ཨ་འཇམ་གྱི་སྙན་ངག་གསར་པ།

རྩོམ་ཡིག་འདི་ཐེངས་ 845 བཀླགས་འདུག

དབུགས་བཏང་བ།

གྲོང་ཁྱེར་ཞིག་གི་གསེང་དུ་ཡུན་རིང་ཉལ།།
སྒེའུ་ཁུང་ཕྱི་ཡང་སྒེའུ་ཁུང་གཞན་གྱིས་བཀག།
ཁ་ཐུམ་སྔོ་སྐྱ་ཞིག་གིས་མཆུ་ཟུམ་ནས།།
དཔྱིད་ཀའི་གཙང་འགྲམ་རླུང་བུར་རག་ཙམ་བྱས།།

གནའ་བོའི་པིར་ཁི་ལིན་གྱི་ཟམ་པ་ཡང་།།
ཉི་ཟེར་རྡང་བུར་བཏགས་པའི་སྐས་ཚིགས་སོ།།
མཚོ་མོའི་ལྡེབས་ལ་འགུལ་བའི་ཁང་རྩེག་ཀྱང་།།
ཞོགས་པའི་རོལ་དབྱངས་བཏེགས་པའི་གནམ་མཐའ་འོ།།

འགྲོ་འོང་མི་ཡི་པར་མིག་རེ་རེ་ལ།།
རང་གི་བཟོ་ལྟ་བར་སྣང་ཁམས་སུ་བཞེངས།།
སེམས་ཀྱི་ཀི་སྒྲ་ལྐོག་ཏུ་ཡན་པ་ན།།
དངོས་ཡོད་འཚིག་ཇ་ཧུབ་གང་རྩ་ལམ་ཡན།།

རྐང་སྣེ་འདི་ཡིས་ཅི་ཞིག་འཚོལ་བཞིན་དུ།།
ཐོག་ཁང་མཚེ་མ་གཤེགས་པའི་དྲུང་ལ་བཏུད།།
རྟོག་པའི་ཡིག་འབྲུ་མིང་གི་གཤོག་པ་ཡང་།།
ལོ་རྒྱུས་ངོས་སུ་ཉི་རྡུལ་ལྷན་དུ་འབབ།།

གྲོགས་པོ་རིག་འཛིན་ཁ་བྱང་རིང་མོ་རུ།།
ཉིན་གུང་འཚོ་བའི་རྨི་ལམ་ཐེངས་གཅིག་བཏགས།།
མི་ནི་མི་ལ་འདྲོགས་པའི་ལམ་འགྲམ་ནས།།
འཇགས་ཤིང་སྐྱོམ་པའི་ལྷོད་ཚུགས་ངང་གིས་བྱུང་།།
༢༠༢༡ ༣ ༢༣ ལ་ནེའུ་ཡོག

རང་ག་བ་ཡིན་ནམ།

འཕྲེད་དུ་ཉལ་བས་ས་གདན་དེད་དེ་གཉེར་ཙམ་བྱས།།
ཡི་གེ་དག་ནི་འགུལ་གྱིན་འགུལ་གྱིན་སེམས་སུ་བཞུར།།
ཕྱི་ཡི་གྲོང་ཁྱེར་ཆེན་པོ་བརྗེད་དེ་ཡུན་རིང་འགོར།།
གནའ་བོའི་གྲ་སྐོར་བ་ཞིག་རྩོད་པའི་གཞུང་ལ་ཞུགས།།

བྲང་ལ་བྲིས་པའི་གཏམ་རྒྱུད་ཁོལ་གྱིན་ཤེད་ཅིག་སྤར།།
ཁྱོད་ནི་རྒྱང་དུ་ཕྱིན་ཏེ་མི་ལོ་ག་ཙམ་འགོར།།
ང་ནི་རི་བོ་ཞིག་གི་འཁྲིས་སུ་བཅར་གྱི་ཡོད་པ་འདྲ།།
ང་ནི་གཙང་བོ་ཞིག་གི་གཞུང་དུ་བརྒལ་གྱི་ཡོད་པ་འདྲ།།

རི་དྭགས་འགའ་ནི་རྩྭ་ལ་ཡན་པའི་རླུང་བུ་རྒྱུ།།
བྲག་ཁུང་ཞིག་ནས་དབྱངས་རྟ་འཇམ་པོས་ནམ་མཁར་བྱིལ།།
གློག་འོད་འོག་ནས་ག་ལེར་ཉན་ཚེ་ཤ་རུས་ལྷོད།།
ལམ་ནི་རིང་དུ་འཐེན་ཡང་རང་ལ་མཛའ་བར་གྱུར།།

རྐང་རྗེས་ཤིག་གིས་བསྟུད་མར་ཡར་ཀླུང་ས་ཁྲ་བཏབ།།
ས་དང་རྡུལ་གྱིས་འབྲི་གསུབ་བྱེད་བཞིན་གསེར་ཏོག་བུད།།
ཞགས་པ་ཞིག་ཀྱང་ལྷོད་མོར་བཏབ་སྟེ་དུས་རབས་བཟུང་།།
རྡོ་བའི་ངོས་སུ་སྣུམ་ཞིག་འཛུམ་ནས་རིང་དུ་ཕྱིན།།

གཞུང་ལམ་འཕྲེད་དུ་གཅོད་བཞིན་ཕྱིར་མིག་ཡང་ཡང་བལྟས།།
སྨུག་པའི་སྟེང་གི་བྱ་རྒོད་ཅིག་གི་གཤོག་འགྱུར་མཐོང་།།
མི་ལོ་བརྒྱ་ཕྲག་མང་བོའི་ཕ་རོལ་བྲག་ཁུང་ནས།།
གསོན་པོ་གླུ་སྐད་དེ་རིང་ཐོས་ཤིང་འཐད་པར་གྱུར།།
༢༠༢༡ ༤ ༡༢ ནེའུ་ཡོག

འདང་རེ་བརྒྱབ་ན།

ཁང་རྩེག་གིས་བཅུམ་སྟེ་མགོ་འདི་རུབ།།
ནམ་མཁའ་ནི་ཟུམ་སྟེ་སྲང་དུ་བསྡུས།།
གློ་ཁུག་འདི་གང་དུ་བཏགས་སམ་ཅི།།
གནའ་ལམ་ཞིག་ག་ཤེད་ཨེ་ཡོད་ལ།།

ཕུག་རོན་འགའ་མི་ཚོགས་ཟུར་དུ་བབས།།
བཞི་མདོ་ཡི་རྐུབ་སྟེགས་ཉི་འོད་འཁྱིལ།།
ཁ་ཐུམ་ཅན་དཔུང་ཐུག་ཡང་ཡང་འབྱུང་།།
ཕ་གི་ཡི་ཐོག་ཁང་རྩེ་མོར་ཅེར།།

རྒྱ་མཚོ་ལ་བཟོ་བཀོད་གསར་བ་ཕུབ།།
མིང་ཡིག་འདི་བརྡ་འཕྲིན་ཀློང་དུ་འཕུར།།
ཉིན་གུང་གི་རླངས་འཁོར་འགྲོ་འོང་འཚུབ།།
ནུབ་ཕྱོགས་ཀྱི་ངལ་གསོ་སྐད་ཅིག་བྱུང་།།
༢༠༢༡ ༤ ༢༣ མན་ཧ་ཐྲན་དུ།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *