འཛུམ་གྱི་སྙན་ངག་གསར་པ་ཞིག

རྩོམ་ཡིག་འདི་ཐེངས་ 1844 བཀླགས་འདུག


རླུང་འཚུབ།

མང་པོ་ཞིག་ནི་རྒྱབ་ལ་ཁུར་སྒམ་དྲུད།།
ཕྱི་བལྟས་སློག་བཞིན་གློ་བུར་ལམ་ལ་ཆས།།
འགའ་རེ་ཡང་ནི་ཁ་སྣ་རས་ཀྱིས་བཀབ།།
ལག་པ་གཡུགས་ཏེ་ཁང་པའི་སྦུག་ཏུ་ཡིབ།།

བདག་ནི་མལ་དུ་ལྷོད་ཉལ་བྱས་ན་ཡང་།།
སྙིང་གི་འཕར་ལྡིང་ད་སྐབས་ཧ་ཅང་རྒོད།།
ལུས་པོ་གཟན་གྱིས་ཅི་ཙམ་བཏུམས་ན་ཡང་།།
སེམས་ཀྱི་ཁ་དོག་འགྱུར་བ་དཀའ་མོ་གདའ།།

ན་ནིང་ལོ་ནག་འཁོར་མོ་ཡུག་གཅིག་ལ།།
སྐྱིད་སྡུག་མི་ཚེ་གྱང་གི་རི་མོར་བཅོལ།།
ད་ལོ་ལྗོན་པའི་མཁའ་དབུགས་རྔུབ་འདོད་རུང་།།
རྒྱ་ནད་བཅུ་དགུའི་ཐལ་འཚུབ་སྔར་བཞིན་ལྡང་།།

ཉིན་མཚན་ཁྱད་མེད་ཆུ་ཚོད་ཉེར་བཞི་ལ།།
མྱུར་སྐྱོབ་རླངས་འཁོར་སྐད་སྒྲ་རྒྱུན་མི་ཆད།།
ལྟོས་དང་དུད་ཞགས་འདི་ཚོ་ཅི་ཞིག་རེད།།
སྣོམས་དང་ཚིག་དྲི་འདི་ཚོ་གང་ཞིག་རེད།།

དོ་ཞག་ཉི་མ་ནུབ་ལ་འཁོར་ཐེངས་རེར།།
རྣམ་ཤེས་ཁྲི་ཕྲག་དུད་ཐལ་ཁྲོད་ནས་ཡལ།།
དེ་རིང་འདི་ན་དགོད་འཛུམ་ཤིག་ཤིག་ངང་།།
འཚོ་ཡང་སང་ཉིན་གར་ཡོད་སུ་ཡིས་ཤེས།།

ནངས་སྔ་སྐྱ་རེངས་ཡར་ལ་ལངས་པའི་དུས།།
མིག་གིས་མཐོང་བ་གཤིན་པོའི་རོ་ཐལ་ལོ།།
མཚན་མོ་མུན་པ་མར་ལ་འཐིབ་པའི་ཚེ།།
རྣ་བས་གོ་བ་མིག་ཆུའི་འོ་དོད་ལགས།།

དམྱལ་བ་མི་ཡུལ་འཕྱུར་བའི་སྡུག་བསྔལ་འདི།།
གཟིགས་པའི་ལྷ་ཞིག་ཡོད་ན་དགའ་བ་ལའང་།།
ས་སྒང་དུར་ཁྲོད་གྱུར་པའི་ལོ་ཟླ་འདི།།
གསན་པའི་མགོན་ཞིག་ཡོད་ན་སྐྱིད་པ་ལའང་།།

དེང་སྐབས་རྒྱ་ནད་ཀྱིས་བདག་གི་ཁོ་ར་ཁོར་ཡུག་ནས། ཉིན་མཚན་མེད་པར་མྱུར་སྐྱོབ་རླངས་འཁོར་གྱི་ཉེན་བརྡ་ཆད་མེད་དུ་གྲགས་པས་ངེས་འབྱུང་སད་སུད་ཅིག་དང་ལྷན།
28/ 4/ 2021

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *