར་མི་འགྱུར་བས།།
ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་ཡི།།
ཆོས་ཚུལ་ཉི་ཟླའི་རྣ་ཆར་འཛིན་པར་ཕྱོགས།།

སྨོན་ལམ་བཟང་པོས་སྔོན་ནས་འབྲེལ་བཏབ་པའི།།
ལེགས་སྐྱེས་མ་དང་རྩ་འཚོང་བཀྲ་ཤིས་ཀྱིས།།
ཞལ་ཟས་ཕུལ་དང་རྩྭ་སྔོན་གདན་གཏིང་སྟེ།།
བྱང་ཆུབ་སྙིང་པོར་བཞུགས་ཕྱིར་གཅིག་ཏུ་དཀར།།

རྩྭ་སྔོན་གདན་དུ་སྐྱིལ་མོ་ཀྲུང་བཅས་ཏེ།།
སྡུག་བསྔལ་ཀུན་ཟད་མྱང་འདས་མ་ཐོབ་བར།།
སྐྱིལ་ཀྲུང་འདི་ནི་གཞིག་པར་མི་བྱ་ཞེས།།
དམ་བཅའ་བཞེས་ཏེ་དྲན་པ་མངོན་དུ་བཞག།

བདུད་དམག་བྱེ་བས་མཚོན་གྱི་ཆར་ཕབས་ཀྱང་།།
བྱམས་པའི་སེམས་ཀྱིས་མེ་ཏོག་ཕྲེང་བར་བསྒྱུར།།
དེ་དུས་ས་ཆེན་གཡོས་དང་འོད་སྣང་གིས།།
ཡོན་ཏན་དྲི་བསུང་ཕྱོགས་ཀུན་འཐུལ་བ་གྲགས།།

བདེན་པ་བཞི་དང་རྟེན་འབྲེལ་བཅུ་གཉིས་ཀྱི།།
བདུད་རྩི་ལྟ་བུའི་ཆོས་ཉིད་མངོན་བྱས་ཏེ།།
ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ཡི།།
ཐོ་རེངས་མངོན་པར་རྫོགས་པར་སངས་རྒྱས་སོ།།

ཟབ་དང་རྒྱ་ཆེའི་ཆོས་ཚུལ་རིན་ཆེན་གྱི།།
བདུད་རྩི་འཐུངས་བའི་འཛུམ་དཀར་ངོམས་བྱས་ཀྱང།།
རྟོག་གེའི་བློ་ཡི་སྤྱོད་ཡུལ་མ་ལགས་པས།།
མི་སྨྲ་ནགས་འདབ་གཅིག་པུར་གནས་པར་དགོངས།།

དེ་ཚེ་ཚངས་དབང་བརྒྱ་བྱིན་ལ་སོགས་ཀྱིས།།
ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བ་དང་།།
གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་སོགས།།
ཕུལ་ནས་བདུད་རྩིའི་ཆོས་སྒོ་ཕྱེ་བར་གསོལ།།

མྱ་ངམ་ཐང་དུ་སྒྱིད་ལུག་རབ་གྱུར་བའི།།
ཡིད་ཆད་མགྲོན་པོའི་ངང་ཚུལ་འཇོམས་བྱེད་དུ།།
བཤད་སྒྲུབ་རིན་ཆེན་བདུན་གྱི་འཕགས་པའི་ནོར།།
ཕོངས་མེད་སྦྱིན་པའི་བསྐལ་བཟང་ཐོབ་པར་བྱས།།

བསོད་ནམས་བྱེ་བའི་ཕུང་པོ་རབ་དཀར་བའི།།
གྲགས་པ་དོན་ལྡན་འཁོར་ཡུག་ཡངས་པོ་སྟེ།།
ཝ་ར་ཎཱ་སིར་ལྔ་སྡེ་བཟང་པོ་ལ།།
བདེན་པ་བཞི་ཡི་ཆོས་འཁོར་དང་པོར་བསྐོར།།

ལྔ་སྡེ་བཟང་དང་ལྷ་ཚོགས་བརྒྱད་ཁྲི་ཡིས།།
རོ་ལྡན་ཆོས་ཀྱི་བདུད་རྩི་རབ་འཐུངས་བས།།
སྡུག་བསྔལ་མཐར་བྱེད་ཞི་བའི་གོ་འཕང་ཉིད།།
མངོན་དུ་བྱས་པའི་འཁྲི་ཤིང་མཐོན་པོར་གཡོ།།

རྒྱལ་བོའི་ཁབ་དང་བྱ་རྒོད་ཕུང་པོ་སོགས།།
མ་ངེས་བས་མཐའི་ནགས་ཚལ་ཉམས་དགའ་བར།།
ཤེས་རབ་ཕ་རོལ་ཕྱིན་པའི་མདོ་སྡེ་ཡི།།
བསྙན་བརྒྱུད་གསེར་གྱི་གཡེར་ཁ་སྤྲོ་བར་བྱས།།

ཡངས་པ་ཅན་སོགས་དབེན་རིའི་ཆོས་ཀྱི་སྡེར།།
མཚན་ཉིད་གསུམ་གྱི་རྣམ་བཞག་གཙོ་སྟོན་པའི།།
མདོ་སྡེ་ལང་ཀར་གཤེགས་པ་ལ་སོགས་ཀྱི།།
ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར།།

རི་རབ་རྩེ་དང་དཔལ་ལྡན་འབྲས་སྤུངས་སོགས།།
ཐུན་མོང་མིན་པའི་ལས་ཅན་གདུལ་བྱའི་ངོར།།
གསང་སྔགས་ཕྱི་ནང་རྒྱུད་སྡེ་མཐའ་ཡས་ཀྱི།།
མི་ཤིགས་དགོངས་པའི་བཅུད་རྒྱ་བཀྲོལ་བ་བྱས།།

དེ་ལྟར་སྟོན་པ་ཐུབ་པའི་དབང་པོ་ཡིས།།
ཞལ་ནས་གསུངས་དང་བྱིན་གྱིས་བརླབས་པ་ཡི།།
ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དག།
ཐུབ་བསྟན་སྲོག་ཤིང་བསྐྲུན་པའི་བཅུད་དུ་སྨིན།།

དྲི་བྲལ་མཚོ་ལ་ཤར་བའི་ཟླ་གཟུགས་ལྟར།།
རྨད་བྱུང་འཕྲིན་ལས་དབྱངས་བདུན་རབ་གསལ་བའི།།
ལེགས་བཤན་ཡོན་ཏན་རིན་ཆེན་ཕོན་པོ་ཅན།།
མ་ལུས་འགྲོ་བའི་སྙིང་ལ་བདུད་རྩི་ཉིད།།

དེ་བཞིན་གཤེགས་པའི་སྐུ་ལ་བལྟ་བ་ནི།།
ཤིན་ཏུ་རྙེད་དཀའ་ཨུ་དུམ་ཝ་ར་མཚུངས།།
དེ་ཕྱིར་ལེགས་པར་ལྟོས་ཤིག་དགེ་སློང་དག།
གསུངས་པའི་ཞལ་གདམས་ཐར་བར་བསྐུལ་བའི་གཏམ།།

བསྟན་པའི་སྲོག་འཛིན་ང་ཡི་དགེ་སློང་དག།
འདུས་བྱས་མཐའ་དག་མི་བརྟན་རབ་འགྱུར་བའི།།
བོས་པའི་རླབས་ཕྲེང་མཁའ་ལ་གཡོ་འདྲ་ཞེས།།
གསུང་གི་ཐ་མ་ངེས་འབྱུང་བསྐུལ་བའི་གཏམ།།

བསྟན་པ་རིན་ཆེན་འཁོར་རྣམ་བཞི་དང་བཅས།།
ཉན་ཐོས་ཆེན་པོ་གནས་བརྟན་འོད་སྲུང་ལ།།
གཏད་པའི་ཁུར་ཆེན་ཕན་བདེའི་སྦྲང་རྩི་ཅན།།
མི་ཤིགས་རྡོ་རྗེའི་ཁམས་སུ་རྒྱས་བཏབ་བོ།།

དགེ་ལེགས་བྱེ་བའི་འོད་སྣང་རབ་འཕྲོ་བའི།།
དཔལ་སྟུག་ཆོས་ཀྱི་དགའ་ཚལ་རྩྭ་མཆོག་གྲོང་།།
རྟག་འཛིན་ཆང་གིས་མྱོས་པའི་གདུལ་བྱའི་ངོར།།
དགོངས་པ་མྱ་ངན་འདའ་བའི་སྣང་ཚུལ་བསྟན།།

ཁྱོད་ཞབས་པདྨའི་རྡུལ་ཕྲེང་རེ་རེ་ཡང་།།
བགྲང་ཡས་བསྐལ་བ་རྒྱ་མཚོའི་གྲངས་སྙེད་དུ།།
སྤྱི་གཙུག་པདྨ་རྒྱས་པའི་གདན་གཏིང་དུ།།
ཡང་ཡང་ལེན་པའི་བྱེད་པོ་བདག་འགྱུར་ཤོག།

ཀུན་རྫོབ་ཞགས་པས་འཆིང་བའི་འཇིག་རྟེན་ནས།།
མཐའ་དག་རིག་པའི་རོལ་རྩེད་མ་རྟོགས་ཀྱང་།།
ངུར་སྨྲིག་གལ་ཤ་སར་བས་རྒྱན་པ་འདི།།
ཆོས་དོན་བདུད་རྩི་འཐུངས་བ་ཁོ་ནས་དྲིན།།

ཐུགས་བསྐྱེད་གསེར་གྱི་ཤིང་རྟས་རབ་དྲངས་བའི།།
ལེགས་བཤད་སྣང་བ་དཀར་པོའི་ཉ་གང་ཟླ།།
ཕྱོགས་རྣམས་ཀུན་ཏུ་ཅི་ཡང་འཆར་བ་དེས།།
ཕན་བདེའི་བསིལ་གྲིབ་འདི་ལ་རྫོགས་ཡོད་མིན།།

ཚིག་གི་རྒྱན་ཆ་དོན་གྱི་སྙིང་པོ་སོགས།།
ལེགས་བྲིས་བདག་པོའི་རྗེས་སུ་འགྲོ་མིན་པས།།
འགལ་འདུ་མང་པོའི་ནོངས་པ་ཆགས་པ་ཀུན།།
མཁྱེན་གཉིས་ཡེ་ཤེས་མངའ་དེར་མཐོལ་ཞིང་བཤགས།།

འཇིག་རྟེན་གྲགས་པའི་རྒྱན་དུ་མི་འགྱུར་ཞིང་།།
ལེགས་བཤད་རིན་ཆེན་དོ་ཤལ་འདི་མིན་ཡང་།།
ཅུང་ཙམ་འབད་བའི་དགེ་བའི་རྩ་ལག་ཀུན།།
ཐུབ་བསྟན་གསེར་འོད་འབར་བའི་གྲོགས་སུ་ཤོག།

ཅེས་ཚངས་དབྱངས་ཡན་ལག་དྲུག་ཅུའི་གྲངས་ལྡན་གྱི་སྙན་ཚིག་འདིའི་བྱེད་པོ་ནི།
ཡུལ་ཁམས་ཕྱོགས་སུ་སྐྱེས་ཤིང་སྙན་ངག་འབྲི་བ་ལ་དགའ་བ་ཙམ་ལྡན་པའི་ལྡོང་བཙན་རླུང་ངོ་།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *