ལ་དྭགས་སུ་བསྐྱོད་པའི་ཟིན་ཐོ།

རྩོམ་ཡིག་འདི་ཐེངས་ 1107 བཀླགས་འདུག

༄༅། །བཙན་པོའི་ཕ་ས་མངའ་རིས་སྐོར་གསུམ་ལས་
མར་ཡུལ་ལ་དྭགས་སུ་བསྐྱོད་པའི་ཟིན་ཐོ།
​​—————​ཨ་འདུས་སྐལ་བཟང་རྒྱ་མཚོ།

ཇི་སྐད་དུ།
རྒྱུད་ཉི་ཟླ་ཁ་སྦྱོར་ལས།
དོན་གྱི་ལོ་རྒྱུས་མ་བཤད་ན། །
གསང་ཆེན་བརྙེས་པའི་བཀའ་ཡིན་ཡང་། །
ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །
གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་བཤད། །
ཅེས་གསུངས་པ་ལྟར། གང་ཟག་དང་། ཡུལ། དུས། བྱ་བའི་འགྱུར་བ་སོགས་དངོས་ཡོད་ཀྱི་བྱུང་བ་རྣལ་མ་དག་ནི། དཔྱོད་ལྡན་ཚོ་དགྱེས་པའི་གཟིགས་མོར་འོས་པ་ཡིན་པས། གཤམ་ནས་སྔོན་དུས་བོད་ཀྱི་བཙན་པོ་རིམ་བྱོན་གྱིས་མཛད་པ་བསྐྱངས་པའི་གནས། མངའ་རིས་སྐོར་གསུམ་གྱི་ནང་ཚན་མར་ཡུལ་ལ་དྭགས་ཀྱི་རིས་མེད་ཆོས་སྡེ་ཁག་གི་གཙུག་ལག་ཁང་རྙིང་མ་རྣམས་དང་། གནའ་མཁར་རྣམས་སུ་མཇལ་སྐབས་རང་གིས་གང་མཐོང་བ་དག་བརྗེད་ཐོར་འགོད་པ་ལ།
​ ཕྱི་ལོ་ ༢༠༡༧། ཟླ་ ༧ ཚེས་ ༢༩ ཉིན་གྱི་ཞོགས་པ་ཆུ་ཚོད་ལྔ་པར་མི་ན་ལི་མགྲོན་ཁང་ནས་ལམ་ལ་བུད་ཅིང་། ཕྱི་དྲོ། ཆུ་ཚོད་བརྒྱད་དང་ཕྱེད་ཀར་ང་ཚོ་ལ་དྭགས་ཀྱི་རྒྱལ་ས་གླེ་རུ་འབྱོར།
ཕྱི་ལོ་ ༡༩༤༤ ཙམ་གྱི་ལ་དྭགས་ཀྱི་གནས་བབ་ནི། ཕྱི་ལོ་ ༡༨༣༤ ལ་དྭགས་ཀྱི་རྒྱལ་སྲིད་ཁ་ཆེའི་རྒྱལ་པོའི་མངའ་འོག་ཏུ་ཚུད་ཅིང་། དེ་ནས་བཟུང་ལ་དྭགས་ཀྱི་གདོན་མའི་འཚོ་བ་དང་། དད་མོས། སྐད་ཡིག བཟའ་བཏུང་དང་། ཆས་གོས་སོགས་འཚོ་བའི་ཆ་ཤས་མང་པོ་ཞིག་གི་རང་དབང་ཤོར་མགོ་བརྩམས་ཡོད།
​ཆོས་ལ་དུག་ཏུ་ལྟ་བའི་དམར་པོའི་ལྟ་གྲུབ་དང་། རིག་གསར་གྱི་རླབས་རྒྱུན་འོག་ཕ་མེས་ཀྱི་ཤུལ་བཞག་ཕལ་ཆེར་གཏོར་བཤིག་བཏང་ཟིན་པའི་བོད་ལ་མཚོན་ན། གནའ་བོའི་ཁྱད་ཆོས་མ་ཉམས་པའི་ཕྱིའི་བཟོ་བཀོད་དང་། བཅོས་མིན་གྱི་འཚོ་བར་ཕམ་ཉེས་ཆེན་པོ་བྱུང་ཡོད་པས། ད་ལྟའི་ཆར་ཡུལ་སྐོར་བ་དག་གིས་གདོད་མའི་བོད་ཀྱི་ངོ་བོ་འཚོལ་ཁག་པོ་གྱུར་ཡོད། འོན་ཀྱང་། ལ་དྭགས་ནི། བོད་ཀྱི་གདོན་མའི་འཚོ་བ་སྐྱེལ་ཚུལ་གྱི་དཔེ་མཚོན་གསོན་ཤོས་དེ་ཡིན་པས། ཕྱི་རྒྱལ་བའི་ཡུལ་སྐོར་བ་དག་གིས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ལ་དྭགས་སུ་ལོ་རེར་ཕྱི་གླིང་གི་ཡུལ་སྐོར་བ་ཁྲི་ཕྲག་མང་པོ་ཡོང་གི་ཡོད།
༡] འགྲུལ་ལམ།
​གལ་སྲིད་ཁྱོད་རང་ལ་དྭགས་སུ་འགྲོ་འདོད་ཡོད་ཚེ་ཕར་ཚུར་གང་རུང་གི་ལམ་ཀ་ངེས་པར་རླངས་འཁོར་བརྒྱུད་ནས་སོང་ན་ལེགས་ཏེ། ས་ལམ་དང་། རྡོ་ལམ། བྲག་འཕྲང་། སྤང་ལམ། སྣུམ་ལམ། བྱེ་མའི་ལམ། ད་དུང་སྦྲུལ་ནག་འཁྱིལ་བ་ལྟ་བུའི་ངོ་མཚར་གྱི་འཕྲང་ལམ་དེ་དག་དང་། ཁ་དོག་དང་རླབས་རྒྱུན་མི་གཅིག་པའི་གཙང་པོ། རིང་ཐུང་སྣ་ཚོགས་པའི་རྦབ་ཆུ། བཀོད་པ་སྣ་མང་གི་གངས་རི་དང་། བྲག་རི། ནགས་རི་སོགས་ངོ་མཚར་བའི་རང་བྱུང་ཁམས་ཀྱིས་ཡུལ་སྐོར་བ་དག་གི་བློ་མིག་དབང་མེད་དུ་འཕྲོག་ངེས་ཡིན། དེ་ལྟར་མི་ན་ལི་ནས་ལ་དྭགས་བར་དུ་སྤྱི་ལེ་ ༤༧༠ ཙམ་ཡོད་ཅིང་། རླངས་འཁོར་ཅི་ཙམ་བཟང་རུང་ཆུ་ཚོད་བཅོ་ལྔ་ཙམ་འགོར་གྱི་ཡོད། ལྗང་མདོག་གི་ནགས་ཚལ་དང་། རྔམ་བརྗིད་ཀྱི་རི་ཚོགས། མཛེས་སྡུག་གི་རི་སུལ་དེ་དག་ལ་མིག་ཟུང་གཏོད་ཀྱིན་མི་ན་ལིའི་རོ་ཐང་བརྒལ་རྗེས། སླར་ཡང་ཁྱོད་ཀྱི་མིག་སྔར་འཇིག་རྟེན་གསར་པ་ཞིག་མངོན་ཡོང་སྟེ། དེ་ནི་ཕ་མེས་ནས་བཟུང་ནང་བསྟན་ལ་དད་གུས་ཆེ་བའི་གར་ཤ་པ་དག་གི་ཕ་ཡུལ་ཡིན། གནས་དེ་ན་གར་ཞ་འཕགས་པ་དང་། དྲིལ་བུ་རི་སོགས་གནས་རྩ་ཆེན་མང་པོ་བཞུགས་ཡོད། གར་ཤ་ནི་སྤྱིའི་ཆ་ནས་ནང་པ་རང་ཡིན་ཞིང་། དེང་སྐབས་ཧིན་རྡུ་ཆོས་ལུགས་དད་མོས་བྱ་མཁན་ཡང་མང་བར་བཤད། དེ་ལྟར་ཡུན་རིང་སོང་མཐར་ཧི་མ་ཅལ་དང་། ཇ་མུ་ཀ་ཤི་མུར་གཉིས་ཀྱི་ས་མཚམས་ཏེ། ས་ཅུ་ཞེས་པ་དེར་འབྱོར། དུས་ཚོད་ཀྱི་ཆ་ནས་ཀྱང་ཉིན་ཡོལ་ཟིན་པས། ང་ཚོས་ས་དེར་གྲོས་ཇ་དལ་འཐུང་བྱས། དེ་ནས་རིམ་གྱིས་ལ་ཆུང་སོགས་ལ་དྭགས་ཀྱི་ས་ཁོངས་སུ་འབྱོར་བྱུང་།
​​ཞོགས་པ་ཆུ་ཚོད་བརྒྱད་དང་ཕྱེད་ཐོག་ཞོགས་ཇ་བཏུང་ཚར་བ་དང་། ཞི་བའི་ཚལ་ཏེ། ༧གོང་ས་ཆེན་པོའི་ཕོ་བྲང་དང་ཉེ་བའི་སར་བཀའ་དབང་ཞུ་བར་སོང་། ལ་དྭགས་དད་ལྡན་མང་ཚོགས་ཀྱིས་གཙོས་པའི་ཤར་ནུབ་ཀྱི་ཡུལ་སྐོར་བ་ཧ་ཅང་མང་།
​༢] ལ་དྭགས་ཀྱི་མིང་ཇི་ལྟར་ཐོག་ཚུལ།
​བྱུང་རབས་ཁྲོད་ད་ལྟའི་བར་མིང་འབྲི་སྟངས་འགའ་སྤྱད་ཡོད་དེ། དང་པོ་དམར་ཡུལ་དང་། དེ་ཉིད་ཟུར་ཆགས་ནས་མར་ཡུལ། མང་ཡུལ། ཕྱིས་སུ་ལ་དྭགས་བཅས་བྲིས་ཡོད། དེ་ཡང་གངས་རི་ཀུ་ར་ཀུ་རམ་དང་། རི་བོ་ཧི་མ་ལ་ཡི་རི་བརྒྱུད་གཉིས་ཀྱི་བར་དུ་ཡོད་པའི་རི་རྣམས་མདོག་དམར་ཤས་ཆེ་བས་ན། དམར་ཡུལ་ཞེས་མིང་དུ་ཆགས་པར་བཤད། དེ་དག་ལས་ལ་དྭགས་ནི། ཕྱིས་ཀྱི་ཡི་གེ་ལས་བྱུང་བ་ཡིན་གྱི། སྔར་ནས་ཡོད་པ་མིན་ཞིང་། རི་བོ་དེ་དག་གི་མདུན་ནམ་ལར་གནས་ཤིང་ཆགས་པ་རྣམས་ལ་ལ་དྭགས་ཞེས་འབོད་པ་བྱུང་ཞེས་ཉེ་རབས་ཀྱི་ཞིབ་འཇུག་པ་དག་གིས་བཤད་ཡོད།
༣] ལ་དྭགས་ཀྱི་གདོན་མའི་མི་རིགས།
​ལོ་སྟོང་ཕྲག་མང་པོའི་སྔོན་དུ་ལ་དྭགས་ཀྱི་ཡུལ་གྲུ་ཧྲིལ་པོ་མཚོས་ཁེངས་ཤིང་། རིམ་གྱིས་མཚོ་བྲི་ནས་བྲག་རི་སོགས་སྐམ་ས་ཆེན་པོ་དག་བྱུང་ཞིང་། ད་ཡོད་ཀྱི་མཚོ་གྲགས་ཅན་སྤང་དགུང་མཚོ་སོགས་ཀྱང་དེ་སྔོན་གྱི་མཚོ་བྲི་བའི་ལྷག་མ་ཡིན་པར་འདོད།
​དེ་ཡང་སྟོད་མངའ་རིས་སྐོར་གསུམ་གྱི་ནང་ཚན། མར་ཡུལ་ལམ། མང་ཡུལ་ལ་དྭགས་ནི། གངས་ཅན་བོད་ཀྱི་ཆོས་རྒྱལ་མེས་དཔོན་རྣམ་གསུམ་གྱི་གདུང་རྒྱུད་དྲི་མ་མེད་པ་སྟོད་མངའ་རིས་རྒྱལ་པོ། སྐྱིད་ལྡེ་ཉི་མ་མགོན་ལ་དྭགས་སུ་ཕེབས་ནས་ཤེལ་གྱི་བྲག་ལ་རྒྱལ་བ་རིགས་ལྔ་བརྐོས་ཏེ་ས་རྟགས་མཛད། ཁོང་གི་སྲས་ཆེ་བ་དཔལ་གྱི་མགོན་ལ་མར་ཡུལ་ལ་གནང་ཞིང་། དེ་ནི་ལ་དྭགས་ཀྱི་རྒྱལ་པོ་ཐོག་མ་དེ་ཡིན། རྒྱལ་ས་ཤེལ་ཏུ་བརྩིགས། བླ་མ་བསྟེན་ཅིང་དགེ་འདུན་གྱི་སྡེ་བཙུགས་ཏེ་གདུང་བརྒྱུད་རིམ་པར་བྱོན་པ་དག་གིས་མང་ཡུལ་ཧྲིལ་པོ་དབང་བསྒྱུར་བར་བཤད།
​ཉེ་རབས་ཀྱི་ལོ་རྒྱུས་སྨྲ་བ་འགས་ལ་དྭགས་སུ་མི་རིགས་གསུམ་བྱུང་བར་བཤད་དེ། དང་པོ་ནི་མོན་ཡུལ་ནས་བྱུང་ཞིང་། གཉིས་པ་ནི་སོག་པོ། གསུམ་པ་ནི་འབྲོག་པ་བཅས་ཡིན་ཟེར། དེ་དག་ལས་མོན་པ་དག་ནི་གར་ཤ་ནས་བྱུང་བར་བཤད་ཅིང་། འབྲོག་པ་ནི་ཨར་ཡན་ཏེ་འཕགས་རིགས་བྱ་བ་དེ་ཡིན་ཟེར། དེ་རྗེས་བོད་ནས་སོག་རིགས་རྣམས་བྱུང་སྟེ་སྔ་མ་དག་དང་གཡུལ་སྤྲད་དེ་དབང་བསྒྱུར་བྱས་ཤིང་། མོན་རྣམས་གཡོག་ཏུ་བཀོལ་ཏེ་ལས་ཕལ་བ་དག་བྱེད་བཅུག་པས། དེང་སང་ཡང་ལ་དྭགས་པས་མོན་པ་རྣམས་རིགས་ངན་དུ་ལྟ་བ་ཡང་དེ་ནས་བྱུང་བ་ཡིན་ཟེར།
༤] ལ་དྭགས་སུ་ནང་ཆོས་དར་ཚུལ།
​ལོ་ཆེན་རིན་ཆེན་བཟང་པོས་ ༩༥༨ -༡༠༥༥ ཁྲིག་སེ་ཉར་མ་དང་། ཏོག་གི་ཆོས་འཁོར། གླེའི་ཆོས་འཁོར་བཅས་ཕྱག་འདེབས་མཛད་ཅིང་། དུས་གཅིག་ལ་རབ་གནས་མཛད། བྱུང་རབས་ཀྱི་ངོས་ནས་བལྟས་ན་ལ་དྭགས་སུ་གསུང་རབ་འཆད་ཉན་དར་བའི་དགོན་པ་རྙིང་ཤོས་ནི། ལོ་ཆེན་གྱིས་ཕྱག་བཏབ་པའི་ཁྲིག་སེའི་ཉར་མ་ཡིན་པར་སྣང་།
​ཉེ་རབས་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་བཤད་ན། ཕྱི་ལོའི་སྔོན་གྱི་ ༢༢༣ ལ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ནང་ཆོས་རྒྱ་གར་དུ་དར་སྤེལ་མཛད་ཅིང་། དེ་སྐབས་ཁ་ཆེའི་ཡུལ་བརྒྱུད་དེ་མར་ཡུལ་གྱི་སའི་ཆ་ [ དཀར་འཁྱིལ། ] སུ་རུ་དཀར་རྩེར་ནང་པའི་གཙུག་ལག་ཁང་ཞིག་བཞེངས་པའི་བཤད་སྒྲོས་ཤིག་ཡོད་ཀྱང་། དེའི་ནང་དགེ་འདུན་གྱི་སྡེ་བྱུང་མིན་དང་། འཆད་ཉན་ཚུགས་མིན་གྱི་ཁུངས་ཞིབ་རྩད་མ་ཆོད་པས་ཤེས་ལྡན་དག་གིས་དཔྱད་པར་འཚལ།
​ད་ལྟའི་ཆར་ལ་དྭགས་སུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཆ་དར་ཡོད་ཅིང་། དེའི་ཁྲོད་ཀྱི་བརྒྱ་ཆ་དྲུག་ཅུ་ཙམ་ནི་འབྲུག་པ་བཀའ་བརྒྱུད་པ་ཡིན། དེ་ནས་དགེ་ལྡན་པ་དང་། འབྲི་གུང་བཀའ་བརྒྱུད་གཉིས་གང་འཚམས་དང་། ས་རྙིང་གཉིས་ལ་ནི་དགོན་པ་གཅིག་རེ་མེད་པར་སྣང་།
༥] རྒྱལ་ས་གླེ།
​གླེ་ཞེས་པའི་དོན་ནི། སྐྱེད་ཚུལ་ཆུང་ངུའི་མིང་ཡིན་ཞིང་། ཧ་ཅང་སྐྱ་ཞད་ཆེ་བའི་ལ་དྭགས་ཀྱི་ས་བབས་སྤྱིའི་ཆ་ནས་བཤད་ན། ས་འདི་ནི་ལྡུམ་ར་ཞིག་དང་མཚུངས་པས་གླེ་ཞེས་བཏགས་པ་འདྲ། གླེ་ནི། ལ་དྭགས་ཀྱི་ད་ལྟའི་རྫོང་ཆེ་ཤོས་དེ་ཡིན་ལ། འདིར་ལ་དྭགས་ཀྱི་དགོན་རྙིང་དང་། གནའ་མཁར། གྲོས་ཚོགས་ཁང་དང་། སློབ་ཆེན། དཔེ་མཛོད། འགྲེམ་སྟོན་ཁང་། ཟ་ཁང་། དངུལ་ཁང་། སྨན་ཁང་། གནམ་ཐང་། མགྲོན་ཁང་། ཉེན་རྟོག་ཁང་། ཁྲོམ་ར་སོགས་སྤྱི་ཚོགས་ཁྲོད་དགོས་ངེས་ཀྱི་གནའ་དེང་གི་སྡེ་ཚན་མང་པོ་ཞིག་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་ཡིན།
​སྲིད་འཛིན་ས་ཁུལ་གྱི་ངོས་ནས་བཤད་ན། རྒྱ་གར་གཞུང་གིས་ལ་དྭགས་དེ་རྫོང་ཁག་གཉིས་སུ་ཆ་བགོས་བྱས་ཡོད་ཅིང་། རྫོང་ཁག་གཅིག་ནི། དཀར་འཁྱིལ་ཡིན་ཚུལ་བ་ཀུ་ལ་རིན་པོ་ཆེའི་རང་རྣམ་དུ་བྲིས་ཡོད། གླེ་རུ་གནའ་བོའི་ལོ་རྒྱུས་ལྡན་པའི་རྒྱལ་ཁང་དང་། དགོན་པ། མཆོད་རྟེན་སོགས་ལོ་རྒྱུས་ལྡན་པའི་རིག་དངོས་མང་ནའང་། གང་འཚམས་རེ་དུས་རབས་རིམ་པའི་དམག་འཁྲུག་དང་། ཆབ་འབངས་འཐབ་རྩོད་ཀྱི་བརྒྱུད་རིམ་ནང་འཐོར་ཞིག་ཏུ་སོང་ཡོད་ཀྱང་། ད་ལྟ་ཡང་དེ་དག་གི་རྗེས་ཤུལ་མང་པོ་ཉམས་གསོ་དང་། རྒྱུད་འཛིན་བྱས་དང་བྱེད་བཞིན་པ་ང་ཚོས་མཇལ་ཐུབ།
​ཁྱོད་རང་ལ་དྭགས་ཀྱི་ས་ཆ་གང་དུ་སོང་ཡང་། གདོང་པ་འཛུམ་དམུལ་གྱིས་ཁེངས་པའི་ལ་དྭགས་པ་ཚོས་ལག་གཡས་པའི་ཐལ་མོས་གུས་ཞབས་དང་བཅས། ཇུ་ལེ་དང་། ཁམས་བཟང་ཡིན་ནམ། ཞེས་དང་། གལ་སྲིད་ཁྱོད་རང་གྲྭ་བཙུན་ཡིན་ཚེ་ཕྱག་འཚལ་ཞེས་པའི་ཡུལ་སྲོལ་གྱི་འཚམས་འདྲི་རེ་བྱེད་པ་ནི། ཁོང་ཚོའི་ཡ་རབས་ཀྱི་གཤིས་ཀ་ཞིག་ཏུ་གྱུར་ཡོད་ཅིང་། ཤུགས་རྐྱེན་དེས་སྐབས་རེར་ཕྱི་གླིང་གི་ཡུལ་སྐོར་བ་ཚོས་ཀྱང་། ཇུ་ལེ་ཞེས་ལ་དྭགས་པའི་འཚམས་འདྲིའི་ལད་ཟློས་བྱེད་ཀྱི་ཡོད།
༦] གལ་ཆེའི་རྒྱུན་ཤེས་ཁག་ཅིག
སྦྲགས་ཨང་། 194 101
ས་ཁུལ་ཆེ་ཁག གླེ་དང་། དཀར་འཁྱིལ། ཟངས་དཀར།
ས་ཁྱོན། སྤྱི་ལེ་གྲུ་བཞི་མ། 58,036 sq.kms
མི་འབོར། 2,20,000
སྐད་ཡིག ལ་དྭགས། བོད་སྐད། ཨུར་ཏུས། ཧིན་རྡུ། ཨིན་ཇི་བཅས།
ཆོས་ལུགས། ནང་པ། ཁ་ཆེ།
གངས་རི། ཀ་མ་ཀར་རམ།
མཚོ་དང་མཚེའུ། མཚོ་མོ་རི་རི། སྤང་མགོན་མཚོ།
གཙང་པོ། སེངྒེ་ཁ་འབབ། རྟ་མཆོག་ཁ་འབབ།
མཁའ་འགྲུལ། jet air ལྡི་ལི་ནས། གླེ་བར། ཉིན་རྒྱུན་གཉིས་རེ། Go air བཞི་རེ་དང་། air india གཟའ་འཁོར་རེར་གསུམ་རེ་བཅས་ཁྱོན་ཉིན་རེར་གནམ་གྲུ་བཅུ་གྲངས་ཡོད།
གལ་ཆེའི་འབྲེལ་གཏུགས་ཨང་གྲངས་ཁག
ཡུལ་སྐོར་སྣེ་ཤན་ལྟེ་གནས། 252097
གླ་བྱེད་རླངས་འཁོར། 252723
མངའ་སྡེའི་ལས་ཁུངས། 25210
སྨན་ཁང་། 252014
གནམ་ཐང་། 252723
རྒྱ་གར་མཁའ་འགྲུལ་ཁང་། 252076
ཇེ་ཏྲི་མཁའ་འགྲུལ་ཁང་། 250999
ཉེན་རྟོག་ཁང་། 252018
ཛ་དྲག་རླངས་འཁོར། 253629


༧] ཞི་བའི་ཚལ་དུ།
​དེ་རིང་སྟེ་དབྱར་ཟླ་ ༧ པའི་ལ་དྭགས་ཀྱི་རྒྱལ་ས་གླེ་ནི། གནམ་གཤིས་དང་། འགྲིམ་ལམ་གང་ལ་མཚོན་ན་ཡང་། རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་ཧ་ཅང་མང་པའི་སྐབས་ཡིན། ལ་དྭགས་ནི། བོད་ཀྱི་ནུབ་རྒྱུད་དུ་གཏོགས་ཤིང་། བྱུང་རབས་ཀྱི་ངོས་ནས་བོད་ཀྱི་བཙན་པོ་རིམ་བྱོན་གྱི་མངའ་འབངས་སྟོད་མངའ་རིས་སྐོར་གསུམ་གྱི་ནང་ཚན་ཡིན། གནས་འདིར་ད་ལྟ་ཡང་སངས་རྒྱས་ཀྱི་བསྟན་པ་ཧ་ཅང་དར་བར་མ་ཟད། སྤྱིའི་ཆ་ནས་ལ་དྭགས་བརྒྱ་ཆ་དགུ་བཅུ་ཙམ་ད་དུང་ཡང་ནང་ཆོས་ལ་དད་མོས་བྱེད་མཁན་ཡིན་པར་མ་ཟད། གནས་འདིའི་ལོ་རྒྱུས་དང་། མིག་སྔའི་ཡ་རབས་ཚུལ་མཐུན་གྱི་གཤིས་ཀ་སོགས་ཁྱད་ཆོས་མང་པོ་ཞིག་གིས་ཡུལ་སྐོར་བ་ཚོས་ Iittle tibet སྟེ་བོད་ཆུང་ཆུང་ཞེས་འབོད་བཞིན་པ་ནི་མིང་དོན་མཚུངས་པའི་ཚོར་སྣང་བྱུང་།
​​ང་ཚོ་ལ་དྭགས་སུ་འབྱོར་བའི་ཕྱི་ཉིན་དེར་སྟབས་ལེགས་ནས་༧གོང་ས་མཆོག་གིས་<< ཞི་བའི་ཚལ་ >> ཏུ་གླེ་མི་མང་ལ་གསུང་ཆོས་གནང་བཞིན་པའི་སྐབས་དང་ཕྲད་ཅིང་། ཉིན་དེར་སྤྱོད་འཇུག་ཆེན་མོའི་བཟོད་པའི་ལེའུ་གསུངས་གྲུབ་པ་དང་། མི་མང་སྟོང་ཕྲག་མང་པོར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བཀའ་དབང་སྩོལ་བཞིན་པ་ལེགས་པར་ཞུ་རྒྱུའི་སྐལ་བཟང་ཐོབ་པ་ནི། ཐེངས་འདིའི་ལ་དྭགས་ཀྱི་གནས་སྐོར་མགོ་མ་བཙུགས་སྔོན་རྟེན་འབྲེལ་ཆེན་པོ་བྱུང་། ༧གོང་ས་མཆོག་ནས་སང་ལོར་ཡང་ལུས་ཁམས་བདེ་ན་སྤྱོད་འཇུག་གི་གསུང་ཆོས་འཕྲོ་མཐུད་རྒྱུ་ཡིན་པའི་བཀའ་སྩལ་བར་མ་ཟད། བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པའི་བློ་སྦྱོང་ཚིག་བརྒྱད་མ་དང་འབྲེལ། གསུང་ཆོས་ར་བ་དེར་བཞུགས་པའི་ཀཤིསྨིར་གྱི་བློན་ཆེན་གཙོས་པའི་རྒྱ་གར་དང་ལ་དྭགས་ཀྱི་སྲིད་ཞུ་བ་ཚོས་ང་རྒྱལ་དང་། ཁེངས་སེམས་མེད་པར་མང་ཚོགས་ཀྱི་ཆེད་ཞབས་ཞུ་སྒྲུབ་དགོས་པའི་དཔེར། རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་དང་། ཨ་རིའི་མི་རིགས་ནག་པོའི་འཐབ་རྩོད་པ་མར་ཏྲིན་ལུས་ཏར་ཁན་སོགས་དཔེར་མཛད་དེ་གསུངས། གསུང་ཆོས་གྲུབ་པ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལ་དྭགས་ཀྱི་ཚོགས་སྡེ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས་ཏེ། རེ་ཞིག་གསུང་ཆོས་མཇུག་རྫོགས་པས་ང་ཚོ་ལ་དྭགས་མཚན་ཉིད་སློབ་གླིང་དུ་སོང་སྟེ་ཆོས་གྲོགས་ཚོ་དང་ལྷན་དུ་ངལ་གསོ་བྱས། ཕྱི་དྲོ།
༨] ཏོག་མཁར།
​གླེ་ཡི་ལྷོ་ནུབ་མཚམས་ཀྱི་རི་རྩར་ཡོད་པའི་ཏོག་ཏུ་སོང་། ས་དེར་ལོ་རྒྱུས་རང་བཞིན་ལྡན་པའི་ཏོག་རྒྱལ་ཁང་དང་། ཉེ་ལམ་ལ་དྭགས་དམག་ཟུར་ཚོས་གསར་བཞེངས་བྱས་པའི་སྟོན་པའི་སྐུ་བརྙན་ཆེན་པོ་ཕི་ཏྲི་ ༧༠ ཅན་ཡོད་ཅིང་། ཏོག་རྒྱལ་ཁང་ནི། ཡུལ་སྐོར་བའི་ས་གནས་གཙོ་བོ་ཡིན། རྒྱལ་ཁང་དེ་ནི། ཕྱི་ལོ་ ༡༨༢༥ ལོར་རྒྱལ་པོ་ཚེ་དབང་དོན་གྲུབ་རྣམ་རྒྱལ་གྱིས་བཞེངས་ཤིང་། གླེ་ཡི་རྒྱལ་ས་གཉིས་པ་ཡིན། ལ་དྭགས་པའི་ཡུལ་སྐད་ལྟར་ན། འདི་ལ་སི་ཏོག་ཅེས་པའི་སྒྲ་གདངས་མངོན་པས། ཨིན་ཇི་བ་ཚོས་འགྲུལ་ཡིག་ཁག་ཏུ་ཡང་ stok ཅེས་བྲིས་ཡོད། རྒྱལ་ཁང་འདི་ནི་རྒྱབ་ངོས་ནས་ཐོག་བརྩེགས་གསུམ་དང་། མདུན་ངོས་ནས་ཐོག་བརྩེགས་བཞི་ཅན་དུ་བྱས་ཡོད། རྒྱབ་ངོས་ནས་སྒེའུ་ཁུང་ཆེ་ཆུང་ཁྱོན་སོ་དགུ་བཟོས་པ་དེས་རྒྱལ་ཁང་ལ་དམིགས་བསལ་གྱི་མཛེས་ཉམས་ཤིག་བསྣན་ཡོད། རྒྱལ་ཁང་འདིའི་ནང་དུ་དེ་སྔོན་རྒྱལ་པོའི་དབང་བསྒྱུར་སྐབས་ཀྱི་ཐང་ག་རྙིང་པ་དང་། སྐུ་རྟེན། དམག་ཆས། ཐབ་ཆས་སོགས་འགྲེམ་སྟོན་བྱས་ཡོད་ཅིང་། ཐོག་བརྩེགས་བཞི་པར་རྒྱལ་པོའི་མཆོད་ཁང་ཡོད། ཨིན་ཡིག་ནང་ཁ་ཡིག་ལ་ Kings Grown ཞེས་དུས་རབས་བདུན་པར་བྱོན་པའི་བོད་རྗེ་བཙན་པོ་སྲོང་བཙན་གྱི་དབུ་ཞྭ་ཡིན་སྐད་དུ་བྲིས་པ་ཞིག་ཀྱང་རྒྱལ་ཁང་འདིར་བཞུགས་ཡོད་ཅིང་། ཡོངས་གྲགས་ཏོག་བཀའ་འགྱུར་ཟེར་བ་དེ་ཡང་ཏོག་གི་རྒྱལ་པོ་ཞིག་གི་སྐུ་དུས་སུ་འབྲུག་ནས་གདན་དྲངས་པར་བཤད། འོན་ཀྱང་། ད་ལྟའི་ཆར་རྒྱལ་ཁང་འདིའི་ནང་ཏོག་བཀའ་འགྱུར་བཞུགས་ཡོད་པའི་གནས་ཚུལ་མ་མཇལ།
ཉིན་གཉིས་པ།
​དེ་རིང་ཡང་། གནམ་སྔོ་ཞིང་། མཁའ་རླུང་གཙང་བར་མ་ཟད། ཞོགས་པ་ནས་མགྲོན་ཁང་གི་འགྲུལ་བ་གཞན་དག་མིང་གྲགས་ཅན་གྱི་སྤང་མགོན་མཚོར་གནས་སྐོར་སླད་ལམ་ལ་ཆས་བཞིན་འདུག ང་ཚོས་ཀྱང་ཆུ་ཚོད་བརྒྱད་པར་མགྲོན་ཁང་དུ་ཟ་མ་མངགས་ཏེ་སྣ་མང་མེ་ཏོག་གིས་བསྐོར་བའི་ལྡུམ་ར་ཆུང་ཆུང་དེ་ནས་ཞོགས་ཟས་ལ་རོལ་ཞིང་། དེ་རྗེས་ལ་དྭགས་མཚན་ཉིད་སློབ་གྲྭའི་དགེ་རྒན་གྲོགས་པོ་འཇམ་དབྱངས་ཀུན་བཟང་ལགས་ཀྱི་སྣེ་ཤན་འོག་གླེ་རུ་ཡོད་པའི་རྒྱལ་ཁང་དང་། རྣམ་རྒྱལ་རྩེ་མོ་གཉིས་ལ་ལྟ་སྐོར་དུ་སོང་།
༩] གླེ་ཆེན་དཔལ་མཁར།
​འདི་ནི་རྒྱལ་པོ་སེངྒེ་རྣམ་རྒྱལ་གྱིས་དུས་རབས་བཅུ་བདུན་པའི་ནང་བཞེངས། རྒྱལ་ཁང་འདི་ཐོག་བརྩེགས་དགུ་ལས་གྲུབ་ཡོད། དེང་སང་རྒྱལ་ཁང་ནང་གནའ་བོའི་རིག་གནས་ཤུལ་བཞག་མང་པོ་མེད་ནའང་། རྒྱལ་པོའི་ལྷ་ཁང་གི་རྟེན་གཙོ་ཐུབ་སྐུ་དང་། གདུགས་དཀར་ཅན་མའི་སྐུ་ཐོག་བརྩེགས་ཅན། གུ་རུ་པདྨ་སཾ་བྷ་ཝ་བཅས་ཀྱི་སྐུ་རྟེན་བཞུགས་ཤིང་། ལྷ་ཁང་གི་གཡས་ཕྱོགས་སུ་བཀའ་འགྱུར་སྡེ་དགེ་པར་རྙིང་མ་མང་པོ་དཔེ་སྒྲོམ་ནང་བཤམས་ཡོད། གཞན་ཡང་གསོལ་ཐབ། མཛོད་ཁང་སོགས་ཡོད། དེ་མིན་རྒྱལ་ཁང་གི་ཐོག་བརྩེགས་ཕལ་མོ་ཆེར་རྒྱ་གར་གྱི་གནས་རྩ་ཆེན་དག་གི་པར་རིས་དང་། ལ་དྭགས་ཀྱི་གནའ་བོའི་སྤྱི་ཚོགས་མཚོན་པའི་པར་རིས་འགའ་རེ་འགྲེམ་སྟོན་བྱས་པ་ལས། ཧ་ཅང་གལ་ཆེ་བའི་རིག་དངོས་རྙིང་པ་དག་མཇལ་རྒྱུ་མེད་ལ། རྒྱལ་ཁང་གི་ཕྱི་ནང་མང་པོ་ཞིག་ནི་ཉེ་རབས་ཡུལ་སྐོར་བ་དག་གི་ཆེད་རྒྱ་གར་གྱི་རིག་དངོས་དང་། གནའ་ཤུལ་རྙིང་པ་སྲུང་སྐྱོབ་ཚན་པས་བསྐྱར་གསོ་བྱས་པར་སྣང་། འོག་ཏུ་ཆིབས་ར་དང་། ཆུ་ལེན་སའི་གསང་ལམ་བཅས་ཡོད།
༡༠] བཟོ་བཀོད་དང་། རྒྱུ་ཆ།

​གླེ་རྒྱལ་ཁང་ནི། ཕལ་མོ་ཆེ་རྡོ་རྩིག་དང་། ཤིང་ལས་གྲུབ་ཅིང་། རྒྱལ་ཁང་གི་སྤེན་རྒྱན་དང་། གསེར་ཟམ། ལྕམ་ཤིང་། ཁ་མགོ སྒེའུ་ཁུང་། ཤམ་བུ། ཁྱམས་ར་བཟོ་སྟངས་སོགས་ནི་གནའ་བོའི་བོད་ཀྱི་ཁང་བཟོའི་སྒྱུ་སྩལ་རང་གི་ལུགས་སུ་ཡོད་ཅིང་། དེ་བས་ཀྱང་ཕལ་མོ་ཆེ་ནི་བོད་ཀྱི་གནའ་བོའི་གཙུག་ལག་ཁང་གི་བཟོ་དབྱིབས་སུ་སྣང་། རྒྱུ་ཆ་གཙོ་བོ་རྡོ་དང་། ཤིང་གཉིས་ལས་གྲུབ་ཡོད་ཅིང་། ལ་དྭགས་ཀྱི་གཙུག་ལག་ཁང་དང་། མཁར་མང་ཆེ་བའི་རྒྱུ་ཆ་ཡང་དེ་ག་རང་ཡིན།
༡༡] རྣམ་རྒྱལ་རྩེ་མོ།
​གླེ་རྒྱལ་ཁང་གི་ཐད་ཀའི་རི་རྩེར་ཆགས་ཡོད་ཅིང་། ཕྱི་ལོ་ ༡༤༣༠ ཙམ་ལ་བཞེངས་པར་བཤད། འདི་ནི་བཟོ་དབྱིབས་ཀྱི་ཆ་ནས་བོད་ཀྱི་བཙན་པོའི་སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་དང་འདྲ་བོ་ཡོད། དུས་རབས་རིམ་བྱོན་ནང་ཉམས་ཆག་མང་དུ་སོང་ཞིང་། ད་ལྟའི་ཆར་འདིའི་རྩེ་ལྷ་ཁང་ནང་དུ་རྟེན་གཙོ་བོ་རྒྱུ་ས་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུ་ཐོག་བརྩེགས་གཅིག་ཙམ་དང་། རྣམ་རྒྱལ་མའི་སྐུ་ཆུང་ངུ་སོགས་བཞུགས། སྔ་དགོང་གང་རུང་ལ་རི་རྩེར་སོང་ན། གནམ་གཤིས་ཀྱི་དྲོད་ཚད་འཇམ་ཞིང་། དེ་མིན་ཉིན་གུང་ཚ་དྲོད་ཀྱིས་ཅུང་དཀའ་ཙམ་ཡོད། ལྷ་ཁང་རྩེ་ནས་བལྟས་ན། གླེའི་གྲོང་ཁྱེར་ཙམ་མ་ཟད། ཕྱོགས་བཞིའི་ཁོར་ཡུག་ཕལ་ཆེར་ལག་མཐིལ་ཏུ་བཞག་པ་ལྟ་བུར་ཡོད་པས། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོ་གླེ་གྲོང་ཁྱེར་ནས་རི་ངོས་ཀྱི་རྐང་ལམ་ཕྲ་མོ་བརྒྱུད་དེ་རྩེ་མོའི་མཐོང་རྒྱ་ལོངས་སྤྱོད་པར་ཡོང་གི་ཡོད།
༡༢] ཤེལ་དཀར་ཕོ་བྲང་།
​འདི་ནི་གླེ་ནས་སྤྱི་ལེ་ ༡༦ སར་ཡོད་ཅིང་། ཕྱི་ལོའི་དུས་རབས་ ༡༧ པར་བཞེངས། འདིའི་ནང་རྒྱུ་གསེར་ཟངས་ལས་གྲུབ་པའི་རྟེན་གཙོ་བོ་སྟོན་པའི་སྐུ་འདྲ་ཐོག་བརྩེགས་གསུམ་ཅན་བཞུགས་ཤིང་། དེ་ནི་རྒྱལ་པོ་སེངྒེ་རྣམ་རྒྱལ་གྱི་སྐལ་ལྡན་དུ་བཞེངས་པར་བཤད། གཙུག་ལག་ཁང་གི་གཡོན་ཕྱོགས་ཀྱི་མཁར་ཤུལ་རྙིང་པ་དེ་ནི། ལྷ་ཆེན་དཔལ་མགོན་གྱིས་བཞེངས་པའི་མཁར་ཤུལ་ཡིན་ཟེར། ཅི་ཙམ་རྙིང་མིན་མ་ཤེས་ཀྱང་ཐུབ་དབང་ལྷ་ཁང་གི་ཟུར་ན་མཆོད་རྟེན་ཆེན་མོ་ཞིག་བཞེངས་ཡོད། ཕོ་བྲང་གི་མདུན་སར་མཚེའུ་ཧ་ཅང་གཙང་མ་ཞིག་ཡོད་ཅིང་། གཙུག་ལག་ཁང་འདིའི་གཡས་གཡོན་གྱི་རྗེས་ཤུལ་ལ་བལྟས་ན་དེ་སྔོན་ཧ་ཅང་དར་རྒྱས་བྱུང་སྣང་ཡང་། ད་ལྟ་ནི་ཉམས་ཆགས་ཀྱི་རྗེས་ཤུལ་འགའ་རེ་ཞིག་གསོ་བྱས་པ་ཙམ་ལས་ཆེར་མེད། མཚེའུ་དང་ཉེ་བའི་ལམ་འགྲམ་གྱི་བྲག་ངོས་སུ་རྒྱལ་བ་རིགས་ལྔ་རྡོ་བརྐོས་བྱས་པ་ནི། སྐྱིད་སྡེ་ཉི་མ་མགོན་གྱིས་ས་རྟགས་སུ་བཞེངས་པར་བཤད། འདི་ནས་ཅུང་ཙམ་ཡར་སོང་ན། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དང་ཧ་ཅང་འདྲ་བའི་མཆོད་རྟེན་ཉིས་ཐོག་ཙམ་ཞིག་ཡོད་ཅིང་། དེ་ནི་སྔོན་བལ་བོའི་བཟོ་བ་དག་གིས་དྲན་རྟེན་ཆེད་བཞེངས་པར་བཤད།
༡༣] ཁྲིག་སེ་དགོན་པ།
​འདི་ནི་གླེ་ནས་སྤྱི་ལེ་ ༡༩ སར་ཡོད་ཅིང་། ཆོས་བརྒྱུད་དགེ་ལྡན་པ་ཡིན། དགོན་པའི་མཚན་ཆ་ཚང་ལ་ཚུལ་ཁྲིམས་རྣམ་དག་གླིང་ཞེས་འབོད། འདི་ནི་རྗེའི་དངོས་སློབ་ཤེས་རབ་བཟང་པོས་ཕྱི་ལོའི་དུས་རབས་ ༡༦ པའི་ནང་ཕྱག་འདེབས་མཛད། དགོན་པའི་གཙུག་ལག་ཁང་གི་ནང་རྟེན་གཙོ་བོ་བྱམས་ཆེན་དང་། སྒྲོལ་མ་ལྷ་ཁང་སོགས་བཞུགས། དགོན་པ་འདིའི་བྱམས་སྐུ་ནི་ཕྱི་ལོ་ ༡༩༨༠ ལོར་གསར་བཞེངས་བྱས་ཤིང་། བལྟ་བའི་ཆོག་མི་ཤེས་པའི་བྱམས་སྐུ་འདིའི་མཚན་དཔེར་༧གོང་ས་མཆོག་གིས་ཀྱང་བསྔགས་བརྗོད་གནང་ཡོད། སེངྒེ་གཙང་པོའི་གཡས་ཕྱོགས་སུ་ཆགས་ཡོད་ཅིང་། རྒྱང་ནས་བལྟས་ན་ཕོ་བྲང་པོ་ཏ་ལའི་རྣམ་པ་ལྟ་བུར་མཛེས་ཉམས་དང་གཟི་བརྗིད་ཀྱིས་ཁེངས་ནས་ཡོད། དགོན་འདིའི་ཆོས་ཕྱོགས་ཀྱི་དུས་ཆེན་ཆེ་ཤོས་ནི། ཁྲིག་སེ་དགུ་གཏོར་ཡིན་པར་བཤད།
༡༤] གུར་མགོན་ཁང་།
གླེ་རྒྱལ་མཁར་གྱི་གཤམ་འོག་དེར་མགོན་ཁང་ཞིག་ཡོད་ཅིང་། དེ་ནི་ལ་དྭགས་ས་སྐྱ་དགོན་པའི་འཛིན་སྐྱོང་འོག་ཡོད། གུར་གྱི་མགོན་ཁང་འདིར་ནང་པ་ཙམ་མིན་པར་ལ་དྭགས་ཁ་ཆེ་བ་ཚོས་ཀྱང་ཡིད་ཆེས་ཀྱིས་སྐབས་མང་པོར་གསེར་སྐྱེམས་འབུལ་སྲོལ་ཡོད་ཟེར།

༡༥] མང་སྤྲོ་དགོན་པ།
​དགོན་པ་འདི་ནི། གླེ་ནས་སྤྱི་ལེ་ ༢༦ གི་སར་ཡོད་ཅིང་། དུས་རབས་བཅོ་ལྔ་པའི་ནང་ས་སྐྱའི་བླ་བསྐོས་དྲུང་པ་རྡོ་རྗེ་དཔལ་བཟང་གནས་འདིར་ཕེབས་ཏེ། སྒོ་མོ་ཆེ་བྲག་ཕུག་ཏུ་བསྙེན་མཚམས་ལ་བཞུགས་ཤིང་། དེ་རྗེས་མང་སྤྲོ་དགོན་ཕྱག་བཏབ། འདི་ནི་ལ་དྭགས་ཀྱི་ས་སྐྱའི་དགོན་པ་གཅིག་པུ་དེ་ཡིན། མཚན་ཆ་ཚང་ལ་མང་སྤྲོ་དགོན་ཐུབ་བསྟན་ཤ་འཁོར་གླིང་ཞེས་འབོད། ས་སྐྱ་ངོར་ལུགས་སུ་གཏོགས་ཤིང་། གཙོ་བོ་ངོར་གྱི་མཁན་ཞབས་རྣམ་པའི་གཟིགས་རྟོགས་འོག་ཡོད། དགོན་འདིར་གཙུག་ལག་ཁང་གསར་རྙིང་གཉིས་དང་། ཀུན་རིག་ལྷ་ཁང་དང་། མགོན་ཁང་། བཀའ་འགྱུར་ལྷ་ཁང་། དཔེ་མཛོད་ཁང་། འགྲེམ་སྟོན་ཁང་སོགས་ཡོད་ཅིང་། འགྲེམ་སྟོན་ཁང་གསར་པ་ཞིག་གཙུག་ལག་ཁང་རྒྱབ་ངོས་སུ་གསར་བཞེངས་བྱེད་ཀྱི་ཡོད། རོང་བཙན་གྱི་སྐུ་རྟེན་དང་། མང་སྤྲོའི་གུར་ལྷ་བརྒྱད་ཀྱི་འཆམ་དེར་ལ་དྭགས་སུ་མང་སྤྲོའི་ནག་རིང་ཞེས་གྲགས་ཧ་ཅང་ཆེ་ཞིང་། ཉིན་དེར་རོང་བཙན་དཀར་ནག་གཉིས་ཀྱང་ཕེབས་སྲོལ་ཡོད།
༡༦] མང་སྤྲོའི་མཁར།
​འདི་ནི་ཕྱི་ལོ་ ༡༨༤༢ ཙམ་ལ་བཞེངས། མཁར་ཏོག་རྒྱལ་པོའི་སྲས་བསྟན་སྲུང་གཡུལ་རྒྱལ་གྱི་ཆེད་སྐྲུན་པར་བཤད། མཁར་འདི་ཐོག་བརྩེགས་གསུམ་ཅན་ཡིན་ཞིང་། དེ་སྔོན་གྱི་ཞིག་རོ་ད་ལྟ་བསྐྱར་གསོ་བྱས་པ་ཙམ་ལས་ནང་དུ་རིགས་དངོས་རྙིང་པ་འགྲེམ་སྟོན་གྱི་རིགས་ཅི་ཡང་མེད། འོན་ཀྱང་། འདིའི་ནང་དུ་དགའ་ལྡན་ཁྲི་ཐོག་ ༡༠༢ པ་རི་རྫོང་རིན་པོ་ཆེ་སྐུ་བལྟམས་ཤིང་། གནས་ཡིག་འགར་ཉིད་ཀྱི་སྐུ་ཞང་ལ་དྭགས་པར་ཆོས་སྲིད་གཉིས་ཐད་ནས་བཀའ་དྲིན་ཅན་གྱི་བླ་མ་སྐུ་ཞབས་བ་ཀུ་ལ་རིན་པོ་ཆེ་ཡང་མང་སྤྲོའི་མཁར་འདིར་འཁྲུངས་པར་བཤད། དེ་ལྟ་ན་མཁར་འདི་ནི་ཉེ་རབས་ཀྱི་དབང་དུ་བྱས་རུང་ལོ་རྒྱུས་མི་སྣ་འགངས་ཆེན་གྱི་ཕ་གཞིས་སུ་གྱུར་ཡོད།
༡༧] ཧེ་མི་དགོན།

ཧེ་མི་ནི་གནས་ཀྱི་མིང་ཡིན་ཞིང་། རྗེ་རྒོད་ཚང་བའི་སྒྲུབ་གནས་ཡིན། འདི་ནི་གླེ་ནས་སྤྱི་ལེ་ ༤༨ སར་ཡོད་ཅིང་། ངོ་མཚར་བའི་བྲག་ལུང་ཞིག་ཏུ་ཆགས་ཡོད། ཕྱི་ལོ་ ༡༦༣༠ ལོར་ཆོས་རྒྱལ་སེངྒེ་རྣམ་རྒྱལ་གྱིས་རྒྱབ་གཉེར་འོག་སྟག་ཚང་སྐུ་ཕྲེང་དང་པོས་ཕྱག་འདེབས་མཛད། སྟག་ཚང་སྐུ་ཕྲེང་དང་པོ་ནི་ས་སྐྱ་འཁོན་གྱི་གདུང་ཡིན། ཡབ་ཀྱིས་ཕ་མེས་ཀྱི་ཆོས་ལ་ཞུགས་ཞེས་གདམས་མོད། ཨ་མར་གཟིགས་རྟོགས་ཆེད་ས་སྐྱར་མ་བྱོན་པར་སྣང་། དགོན་པའི་མཚན་ཆ་ཚང་ལ་བྱང་ཆུབ་བསམ་གཏན་གླིང་ཞེས་འབོད། ཆོས་བརྒྱུད་འབྲུག་པ་བཀའ་བརྒྱུད། བསྟན་བདག་ནི་སྟག་ཚང་སྐུ་ཕྲེང་རིམ་བྱོན་ཡིན་ནའང་། སྟག་ཚང་བོད་ནས་ཞབས་སོར་འཁོད་མ་ཐུབ་པས། དེང་སང་ནི་འབྲུག་ཆེན་རིན་པོ་ཆེའི་གཟིགས་རྟོགས་འོག་ཡོད། ལ་དྭགས་ཀྱི་དགོན་པ་ཆེ་ཤོས་དེ་ཡིན། འོན་ཀྱང་དགོན་འདིར་སྒྲུབ་གྲྭ་གཙོ་བོར་གཉེར་བ་ལས་མཚན་ཉིད་ཀྱི་གྲྭ་མེད་པར་སྣང་། ཧེ་མིའི་དུས་མཆོད་ཀུན་ལས་སྦྲེལ་ལོའི་ཚེས་བཅུའི་དུས་མཆོད་དེ་གྲགས་ཆེ་ཞིང་། དེ་སྐབས་གལ་ཆེའི་སྐུ་རྟེན་ཚང་མར་མཇལ་ཁ་ཡོད། དེང་སང་དགོན་པ་འདིའི་སྐུ་རྟེན་དང་། རིགས་དངོས་རྙིང་རིགས་འགྲེམ་སྟོན་ཁང་བཟོས་ཏེ་ཡུལ་སྐོར་བ་ཚོར་མཇལ་ཁ་གཏོང་གི་ཡོད་ཅིང་། དགོན་པ་གང་ཡིན་རུང་ཆེ་ཆུང་ཙམ་མ་ཟད་རིགས་དངོས་འགྲེམ་སྟོན་ཁང་རེ་ཟུར་འཛུགས་བྱས་ཡོད་པ་དེ་ལ་དྭགས་དགོན་པ་ཕལ་ཆེ་བའི་ལུགས་སྲོལ་ཞིག་ཏུ་གྱུར་ཡོད།
༡༨] སྟག་སྣ་དགོན།
​འདི་ནི་གླེ་ནས་སྤྱི་ལེ་ ༢༥ སར་སེངྒེ་ཁ་འབབ་ཀྱི་ཕར་ངོའི་བྲག་རྩེར་ཆགས་ཤིང་། ཆོས་བརྒྱུད་འབྲུག་པ་བཀའ་བརྒྱུད་ཡིན། དུས་རབས་བཅུ་དྲུག་པའི་ནང་ཆོས་རྗེ་སྨུག་འཛིན་འབྲུག་ནས་ཕེབས་ཏེ་ཕྱག་བཏབ། དགོན་འདིས་ཀྱང་རིགས་དངོས་རྙིང་པ་དག་སྲུང་སྐྱོབ་ཆེད་འགྲེམ་སྟོན་ཁང་བཟོས་ཡོད་ཅིང་། དགོན་འདིའི་བསྟན་བདག་ལ་གནང་བའི་ཀུན་གཟིགས་པཎ་ཆེན་གྱི་བཀའ་ཤོག་རྙིང་མ་དེ་འདྲ་མཇལ་རྒྱུ་ཡོད། དགོན་འདིར་ཙན་དན་ལས་གྲུབ་པའི་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐུ་དང་། ཞབས་དྲུང་རང་ཉིད་ཀྱིས་འབྲུག་ནས་གདན་དྲངས་པའི་སྣར་ཐང་བཀའ་འགྱུར་སོགས་བཞུགས་ཡོད།
༡༩] རི་རྫོང་དགོན་པ།
​འདི་ནི་གླེ་ནས་སྤྱི་ལེ་ ༦༢ གྱི་སར་བྲག་རྫོང་ཤིན་ཏུ་དོག་མོ་ཞིག་ཏུ་ཆགས་ཡོད་ཅིང་། ཆོས་བརྒྱུད་ནི་དགེ་ལྡན་པ་ཡིན། འདི་ནི་ལ་དྭགས་ཀྱི་དགོན་པ་གསར་གྲས་ཤིག་ཡིན་ནའང་། འདི་ནས་ཉེ་བའི་དུས་རབས་ནང་ལ་དྭགས་པ་ཞིག་དགའ་ལྡན་ཁྲིར་ཕེབས་ཐུབ་པ་ཐོག་མ་དེ་ཆགས་ཡོད། དེ་ནི་ལ་དྭགས་ཀྱི་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེའི་སྐུ་ཚ་སྟེ་རི་རྫོང་རིན་པོ་ཆེ་ཡིན་ཞིང་། རིན་པོ་ཆེ་ནི་དགོན་པ་འདིའི་བསྟན་བདག་ཡིན། ད་ལྟའི་ཆར་དགེ་འདུན་པ་སུམ་ཅུ་ཙམ་དང་། དགོན་པའི་མར་གཤམ་དུ་བཙུན་དགོན་ཆུང་ངུ་ཞིག་ཡོད་པ་དེར་བཙུན་དགོན་ཞིག་ཀྱང་ཡོད།
༢༠] ལོ་ཆེན་རིན་ཆེན་བཟང་པོ།
​ཁོང་ནི། ཕྱི་ལོ་ ༩༥༨ ལོར་མངའ་རིས་གུ་གེར་འཁྲུངས་ཤིང་། དགུང་ལོ་ ༩༨ པ་ཕྱི་ལོ་ ༡༠༥༥ ལོར་གཤེགས། སྐུ་ན་ཆུང་དུས་ནས་རྒྱ་གར་དུ་ཕེབས། བླ་མ་མང་པོ་བསྟེན་ནས་གསན་བསམ་རྒྱ་ཆེར་མཛད། ལོ་ཙཱ་བསླབ་ཏེ་བཀའ་བསྟན་གྱི་ཆོས་ཚན་བརྒྱ་དང་བརྒྱད་ཙམ་བསྒྱུར། བོད་དུ་འགྱུར་གསར་པའི་ལོ་ཙཱ་བ་ཐོག་མ་ཡིན། དུས་རབས་བཅུ་གཉིས་པའི་ནང་གི་ལོ་ཙཱ་བ་ཀུན་གྱི་ཚབ་མཚོན་ལྟ་བུར་གྱུར་ཞིང་། ཁོང་གི་ཤུགས་རྐྱེན་གྱིས་ལོ་བརྒྱ་ཕྲག་གཉིས་ཙམ་རིང་མངའ་རིས་སྐོར་གསུམ་དུ་བཤད་སྒྲུབ་ཀྱི་བསྟན་པ་ཤུགས་ཆེར་དར་ཡོད། ཨ་ལྕིའི་གནས་འདིར་ཁོང་གི་མཁར་དབྱུག་ས་ལ་བཙུགས་ནས་རྟེན་འབྲེལ་བརྟགས་པ་ན། དེར་ལོ་མ་སྐྱེས་ཏེ་སྡོང་རྒན་དུ་གྱུར་པ་ཡིན་སྐད་ཅིག་ད་ལྟ་མཇལ་རྒྱུ་ཡོད། ལོ་ཆེན་རིན་ཆེན་བཟང་པོའི་སྐྱེ་སྤྲུལ་དུ་གྲགས་པ་ཞིག་དེང་སང་སྤྱི་སྟི་ན་བཞུགས་ཡོད། ལོ་ཆེན་འདིའི་དུས་སྐབས་སུ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་རྒྱ་གར་དང་། ཁ་ཆེའི་ཡུལ་ནས་ལོ་ཙཱ་བ་དང་པཎྜིཏ་མང་པོ་གདན་འདྲེན་ཞུས་ཏེ་ལོ་ཆེན་གྱི་ཡིག་འགྱུར་ཐད་གཞོགས་འདེགས་ཆེན་པོ་གནང་། ཁྱད་པར་དུ་ཕྱི་ལོ་ ༡༠༤༢ ལོར་མཉམ་མེད་ཇོ་བོ་ཆེན་པོ་མཐོ་ལྡིང་དུ་གདན་འདྲེན་ཞུས་ཤིང་། ཇོ་བོ་ཆེན་པོ་མངའ་རིས་སུ་ལོ་གཉིས་རིང་བཞུགས་སྐབས་ལོ་ཆེན་རིན་ཆེན་བཟང་པོ་ཇོ་བོའི་ཐུགས་སྲས་གཙོ་བོར་གྱུར། ཇོ་བོ་ཆེན་པོའི་ཞལ་ནས། ཁྱོད་ལོ་ཙཱར་མཁས་གྲགས་ཆེ་བས་ངའི་གསུང་སྒྱུར་མཛད་རོགས་ཞུས་པར། ལོ་ཆེན་གྱི་ཞལ་ནས། ཇོ་བོ་ཆེན་པོ། བདག་ནི་རང་ལོ་བརྒྱད་ཅུར་ཐལ། ད་ནི་ལྕེ་མི་གསལ་བས་ཆོས་ཀྱི་སྒྲ་དག་པོ་མི་ཡོང་གསུངས་ཏེ་དགོངས་ཞུ་མཛད་པར་ཇོ་བོ་ཐུགས་མུག་པའི་ལོ་རྒྱུས་ཡོད།
༢༡] ཨ་ལྕི་ཆོས་འཁོར།
​གནས་འདི་ནི་གླེ་ནས་སྤྱི་ལེ་ ༦༩ སར་སེངྒེ་ཁ་འབབ་དང་། རྟ་མཆོག་ཁ་འབབ་མཉམ་འདུས་བྱས་ཏེ་བཞུར་གྱིན་པའི་གཙང་འགྲམ་ན་ཆགས་ཡོད་ཅིང་། ལོ་ཆེན་རིན་ཆེན་བཟང་པོའི་རྟེན་འབྲེལ་བརྟགས་པ་ལྟར་དངོས་སློབ་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་། སློབ་དཔོན་ཚུལ་ཁྲིམས་འོད་གཉིས་ཀྱིས་ཕྱག་བཏབ་པར་བཤད་མོད་ཀྱང་། རིན་ཅེན་ལྷ་ཁང་གི་རྩིག་ངོར་བྲིས་པའི་ཡི་གེ་ལས་ལྷ་ཁང་འདི་དག་བཞེངས་པ་པོ་ནི། ལོ་ཆེན་གྱིས་བཞེངས་པའི་ཉར་མའི་གཙུག་ལག་ཁང་ནས་ཐོས་བསམ་གྱིས་མཁས་པར་གྱུར་ཅིང་། མཚན་ལ་སྐལ་ལྡན་ཤེས་རབ་བྱ་བ་ཞིག་གིས་བཞེངས་ཚུལ་ བྲིས་ཡོད།
​མར་ཡུལ་ན་ལོ་ཆེན་གྱི་དུས་སྐབས་སུ་བཞེངས་པའི་གཙུག་ལག་ཁང་འགའ་ཞིག་ཡོད་ཀྱང་། དུས་རབས་རིམ་པའི་ནང་ཉམས་ཆག་ཆེར་མ་བྱུང་བ་དང་། གྲགས་ཆེ་བ་ནི། ཨ་ལྕི་ཆོས་འཁོར་འདི་ཡིན་པར་སྣང་། ཡུལ་འདིར་ཤང་རོང་དང་། ཡུལ་འཁོར། ཆོས་འཁོར། དགོན་པ་བཅས་ཚོ་ཁག་བཞི་ཡོད།
ཨ་ལྕིའི་གནས་གཙོ་བོ་ཁག་ནི། རིན་ཅེན་ལྷ་ཁང་། སུམ་བརྩེགས་ལྷ་ཁང་། ལོ་ཙཱ་བའི་ལྷ་ཁང་། འཇམ་དབྱངས་ལྷ་ཁང་། གཙུག་ལག་མདུན་གྱི་མཆོད་རྟེན་སོགས་ཡིན་ཞིང་། དེ་དག་གི་གྱང་རིས་ནི། རྒྱ་གར་ཁ་ཆེའི་ལུགས་སུ་བྲིས་པ་ཤ་སྟག་ཡིན། ཨ་ལྕིར་ཡོད་པའི་ལྷ་ཁང་དག་དེ་ཙམ་གཞི་རྒྱ་ཆེན་པོ་མིན་ནའང་། ནང་གི་རི་མོ་དག་བྲིས་པ་ཞིབ་ཆ་ཆེ་ཞིང་། སངས་རྒྱས་སྟོང་སྐུ་དང་། འཇམ་དབྱངས་རིགས་མང་པོ། སངས་རྒྱས་རིགས་ལྔ་། སྤྱན་རས་གཟིགས་དང་། བྱམས་པ་མགོན་པོ་ཕྱག་བཞི་པའི་སྐུ་ཤམ་གྱི་ངོས་སུ་ཤཱཀྱ་ཐུབ་པའི་མཛད་པ་བཅུ་གཉིས་བཞེངས་པ་སོགས་ཆོས་ལུགས་ཀྱི་བྱུང་རབས་དང་། སྒྱུ་རྩལ་གྱི་རི་མོ་སྤེལ་ཏེ་བྲིས་པ་ནི། བོད་ཀྱི་མེས་པོ་གོང་མ་ཚོས་རང་གི་དད་མོས་དང་། སྒྱུ་རྩལ། ཟབ་ཡངས་ཀྱི་ཤེས་རིག་ལ་བརྩི་བཀུར་བྱས་པའི་རྗེས་དྲན་གྱི་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར་ཡོད།
༢༢] ཨ་ལྕེའི་གྱང་རིས་དང་། དེའི་སྒྱུ་རྩལ་གྱི་ཁྱད་ཆོས།
​ཨ་ལྕེའི་གྱང་བྲིས་རི་མོ་དང་། འཇིམ་སྐུ་དག་ནི་ལ་དྭགས་ཀྱི་ཡུལ་འདིར་མི་ལོ་སྟོང་ཕྲག་ཡར་སྔོན་གྱི་ཤེས་རིག་དར་རིམ་དང་འབྲེལ་བ་ཡོད་ཅིང་། ཚོན་རྩི་དང་། འབྲི་རྩལ། འབྲི་ལུགས། རི་མོའི་གསོན་ཉམས། ལག་ལེན་སྐབས་རི་མོ་བའི་འཆར་ཡན་གྱི་ཆ་རང་དབང་གིས་བསྲེས་པ་ལྟ་བུར་སྣང་སྟེ། ཨ་ལྕིའི་གྱང་རིས་དག་ལ་ཞིབ་མཇལ་བྱས་ན། གྱང་རིས་དེ་དག་ནི་ཉེ་དུས་ཀྱི་རི་མོ་མཁན་ཞིག་གིས་སྒྱུ་རྩལ་དང་རྟོག་བཏགས་བསྲེས་པའི་ཤེས་རབ་ཀྱིས་གསར་དུ་བྲིས་པ་ལྟ་བུའི་གསོན་ཉམས་ཀྱིས་ཁེངས་ནས་ཡོད་པ་ལས། མི་ལོ་སྟོང་ཕྲག་སྔོན་གྱི་རི་མོ་ཞིག་ཡིན་པའི་ཚོར་བ་སློང་དཀའ་བར་འདུག
​དེ་ཡང་གྱང་བྲིས་རི་མོ་འདི་དག་ནི། གཙོ་བོ་རྒྱུ་ཆ་རྡོ་ཚོན་སྤྱད་དེ་བྲིས་ཡོད་ཅིང་། རི་མོ་མཁན་པོས་གང་ཞིག་བྲི་བར་བྱ་བའི་ཡུལ་གྱི་ལྷ་དང་དེའི་རྣམ་པར་ལྷ་བྲིས་པ་རང་ཉིད་ཀྱི་རང་དབང་སྤྱད་དེ་རྟོགས་བཟོ་དང་མཛེས་རྩལ་གཙོར་འདོན་བྱས་ཡོད་པས། སྲོལ་རྒྱུན་གྱི་རི་མོ་འབྲི་སྲོལ་གུ་དོག་པོའི་འཆིང་རྒྱ་ལས་རྦད་དེ་བརྒལ་བའི་སྣང་བ་འཆར་ཐུབ། གང་ལྟར་ལོ་རྒྱུས་སྨྲ་བ་དག་གིས་རི་མོ་འབྲི་ལུགས་འདིའི་མིང་ལ་གྷན་དྷ་རིའི་ལུགས་ཀྱི་རི་མོ་ཞེས་བྲིས་ཡོད།
དཔེར་ན།
​ལོ་དྲུག་དཀའ་བ་སྤྱད་པའི་རྣམ་ཐར་གྱི་གྱང་རིས་དེར་ང་ཚོས་དུས་རྒྱུན་གྱི་རི་མོ་སྟོན་པ་གཅིག་པུས་དཀའ་སྤྱད་གནང་བཞིན་པ་བྲིས་པ་ཙམ་མིན་པར། བསམ་གཏན་ལ་བཞུགས་པའི་སྟོན་པའི་གཡས་སུ་ཡོད་པའི་དཀའ་ཐུབ་པ་དེས་བསོད་སྙོམས་ཀྱི་མཐའ་སྤངས་ཏེ། ལུས་ཧ་ཅང་སྐམ་རིད་དུ་གྱུར་པས་ནི། ཚེ་སྲོག་འཚོ་དཀའ་བའི་གནས་སུ་ལྷུང་བ་སྟེ་ངལ་ཞིང་དུབ་པའི་མཐའ་མཚོན་ཞིང་། གཡོན་པས་ཟས་ལ་སྲེད་པ་བྱས་དྲགས་ཏེ་ལྟོ་བ་ཡང་ས་རུ་དྲུད་པ་དེས། འདོད་པ་བསོད་སྙོམས་ཀྱི་མཐའ་མཚོན་པ་བྱས་ཡོད་ཅིང་། དཀྱིལ་དུ་སྟོན་པ་རང་ཉིད་མཐའ་གཉིས་སྤངས་པའི་དབུ་མའི་ལམ་གྱི་འཚོ་བས་ཏིང་འཛིན་ལ་རྩེ་གཅིག་ཏུ་བཞུགས་པ་མཚོན་ཡོད་པས། གནས་བབ་མི་འདྲ་བའི་རི་མོ་གསུམ་གྱིས་སྟོན་པའི་རྗེས་སུ་འཇུག་པའི་དགེ་འདུན་དག་གི་འཚོ་བའི་བཞུད་ལམ་རྣལ་མ་དེ་གསལ་སྟོན་བྱས་ཡོད།
​ད་ལྟའི་ཆར་ཨ་ལྕིའི་གཙུག་ལག་ཁང་འདི་དག་ནི་རྒྱལ་ཁབ་ཀྱི་རིག་དངོས་རྙིང་པ་སྲུང་སྐྱོབ་ཚན་པ་དང་། ས་གནས་ཚོགས་པ་ཐུན་མོང་གིས་འཛིན་སྐྱོང་འོག་ཡོད་ནའང་། གྱང་རིས་མང་པོ་ཞིག་ནི་དུས་ཚོད་ཀྱི་དབང་གིས་ཧ་ཅང་མངོན་གསལ་མ་ཡིན་པའི་སྒོ་ནས་ཉམས་ཆག་གི་ལམ་བུར་འགྲོ་བཞིན་ཡོད་པ་ནི་ཞེ་ཕངས་པའི་གནས་ཡིན། ལོ་རྒྱུས་འགར་ཨ་ལྕི་ཞེས་མིང་ཐོགས་དོན་ནི། དེ་སྔོན་དམག་དཔུང་སླེབས་སྐབས་ཡ་ལན་དེ་ཙམ་མ་བྱས་པས། དམག་མི་ཚོས་ཨ་ལན་འདོན་པར་ལྕི་བ་ལ་ཞེས་པས་ཨ་ལྕི་ཞེས་ཐོགས་པར་བཤད་མོད་བདེན་མིན་ནི་མ་ཤེས།
༢༣] ལོ་ཙཱ་བ་རིན་ཆེན་བཟང་པོའི་སློབ་མ།
ཀ་བཞི་གདུང་བརྒྱད་སོགས་བགྲང་རྒྱུ་ཡོད་པ་ལས། ཁ་ཙེ་བ་རིན་ཆེན་ཤེས་རབ། སྐྱིན་ཝེར་བ་ཤེས་རབ་དམ་པ། ཁྱི་ཐང་བ་ཡེ་ཤེས་དཔལ། དོལ་པོ་བ་བྱང་ཆུབ་སྙིང་པོ་བཅས་ནི་ཀ་བ་བཞི་དང་། ཝ་ཟན་པ་ཡོན་ཏན་ལེགས་པ། སྣུ་བུ་ལོ་ཙཱ་བ་བཟང་མཆོག གུར་ཤིང་པ་བརྩོན་འགྲུས་རྒྱལ་མཚན། མ་ནམ་པ་ཚུལ་ཁྲིམས་སྙིང་པོ། དགེ་ཐང་པ་དཔལ་གྱི་བྱང་ཆུབ། སས་པ་བ་གསེར་བཟང་། ཝ་གོ་བ་ཡོན་ཏན་ཤེས་རབ། སེང་དཀར་བ་བསོད་ནམས་ཤེས་རབ་བཅས་ནི་གདུང་མ་བརྒྱད་ཡིན་ནོ། །
༢༤] ལོ་ཙཱ་བའི་དུས་སྐབས་ཀྱི་ལྷ་ཁང་ཁག
​ལོ་རྒྱུས་ལྟར་ན། དུས་རབས་བཅུ་གཉིས་པའི་ནང་ལོ་ཙཱ་བ་དགོངས་པ་རྫོགས་ནས་ལོ་ཉིས་བརྒྱ་ཙམ་ལ། མངའ་རིས་སྐོར་གསུམ་གྱི་ནང་དུ་རྒྱལ་བསྟན་ཤུགས་ཆེར་དར་ནའང་། དེ་རྗེས་དུས་དབང་གིས་བསྟན་པ་ཉམས་ཏེ་ད་ཆ་སྐབས་དེའི་རྟེན་རྙིང་དང་། གཙུག་ལག་ཁང་དག་ནི་ཕལ་མོ་ཆེ་གྱང་རོ་ཙམ་དུ་གྱུར་ཡོད་པར་མ་ཟད། ལོ་ཙཱ་བ་ཉིད་ཀྱི་ཞལ་སློབ་དག་གིས་བཞེངས་པའི་གདན་ས་དག་ཀྱང་མིང་ཙམ་དུ་གྱུར་ཟིན་པ་ལས་འདིར་དཔེ་མཚོན་ཅུང་རེ་བགྲང་ན། ཨ་ལྕིའི་ལྷ་ཁང་སོ་མའི་གྱང་རིས་སུ་མཁན་ཆེན་ཞི་འཚོ་དང་། སློབ་དཔོན་རིན་པོ་ཆེ་རྣམ་གཉིས་གཙོ་ལྷར་བཞེངས་པའི་ཁ་ཆེའི་བྲིས་མ།
​ཨ་ལྕི་ཚ་ཚ་པུ་རི་ཞེས་པའི་ལྷ་ཁང་གི་གྱང་ལྡེབས་སུ་དབུས་ན་རྡོར་དབྱིངས་ཀྱི་ཐུགས་འཁོར་དང་། དེའི་ཕྱོགས་བཞིར་སངས་རྒྱས་སྟོང་སྐུ་བཞུགས་པ། འདི་ཡང་ཁ་ཆེའི་བྲིས་མ་ཡིན། དེའི་ནང་དུ་བདེ་མཆོག་འཁོར་ལོ་དྲུག་བསྒྱུར་གྱི་དཀྱིལ་འཁོར་ཡང་བཞུགས་ཡོད།
ཝ་མདའ་ལྷ་ཁང་། འདིའི་ནང་རྟེན་གཙོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དང་། ཕྱག་བརྒྱད་པ་ཡིན།
​གཞན་ཡང་། ས་སྤོ་རྩེ་ལྷ་ཁང་དང་། གུ་རུ་ལྷ་ཁང་་སོགས་མང་དུ་ཡོད་ཅིང་། ད་ཡོད་ཨ་ལྕིའི་ལྷ་ཁང་གི་གྱང་ལྡེབས་སུ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་དང་། སྨན་བླ་བདེ་བཤེགས་བརྒྱད། མགོན་པོ་འོད་དཔག་མེད་སྲས་བྱང་སེམས་ཚོགས་ཀྱིས་བསྐོར་ནས་ཡོད་པ་བཅས་ཧ་ཅང་གསོན་ཉམས་དོད་པོས་བྲིས་ཡོད།
ཨ་ལྕིའི་སྒོ་ཞོལ་སྟེང་དུ་ཤིང་ལས་བརྐོས་པའི་རྡོར་སེམས་ཀྱི་སྐུ་བརྙན་ཆུང་ངུ་ཞིག་བཞུགས་ཡོད།
​སུམ་བརྩེགས་ལྷ་ཁང་གི་སྐུ་རྟེན་གཙོ་བོ་གཅིག་ནི། འཕགས་པ་སྤྱན་རས་གཟིགས་ཡིན་ཞིང་། དེ་ཉིད་ཕྱག་བཞི་པའི་རྣམ་པར་བཞེངས་ཡོད། དེའི་སྐུ་ཤམ་དུ་རི་མོ་སྣ་ཚོགས་བྲིས་ཡོད། སྐུའི་རིང་ཚད་ལ་ཕི་ཏྲི་ ༡༤ ཙམ་ཡོད་ཅིང་། སྐུ་མདོག་དཀར་པོ་དང་། ཕྱག་མཐིལ་དམར་ཞིང་། མགུལ་རྒྱན་དུ་མེ་ཏོག་སྔོ་དཀར་སྤེལ་མའི་ཕྲེང་བ་རིང་མོ་ཞིག་གིས་མཛེས་པར་བྱས་ཡོད།
​ལྷ་ཁང་དུ་འཇམ་དབྱངས་ཕྱག་བཞི་པ་བཞེངས་སྟབས་སུ་བཞུགས་པ་དང་། དེའི་སྐུ་སྨད་ཀྱི་ན་བཟར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་བྲིས་ཡོད།
​གཞན་ཡང་ལྷ་ཁང་དེར་རྗེ་བཙུན་བྱམས་པ་བཞེངས་སྟབས་སུ་བཞུགས་པ་དང་། དེའི་སྐུ་སྨད་ཀྱི་ན་བཟར་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་བྲིས་ཡོད།
​ལྷ་ཁང་དེའི་སྤྱན་རས་གཟིགས་ཀྱི་གཡས་ཕྱོགས་སུ་བཞེངས་པའི་འཕགས་མ་ཡུམ་ཆེན་མོའི་སྐུ་བརྙན་ཞལ་གཅིག་ལ་ཕྱག་དྲུག་ཅན་དེའི་ཞལ་རས་ནི་ཧ་ཅང་གྲགས་ཆེ་བ་ཞིག་ཡིན།
​ལྷ་ཁང་གི་གྱང་རིས་སུ་རྒྱ་གར་གྱི་པཎ་ཆེན་རྣམས་དང་། སྐབས་དེའི་བོད་ཀྱི་ལོ་ཙཱ་བ་མཚོན་པའི་རི་མོ་བྲིས་ཡོད་ཅིང་། སྐབས་དེའི་རི་མོ་ལས་བོད་ཀྱི་ལོ་ཙཱ་བ་དགེ་སྦྱོང་གི་རྟེན་ཅན་དག་ལ་སྐུ་འགག་རང་མ་ཡིན་པའི་སྟོད་གོས་ཅུང་དམར་ཞད་ཅན་ཞིག་བྲིས་ཡོད།
​ད་དུང་ལྷ་ཁང་དེར། ལོ་ཙཱ་བ་རང་ཉིད་ཀྱི་སྲུང་མ་རྡོ་རྗེ་ཕྱི་མོ་བྱ་བ་བྲིས་ཡོད་ཅིང་། དེའི་ཞལ་ནི་སྔོ་ནག་དང་། ཕྱག་གཡས་སུ་རྡོ་རྗེ་དང་། གཡོན་ཏུ་ཐོད་པ་བཟུང་ཡོད། རྒྱན་དང་ལྡན་པའི་རྟ་མཆོག་སྔོ་ནག་ལ་བཅིབས་ཤིང་སྐུ་རྒྱབ་ཏུ་རྨ་བྱའི་སྒྲོ་མདོངས་ལས་གྲུབ་པའི་སྟོད་གོས་བསྣམས་ཡོད།
ལོ་ཆེན་རིན་ཆེན་བཟང་པོ་ཁོང་སྒེར་ལ་སྲུང་མ་ཞིག་ཡོད་པ་དེས་སྐབས་དེའི་བོད་ཀྱི་ལོ་ཙཱ་བ་ཚོ་རྒྱ་གར་དུ་ཆོས་ལེན་པར་ཕེབས་རིམ་བཞིན། ལམ་གྱི་བར་ཆད་སེལ་བ་དང་། ཆོས་མཐུན་གྱི་བྱ་གཞག་ལམ་འགྲོ་ཡོང་སླད་རང་ཉིད་སྐུ་སྒེར་གྱིས་དམིགས་བསལ་ཆོས་སྲུང་རེ་བདམས་ནས་ཡོང་གི་ཡོད་པ་དེ་ཧ་ཅང་སྤྱི་འགྲོས་ཤིག་ཏུ་གྱུར་མེད་དམ་སྙམ།

༢༥] ཀླུ་འཁྱིལ་དགོན།
​འདི་ནི་གླེ་ནས་སྤྱི་ལེ་ ༥༢ གྱི་སར་ཡོད་ཅིང་། ཆོས་བརྒྱུད་དགེ་ལྡན་པ་དང་། བསྟན་བདག་ནི་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་ཡིན། ལ་དྭགས་དགོན་པ་སྤྱི་མཚུངས་ལྟར་དགོན་པའི་ནང་རྟེན་དང་། བཀའ་ཤོག་སོགས་རིགས་དངོས་རྙིང་པ་ཁག་འགྲེམ་སྟོན་བྱས་ཡོད་ཅིང་། ང་ཚོ་གནས་མཇལ་སྐབས་ཀྱང་འཇིགས་བྱེད་ཀྱི་སྒྲུབ་མཆོད་དབུ་འཛུགས་ཆེད་དགེ་འདུན་པ་བགྲེས་པ་འགས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་བཞིན་ཡོད། བསྟན་སྲུང་གཙོ་བོ་ནི་བསེ་ཁྲབ་ཡིན་ཞིང་། ལོ་རེའི་དུས་མཆོད་ཆེ་ཤོས་དེ་གཏོར་མོ་ཆེ་ཞེས་པ་དེ་ཡིན་པར་བཤད། དགོན་པའི་རྒྱབ་ཏུ་བྱམས་སྐུ་ཐོག་བརྩེགས་ཅན་ཧ་ཅང་ཆེན་པོ་ཞིག་ཡོད་པ་དེ་དུས་ཕྱིས་བཞེངས་པའི་ལ་དྭགས་ཀྱི་སྐུ་ཆེ་ཤོས་ཡིན་ཟེར།
༢༦] དཔེ་ཐུབ་དགོན།
འདི་ནི་རྒྱལ་ས་གླེ་ནས་སྤྱི་ལེ་ ༨ གྱི་སར་བྲག་རྩེ་ཧ་ཅང་ཉམས་དགའ་བ་ཞིག་ན་ཡོད་ཅིང་། ཆོས་བརྒྱུད་ནི་དགེ་ལྡན་པ་ཡིན། དགོན་པའི་མཚན་ལ་དགའ་ལྡན་དར་རྒྱས་གླིང་ཞེས་འབོད། དུས་རབས་བཅུ་བཞི་པའི་ནང་བླ་མ་ལྷ་དབང་བློ་གྲོས་བྱ་བས་བཞེངས། བསྟན་བདག་ནི། ཉེ་བའི་དུས་རབས་ནང་ལ་དྭགས་པ་ཡོངས་ལ་ཆོས་སྲིད་གཉིས་ཐད་ནས་བཀའ་དྲིན་གཞལ་མཐའ་བྲལ་བ་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེ་སྐྱེ་ཕྲེང་རིམ་བྱོན་ཡིན་ཞིང་། དགོན་པའི་སྒྲོལ་མ་ལྷ་ཁང་དུ་རྟེན་གཙོ་རྒྱང་རྩེ་ནས་གདན་ཞུ་བྱས་པའི་སྒྲོལ་སྐུ་བྱིན་ཅན་བཞུགས། དགོན་པའི་དུས་མཆོད་ཆེ་ཤོས་དེ་དཔེ་ཐུབ་དགུ་གཏོར་ཡིན། ཉིན་དེར་ཆོས་རྒྱལ་ཡབ་ཡུམ་སོགས་ཀྱི་གར་འཆམ་རྒྱས་པ་བྱེད་སྲོལ་ཡོད། དགོན་འདིའི་ལྷ་མོ་ཁང་ནི་དམིགས་བསལ་དད་ལྡན་ཚོས་ཡིད་ཆེས་བྱ་ཡུལ་ཞིག་ཡིན་པས། རྒྱ་གར་བ་སོགས་ཀྱང་ལྷ་མོ་ཁང་དུ་རྒྱུན་པར་ཡོང་གི་ཡོད་ཅིང་། ཡུལ་སྐོར་བ་དག་གིས་རང་གི་ལམ་གྱི་བར་ཆད་སེལ་སླད་ལྷ་མོར་མཆོད་འབུལ་ཆེད་སྣུམ་རིགས་ཕུལ་བའི་གྲངས་འབོར་ནི་བསམ་བརྗོད་ལས་འདས་པ་ཞིག་ཡིན། བ་ཀུ་ལའི་མཚན་ཅན་གྱི་ལ་དྭགས་གནམ་ཐང་ཡང་དཔེ་ཐུབ་དགོན་པའི་མདུན་ངོས་སུ་ཆགས་ཡོད།
༢༧] ཕྱི་དབང་དགོན།
​འདི་ནི་གླེ་ནས་སྤྱི་ལེ་ ༡༧ གྱི་སར་ཡོད་ཅིང་། ཆགས་ཡུལ་ལུང་པའི་མིང་ལ་ཕྱི་དབང་ཞེས་འབོད། འོན་ཀྱང་། ཕྱི་དབང་ཞེས་འབོད་དོན་ཅི་ཡིན་ནི་གསལ་པོར་མ་ངེས་ནའང་། དེ་སྔོན་མངའ་རིས་ཀྱི་དགོན་པ་འགར་ཕྱི་བསྐྱོད་ཀྱི་ཐོབ་ཐང་སྤྲད་ཆོག་པའི་དབང་ཚད་ཅན་དག་ལ་ཕྱི་དབང་དགོན་ཞེས་དེང་སང་ཡང་མཇལ་དུ་ཡོད་པ་དང་གཅིག་མིན་ནམ་སྙམ། འདི་ཆོས་བརྒྱུད་འབྲི་གུང་པ་ཡིན། དགོན་པའི་མཚན་ཆ་ཚང་ལ་བཀྲ་ཤིས་ཆོས་རྫོང་ཞེས་འབོད། ཆོས་རྗེ་གནད་མ་ཀུན་དགའ་གྲགས་པ་བྱ་བས་ཕྱག་བཏབ་ཅིང་། ཆོས་རྗེ་རྟོགས་ལྡན་སྐུ་ཕྲེང་ན་རིམ་གྱིས་དགོན་བདག་མཛད། དགོན་འདིའི་གཙུག་ཁང་རྙིང་མར་ཐུབ་དབང་སོགས་ལྡེབས་བྲིས་འགའ་ནི་ཁ་ཆེའི་ལུགས་སུ་བྲིས་ཤིང་། ད་བར་ལོ་བདུན་བརྒྱ་མ་ཟིན་ཙམ་གྱི་ལོ་རྒྱུས་ཡོད་ཟེར། ལོ་རེའི་དུས་མཆོད་གཙོ་བོ་ནི་སྒང་སྔོན་ཚེ་སྒྲུབ་བྱ་བ་ཡིན་ཞིང་། དེ་སྐབས་སྲུང་མའི་གཙོ་བོ་ཨ་ཕྱི་ཆོས་ཀྱི་སྒྲོལ་མའི་འབག་འཆམ་སོགས་བྱེད་སྲོལ་ཡོད། ད་དུང་དགོན་འདིའི་མགོན་ཁང་དུ་དེ་སྔོན་སོག་དམག་ལ་དྭགས་སུ་འབྱོར་བ་དག་གི་མཚོན་ཆ་ཡང་བཞག་ཡོད།
༢༨] སྤང་གོང་མཚོ།
​མཚོ་འདི་ནི་ཅང་ལ་བརྒལ་ཏེ་སོང་ན། གླེ་ནས་སྤྱི་ལེ་ ༡༥༠ སར་ཡོད་ཅིང་། ཨེ་ཤ་ཡའི་ནང་གི་མཚོ་ཆེ་ཤོས་ཀྱི་གྲས་ཡིན། མཚོ་འདི་ཞེང་ཚད་དེ་ཙམ་རིང་པོ་མིན་ནའང་། རིང་ཚད་མི་ཏྲར་ ༤༤༢༠ ཙམ་ཡོད་པར་བཤད། མཚོ་འདིའི་མཐའ་སྐོར་ཡོངས་རྫོགས་བྲག་རི་དཀར་རྐྱང་གིས་བསྐོར་ནས་ཡོད་ཅིང་། ཉི་མའི་འོད་ཟེར་འཆར་སྟངས་ཀྱིས་མཚོ་མདོག་མི་འདྲ་བ་སྣ་ཚོགས་སྣང་གི་ཡོད། སྤྱིར་བཏང་གིས་མཚོ་འཁྱིལ་ཕལ་མོ་ཆེ་ཚྭ་ཁུ་མིན་ནའང་། མཚོ་འདི་ནི་རྒྱ་མཚོ་ལྟར་ཚྭ་ཁུ་རང་གིས་གྲུབ་ཡོད། མཚོ་ཡི་ནུབ་རིར་ངོས་གང་སར་ཡུལ་སྐོར་བ་དག་གི་ཆེད་སྡོད་གནས་ཧ་ཅང་མང་ཞིང་། ཕལ་མོ་ཆེ་ནི་ཚད་གཞི་འདྲ་མིན་གྱིས་སྡོད་གུར་ཕུབ་ཏེ་རང་རང་གི་མགྲོན་པོ་དག་སྣེ་ལེན་བྱེད་ཀྱི་ཡོད།
​སྔ་དགོང་གང་གཉིས་ཀར་མཚོ་འགྲམ་དུ་སྤྲོ་འཁྱམ་ལ་སོང་ན་། མཚོ་མོ་རླུང་གིས་སྐྱོམ་པའི་རླབས་ཀྱི་འགྱུར་བ་ངོ་མཚར་བ་དག་མཐོང་ཐུབ་པར་མ་ཟད། ཉི་ཟེར་གྱིས་མཚོ་མདངས་འགྱུར་ཏེ་ལན་རེར་སྔོ་ནག་དང་། ལན་རེར་སྐྱ་བོ། སྐབས་རེར་སྔོ་རྐྱང་བཅས་ཀྱི་སྣང་ཚུལ་དེས་ཡུལ་སྐོར་བ་དག་གི་ཡིད་དབང་འགུག་བཞིན་ཡོད་ཅིང་། དེ་ནི་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་དག་གི་རྨི་ལམ་ཡང་ཡིན།
༢༩] བྲག་ཐོག་དགོན་པ།
​འདི་ནི་གླེ་ནས་སྤྱི་ལེ་ ༥༠ སར་ཡོད་ཅིང་། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་སྐབས་གནས་འདིར་སྐུ་མཚམས་མཛད་ཅིང་། དེའི་སྒྲུབ་ཕུགས་རྨང་གཞིར་བྱས་ཏེ་དགོན་པ་ཧྲིལ་པོ་བྲག་ཐོག་ཏུ་ཆགས་ཡོད་པས། བྲག་ཐོག་དགོན་ཞེས་མཚན་ཐོག་པར་བཤད། ཀ་ཐོག་རིག་འཛིན་ཆེན་པོའི་སྐབས་ཤིག་ཏུ་ཕྱག་བཏབ། འདི་ནི་ལ་དྭགས་ཀྱི་རྙིང་མའི་དགོན་པ་གཅིག་པུ་དེ་ཡིན།

༣༠] ཉར་མའི་གཙུག་ལག་ཁང་།
​འདི་ནི་གླེ་ནས་སྤྱི་ལེ་ ༢༠ ཙམ་གྱི་སར་ཡོད་ཅིང་། འདི་ནི་ལོ་ཆེན་རིན་ཆེན་བཟང་པོས་ཕྱག་བཏབ་པའི་གདན་ས་གསུམ་གྱི་ནང་ཚན། ལ་དྭགས་ནང་གི་སློབ་གཉེར་གྱི་སྡེ་རྙིང་ཤོས་དེ་ཡིན། ཉར་མ་ནི་དགོན་པ་ཙམ་མིན་པར། ཐོས་བསམ་སློབ་གཉེར་གྱི་ཁོར་ཡུག་གཙང་མ་ཡོད་ས་ཞིག་ཡིན་པར་སྣང་སྟེ། ཨ་ལྕེ་བཞེངས་པ་པོ་སྐལ་ལྡན་ཤེས་རབ་ཀྱང་ཉར་མ་ནས་སློབ་གཉེར་མཐར་ཕྱིན་པའི་སྐོར་གྱང་ལྡེབས་ཡི་གེ་དེར་གསལ་ཡོད། ཉར་མ་ན་ལྷ་ཁང་དཀར་མོ་དང་། དཀྱིལ་འཁོར་ལྷ་ཁང་། ལྷ་ཁང་ཆེན་མོ། མཆོད་རྟེན་སྣ་ཚོགས་སོགས་སྔོན་དུས་འཛུགས་སྐྲུན་མང་པོ་ཞིག་བྱས་ཡོད་པར་སྣང་ཡང་། ད་ལྟའི་ཆར་ནི་དེ་དག་གི་གྱང་གོག་ཞིག་རོ་དང་། མཆོད་རྟེན་རྙིང་པ་ཞིག་གི་ནང་གྱང་ལྡེབས་སུ་ཁ་ཆེའི་ལུགས་ཀྱི་རི་མོ་བྲིས་པ་དག་གི་རྗེས་ཤུལ་ཧ་ཅང་ཉམ་ཆག་ཏུ་གྱུར་པ་ཕྲན་བུ་རེ་ལས་མཇལ་རྒྱུ་མེད། དེང་ནི་ཉར་མའི་གཙུག་ལག་ཁང་གི་རྗེས་ཤུལ་ཁྲིག་སེ་དགོན་པའི་ཡན་ལག་བཙུན་དགོན་གྱི་གཟིགས་གཏོགས་འོག་ཡོད་ཅིང་། བཙུན་དགོན་དེར་བཙུན་མ་རྒན་གྲས་བཅུ་གྲངས་བཞུགས་ཡོད།
༣༡] ལ་དྭགས་ཀྱི་མཁར།
​བྱུང་རབས་ཀྱི་ངོས་ནས་ལ་དྭགས་རྒྱལ་པོས་དབང་བསྒྱུར་མ་བྱས་གོང་ཇོ་རབས་ཞེས་པ་དར་བར་སྣང་སྟེ། ལོ་རྒྱུས་ཀྱི་ཡི་གེ་རྣམས་སུ་སྟོད་དུ་རྒྱ་པ་ཇོ་གྲགས་ཆེ་བ་དང་། སྨད་དུ་ཝ་མདའི་ཇོ་བྷག་དར་སྐྱབས་གྲགས་ཆེ་ཞེས་དང་། ཏི་རི་ཇོ། ཚྭ་ཁའི་ཇོ། ཝ་ཁའི་ཇོ་ལྟ་བུ་དཔའ་མཛངས་གཉིས་ལྡན་གྱི་ཇོ་རབས་མང་དུ་བྱུང་བར་བཤད། དེ་དག་གི་སྐབས་སུ་དམིགས་བསལ་གཏན་འཇགས་ཀྱི་སྡོད་གནས་སླད་མཁར་ལས་བྱས་པའི་ལོ་རྒྱུས་མ་མཇལ་ཡང་། ཕྱིས་སུ་བོད་བཙན་པོའི་གདུང་རྒྱུད་དྲི་མ་མེད་པ་སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་ཆེ་བ་ལྷ་ཆེན་དཔལ་གྱི་མགོན་ནི། ལ་དྭགས་སྤྱིའི་རྒྱལ་པོ་ཐོག་མ་ཡིན། དེ་ནས་བཟུང་ཕྱི་ལོ་ ༡༠༠༠ ནས་ ༡༨༢༤ བར་ཏེ་མི་ལོ་ཧྲིལ་པོ་བརྒྱད་བརྒྱའི་རིང་བཙན་པོའི་གདུང་རྒྱུད་ཀྱིས་ལ་དྭགས་ལ་དབང་བསྒྱུར་བྱས་ཡོད་ཅིང་། དེ་དག་གིས་རང་གི་སྐབས་སུ་བྲག་རྩེ་དང་། ལ་སྐེད་དུ་བཞེངས་པའི་མཁར་དག་ནི་ད་ལྟ་གྱང་རོ་ཙམ་ལས་མཇལ་རྒྱུ་མེད། ཕྱི་ལོ་ ༡༨༣༤ ནས་ལ་དྭགས་ཧྲིལ་པོ་ཁ་ཆེའི་མངའ་འོག་ཏུ་ཤོར་བ་ནས་བཟུང་ལ་དྭགས་ཀྱི་རྒྱལ་རྒྱུད་ཏོག་མཁར་དུ་བཞུགས་ཤིང་། དེའི་མྱི་རྒྱུད་ཕྱི་མ་དག་ལ་ཕྱི་ལོ་ ༡༨༤༢ ལོར་མང་སྤྲོ་མཁར་བརྩེགས་པར་སྣང་།
༣༢] མཁར་གྱི་ཁྱད་ཆོས།
​མཁར་ཞེས་པ་ནི་ས་རྡོས་བརྩིགས་པའི་སྡོད་ཁང་གི་སྤྱི་མིང་ལྟ་བུ་ཡིན་ནའང་། ལན་རེར་མཁར་ཞེས་པ་གྲོང་ཁྱེར་དུ་ཡང་གོ་རུང་བ་ཡིན། གནའ་སྔ་མོར་རྒྱལ་ཕྲན་སོ་སོའི་ཁྱབ་ཁོངས་འཛིན་སྐྱོང་དང་། གཞན་གྱི་བཙན་འཛུལ་དང་དམག་འཐབ་སོགས་ཕྱི་དགྲ་ལས་གཡོལ་ཆེད་རི་མཐོ་སར་ས་རྡོའི་སྡོད་ཁང་བརྩིགས་ཏེ། དེའི་ནང་སོ་ལྟ་ཁང་དང་། དབྱིབས་འདྲ་མིན་གྱི་སྐར་ཁུང་བཟོས་ཏེ་རྒྱང་རིང་ནས་དགྲ་བོའི་གནས་བབ་ལ་ཉེན་སྲུང་གི་ཁྱད་ཆོས་ཡོད་པ་བྱས་ཡོད། ལ་དྭགས་ཀྱི་ཕྱོགས་ཀྱི་ད་ཡོད་མཁར་དག་ཀྱང་རི་བོ་མཐོ་དང་། བྲག་རྫོང་བརྟན་ས་འབའ་ཞིག་ལ་བཟོས་ཡོད་ཅིང་། ད་ཡོད་མཁར་འགའ་ཞིག་འདིར་དཔེ་མཚོན་ཙམ་དུ་བཀོད་ན། ཤེལ་ན་ཁའི་ལྷ་ཆེན་དཔལ་མགོན་མཁར། གླེ་རྩེ་མོ་ཡི་གྲགས་པ་འབུམ་ལྡེ་དང་། བཀྲ་ཤིས་རྣམ་རྒྱལ་གྱི་མཁར། གྲགས་པ་འབུམ་ལྡེས་བཞེངས་པའི་བ་མགོའི་མཁར་རབ་བརྟན་ལྷ་རྩེ། གཏིང་སྒང་མཁར། ས་ནི་མཁར། གཅིག་བརྟན་རོ་ཟི་མཁར། རྒྱལ་པོ་སེངྒེ་རྣམ་རྒྱལ་གྱིས་བཞེངས་པའི་གླེ་ཆེན་དཔལ་མཁར། རྒྱལ་པོ་བདེ་ལྡན་རྣམ་རྒྱལ་གྱིས་བཞེངས་པའི་ཤེལ་མཁར་ཕོ་བྲང་། ཉི་མ་རྣམ་རྒྱལ་གྱིས་བཞེངས་པའི་ལྕགས་ར་སའི་མཁར། རྒྱལ་པོ་ཚེ་དཔལ་དོན་གྲུབ་རྣམ་རྒྱལ་གྱིས་ཕྱི་ལོ་ ༡༨༢༢ ལོར་བཞེངས་པའི་ཏོག་མཁར་སོགས་ཞིག་རལ་དུ་གྱུར་པའི་མཁར་རྙིང་མང་དུ་ཡོད། མཁར་འདི་དག་ལ་དུས་རབས་སོ་སོའི་ལོ་རྒྱུས་ཀྱི་འཕེལ་འགྱུར་སྣ་ཚོགས་བཤད་རྒྱུ་ཡོད་པར་མ་ཟད། ཕྱི་རབས་པ་ཚོར་ཆོས་དང་། སྲིད་ལུགས་དར་རྒུད་ཀྱི་བྱུང་བ་ཉམས་ཞིབ་ཐད་རིན་ཐང་ངེས་ཅན་ཡོད་པར་སྣང་། མིག་སྔའི་ལ་དྭགས་ཀྱི་རྒྱལ་ཁང་ངམ། མཁར་ས་ཕལ་མོ་ཆེ་བྲག་རྩེར་བརྩིགས་པ་དེ་ཡང་། དེ་སྔོན་རྒྱལ་ཕྲན་དང་། ཚོ་ཁག་ཕན་ཚུན་བར་དམག་འཐབ་ཀྱི་ཉེན་ཟོན་དང་། དེའི་དགོས་མཁོར་དམིགས་ཏེ་ཁྱད་ཆོས་མི་འདྲ་བའི་མཁར་སྣ་ཚོགས་བརྩིགས་པ་ནི་གསལ་པོར་སྣང་།
༣༣] ལ་དྭགས་ཀྱི་མ་ཎི་རྡོ་བརྩེགས།
​ཁྱོད་རང་ལ་དྭགས་ཀྱི་ཡུལ་གང་དུ་སོང་ཡང་། དཀྱུས་རིང་པའི་མ་ཎིའི་རྡོ་བརྩེགས་མང་པོ་མཇལ་ཐུབ། དེ་ནི་མི་ལོ་སྟོང་ཕྲག་རིང་ཉར་ཚགས་བྱས་པའི་དད་གུས་ཀྱི་རྡོ་རིང་ཞིག་ཡིན་ཆོག་སྟེ། མ་ཎིའི་རྡོ་བརྩེགས་ཕྲན་བུ་ཞིག་བཟོ་བར་དཀའ་ངལ་གྱི་བརྒྱུད་རིམ་ག་འདྲ་ཞིག་དང་ལེན་དགོས་པ་དེ་ང་ཚོས་བསམ་ཤེས་ཐུབ་པ་ཡིན། དེ་བས་ཀྱང་ལ་དྭགས་ཀྱི་མ་ཎི་རྡོ་བརྐོས་འདིའི་རྒྱབ་ལྗོངས་སུ་དམིགས་བསལ་གྱི་གཏམ་རྒྱུད་ཅིག་ཀྱང་སྦས་ཡོད་དེ། སྔོན་ལ་དྭགས་ཀྱི་རྒྱལ་པོ་ཞིག་རང་གི་བློན་པོའི་བཙུན་མོ་མཛེས་མ་ཞིག་ཡོད་པར་ཡིད་ཆགས་ཏེ། དེ་ཉིད་ཐོབ་སླད་བྱ་བ་སྣ་ཚོགས་བརྩམས་ཀྱང་བཙུན་མོའི་ཡིད་མ་ཁུག་པར་མཐར་བློན་པོ་ཐབས་ཀྱིས་བཀྲོངས། དེ་རྗེས་བཙུན་མོར་ད་ཁྱོད་གཅིག་པུར་སྡོད་པ་མི་འོས་པས་ངའི་བཙུན་མོར་ཤོག་ཅིག་ཅེས་བཀའ་བསྒོས་པ་ན། ཤེས་རབ་ཅན་གྱི་བཙུན་མོ་དེས་རྒྱལ་པོ་ལགས། གུས་མོའི་ཁྱོ་བོ་འདས་པོའི་ཆེད་མ་ཎིའི་རྡོ་བརྐོས་རིང་མོ་ཞིག་བྱ་དགོས་ཤིང་དེ་ཉིད་གྲུབ་ན་གུས་མོ་ཡོང་ཆོག་ཞུས་པས། རྒྱལ་པོས་མི་མང་བསྐུལ་ཏེ་བླུན་པོའི་དགེ་རྩར་མ་ཎིའི་རྡོ་རིང་བརྩིགས་ཤིང་། བཙུན་མོས་རྡོ་རིང་གི་དཔེར་ལ་དྭགས་ཀྱི་བུད་མེད་ཚོའི་མགོ་རྒྱན་གྱི་གཞུང་རྟ་དམར་པོ་དབྱིབས་གྲུ་བཞི་མ་ལྟ་བུ་ཞིག་དགོས་ཞེས་ཞུས་པས། མ་ཎིའི་རྡོ་བརྩེགས་ཀྱི་རྨང་གཞི་བཙུན་མོའི་རེ་བ་ལྟར་བཟོས་པར་བཤད། ད་ཡོད་ཀྱི་མ་ཎིའི་རྡོ་བརྩེགས་ཕལ་མོ་ཆེ་ཡང་རྨང་གཞི་དཀྱུས་རིང་པའི་རྡོ་བརྩེགས་གྲུ་བཞི་མ་ཅན་ཁོ་ནར་སྣང་། མ་ཎིའི་རྡོ་བརྩེགས་གྲུབ་པ་དང་། བློན་པོའི་བཙུན་མོ་ཤེས་རབ་ཅན་དེས་རང་གི་སྐྲ་ལོ་བཅད་ནས་རྒྱལ་པོར་བསྐུར་ཏེ། ད་ནི་འཇིག་རྟེན་གྱི་ཆོས་ལ་ཡིད་བྱུང་བས་བཙུན་མ་བྱས་ཏེ་རི་ཁྲོད་དུ་ལྷ་ཆོས་བྱེད་དུ་སོང་ཡོད་ཅེས་བསྐུར་བས། རྒྱལ་པོ་ཅི་བྱ་གཏོལ་བྲལ་དུ་གྱུར་བར་བཤད། ངས་ནི་གཏམ་རྒྱུད་འདི་འདི་ཧ་ཅང་སྙན་པོར་མཐོང་སྟེ་འདིའི་ལོ་རྒྱུས་ཀྱི་ཡི་གེ་རྡོ་ལ་བརྐོས་པ་ལ་དྭགས་ཀྱི་གྲྭ་རྒན་འགས་མཇལ་མྱོང་བའི་ངག་སྒྲོས་གཞིར་བཟུང་གིས་བྲིས་པ་ཡིན་པས་ཁོམ་པ་ཅན་ཚོས་ཞིབ་ཏུ་དཔྱད་འཚལ།
༣༤] དཀར་བོང་བོང་གི་མཆོད་རྟེན།
​མཆོད་རྟེན་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་སྟོན་པ་རྗེས་དྲན་གྱི་རྡོ་རིང་ལྟ་བུ་ཡིན་ཞིང་། མི་གྲངས་ཕལ་མོ་ཆེ་ནང་པ་ཡིན་པའི་ལ་དྭགས་ལ་མཚོན་ན། ལ་རྩེ་དང་། གངས་འདབས། མཚོ་ཁ། རྩྭ་ཐང་། སྤང་གཞུང་། གཙང་འགྲམ་གང་སར་མཆོད་རྟེན་ཆེ་ཆུང་སྣ་ཚོགས་མཇལ་རྒྱུ་ཡོད། དེ་བས་ཀྱང་ལ་དྭགས་ཀྱི་མཆོད་རྟེན་ཕལ་ཆེ་བ་ནི། རྩ་བ་གྲུ་བཞིས་བྱས་ཤིང་ཆེ་ཆུང་འདྲ་མིན་སྣ་ཚོགས་སུ་ཡོད་ཅིང་། མང་པོ་ཞིག་ནི་དཀར་བོང་བོང་ཟླུམ་གཟུགས་སུ་ཡོད་པ་ཙམ་ལས་མཆོད་རྟེན་བྱིངས་ཀྱི་དབྱིབས་དང་མི་འདྲ་བར་ཡོད།
​ཁྱད་པར་དུ་ཨ་ལྕིར་བཞུགས་པའི་མཆོད་རྟེན་དེ་དག་ནི། ལ་དྭགས་ཀྱི་མཆོད་རྟེན་བྱིངས་དང་མི་འདྲ་བ་ཡོད་དེ། ཕྱི་ནས་མཆོད་རྟེན་འདྲ་བའི་ཁང་པ་ཟླུམ་པོ་རེའི་ནང་མཆོད་རྟེན་ཧྲིལ་པོ་རེ་བཞུགས་ཡོད། ཟླུམ་གཟུགས་ཅན་དེ་ནི་མཆོད་རྟེན་གྱི་ཆར་ཁེབས་ལྟ་བུར་གྱུར་ཡོད་ཅིང་། དེའི་ནང་ངོས་ཀྱི་ཟུར་བཞིར་སངས་རྒྱས་དང་། རི་དྭགས་ཆོས་འཁོར། མཐའ་ཧྲིལ་པོར་མེ་དཔུང་གི་དབུས་སུ་རྡོ་རྗེའི་ཕྲེང་བ། ཟུར་རེར་མཆོད་པའི་ལྷ་མོ་སོགས་སྔོ་དཀར་དམར་གསུམ་གྱི་ཚོན་རྩི་སྤྱད་དེ་རི་མོ་སྣ་ཚོགས་བྲིས་ཡོད།
​གྲོང་ཁྱིམ་དག་གི་གཡས་གཡོན་ན་བཞེངས་པའི་མཆོད་རྟེན་ཕལ་མོ་ཆེར་བང་རིམ་དང་། ཆོས་འཁོར་བཅུ་གསུམ་སོགས་ཀྱི་རྒྱས་སྤྲོས་མཇལ་རྒྱུ་མེད་པ་ནི། རི་མཐོ་ས་གཙང་གི་འཇིག་རྟེན་འདིར་མཆོད་རྟེན་བཞེངས་པར་མཐུན་རྐྱེན་ཚད་ལྡན་ཞིག་མེད་སོང་བས་ཡིན་ངེས། འོན་ཀྱང་། ལ་ལུང་གོང་ལྟར་དཀར་བོང་བོང་གི་མཆོད་རྟེན་མཇལ་རྒྱུ་ཡོད་པ་དེས། གནའ་མྱི་རུས་པ་ཅན་དེ་དག་གི་དཀའ་སྤྱད་ཀྱི་སྙིང་སྟོབས་དྲན་འོང་ཞིང་། ཁྲ་ཁྲ་ཟིང་ཟིང་ལ་མགོ་བོ་འཁོར་བའི་དེང་གི་སྐྱེ་བོ་ཚོས་ནི་ཁོང་ཚོས་རྒྱུ་འབྲས་ལ་བཀུར་བའི་སྙིང་སྟོབས་རྣལ་མ་དེ་ངོས་ཟིན་དཀའ་བར་སྣང་།

༣༥] ལ་དྭགས་ནང་པའི་མཐོ་སློབ་ཏུ།
​ཕྱི་ཟླ་ ༨། ཚེས་ ༡ ཉིན་གྱི་དེ་རིང་ནི། དབུས་གཞུང་ལ་དྭགས་ནང་པའི་མཐོ་རིམ་སློབ་གྲྭས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་མཆོག སློབ་གྲྭ་འདི་དང་། རྒྱ་གར་དབུས་གཞུང་ལྟ་གྲུབ་སྡེ་ཚན་མཉམ་འབྲེལ་ཐོག << ནང་བསྟན་དང་། ལ་དྭགས་ཀྱི་སྤྱི་ཚོགས་ >> ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་རྒྱལ་ཡོངས་རང་བཞིན་གྱི་མཁས་པའི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་བ་དེའི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་གནང་གི་ཡོད་པ་ཐོས་པས། ང་ཚོར་ཡང་ཚོགས་འདུ་དེར་མཉམ་ཞུགས་ཀྱི་མགྲོན་བརྡ་ཐོབ་པས། ཞོགས་པ་ནས་སློབ་གྲྭའི་མགོན་པོ་ཀླུ་སྒྲུབ་ཚོགས་ཁང་དུ་བཅར་བ་ཡིན། ཉིན་དེར་སློབ་གྲྭའི་ཁོར་ཡུག་གང་སར་ཉེན་རྟོག་པ་དང་། དམག་གིས་དམ་པར་བསྲུངས་ཡོད་ཅིང་། མི་རེ་རེ་བཞིན་ཚོགས་ཁང་སྒོ་འགྲམ་ནས་ཞིབ་བཤེར་བྱེད་ཀྱི་འདུག
​ཆུ་ཚོད་དགུ་པར་༧རྒྱལ་དབང་མཆོག་ཀླུ་སྒྲུབ་ཚོགས་ཁང་དུ་ཞབས་སོར་འཁོད་གྲུབ་པ་དང་། མཚན་ཉིད་སློབ་གྲྭའི་ངེས་སྟོན་པས་མཛད་སྒོ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་རྒྱ་གར་གྱི་མཁས་དབང་ཞིག་གིས་རང་གི་ལྟ་ཚུལ་དང་འབྲེལ་ནང་པའི་སྐྱབས་འགྲོ་ནི་དགོས་ངེས་ཀྱི་སློབ་སྦྱོང་ཞིག་ཡིན་པའི་གཏམ་བཤད་སྤེལ་ཞིང་། དེ་རྗེས་༧གོང་ས་མཆོག་གིས་རང་གི་མཛད་འགན་ཆེན་པོ་གསུམ་ལས། ཆོས་ལུགས་མཐུན་སྒྲིལ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་བསྩལ་ཞིང་། མི་སུ་ཞིག་ཡིན་རུང་ཆེས་ཐོག་མར་ང་ཚོ་ཚང་མར་མི་གཅིག་གྱུར་ཡིན་པའི་འདུ་ཤེས་ཡོད་དགོས་ཤིང་། རང་གི་ཁ་དོག་དང་། རིགས་རུས། ལུང་ཚན། དད་མོས་དང་། དགའ་ཕྱོགས། ལྟ་ཚུལ་དེ་དག་ནི། འཚོ་བའི་ཁྲོད་ཀྱི་ཨང་རིམ་གཉིས་པར་འཇོག་དགོས་པར་གསུངས།
​རང་གི་ཕ་མེས་ཀྱི་ཆོས་བརྒྱུད་གང་ཡིན་པ་དེ་སོར་གནས་དགོས་རྒྱུ་གལ་ཆེ་ཞིང་། དེར་འགྱུར་བཅོས་གཏོང་བ་ནི་རྙོག་དྲ་སློང་གཞི་ཡིན་པས། ཁོང་སྒེར་ངོས་ནས་འཛམ་གླིང་གང་དུ་ཕེབས་ཀྱང་ཆོས་ལུགས་བསྒྱུར་བཅོས་ཀྱི་རིགས་དེར་མོས་མཐུན་གནང་གི་མེད་ནའང་། དད་མོས་དང་མ་འབྲེལ་བའི་ཆོས་ལུགས་ཕན་ཚུན་བར་གྱི་ལེགས་ཆ་ལེན་རེས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན། འོན་ཀྱང་། ལ་དྭགས་ལྟ་བུར་ཆ་མཚོན་ན་ཕ་མེས་ཀྱི་ཆོས་ལུགས་ནང་པ་ཡིན་པས་ཁྱོད་ཚོས་ངེས་པར་རང་གི་སྟོན་པའི་རིན་བྲལ་གྱི་གསུང་དེ་དག་ལ་སློབ་གཉེར་དང་། ལག་ལེན་བྱ་དགོས་གསུངས།
དཔེར་ན། ནང་པས་འཇིག་རྟེན་བྱེད་པ་པོ་ཁས་ལེན་གྱི་མེད་ནའང་། འཇིག་རྟེན་བྱེད་པ་པོ་ཁས་ལེན་པའི་ཆོས་གྲོགས་ཚོས་དཀོན་མཆོག་ཡེ་ཤུ་ལྟ་བུའི་བཀའ་དྲིན་དྲན་ཏེ། བརྩེ་སེམས་ཀྱིས་མིག་ཆུ་གཏོང་བ་སོགས་མཐོང་ཚེ་ངེས་པར་ཁོང་གི་དད་མོས་དང་། ཡིད་ཆེས་དེར་གུས་ཞབས་ཡོང་གི་འདུག་གསུངས།
​ལྷག་པར་དུ་ལ་དྭགས་ཀྱི་གཞོན་རབས་པ་ཚོས་དབུ་ཚད་སོགས་ནང་བསྟན་གྱི་གཞུང་ལུགས་ཤེས་དགོས་ཤིང་། དེ་ཤེས་ན་མཆོད་རྟེན་དང་། དགོན་པ་སོགས་མང་པོ་མེད་རུང་། སངས་རྒྱས་ཀྱི་བསྟན་པ་གནས་ངེས་ཡིན་པས། ཁོང་སྐུ་སྒེར་གྱི་ངོས་ནས་སྐུ་རྟེན་ཆེན་པོ་བཞེངས་རྒྱུར་རྒྱབ་སྐྱོར་གནང་གི་མེད་ཅིང་། དེའི་རྒྱུ་མཚན་ཡང་། སྐུ་འདྲ་ནི་ནམ་ཡང་སྐུ་འདྲ་རང་ཡིན་པས། དེས་གསུང་མི་འབྱོན། དེས་ན། ང་ཚོས་ངེས་པར་དུ་སངས་རྒྱས་ཀྱི་གསུང་ལ་གཅེས་སྤྲས་དང་། སློབ་གཉེར་བྱ་རྒྱུ་གལ་ཆེན་ཡིན་གསུངས། རང་ཉིད་ནང་པ་ཡིན་མིན་ཇི་ལྟར་ཡང་། ཆོས་འཇིག་རྟེན་གང་ཡིན་རུང་རྒྱུ་མཚན་ལྡན་པའི་སྒོ་ནས་དཔྱད་པ་གཏོང་པའི་རྒྱ་གར་ནཱལེནྡྲའི་མཁས་པ་ཚོའི་ཕྱག་སྲོལ་དེ། ངེས་པར་རྒྱུད་འཛིན་བྱ་དགོས་པའི་བཀའ་སློབ་ལམ་སྟོན་ཟབ་མོ་བསྩལ།
​དེ་བཞིན་དུ་བདག་མེད་ཁས་ལེན་མིན་དང་། འཇིག་རྟེན་བྱེད་པ་པོ་ཁས་ལེན་པའི་ཆོས་ལུགས་གང་ཡིན་རུང་། རྩ་བ་རང་གི་ཁམས་དང་མོས་པར་རག་ལས་ཤིང་། འཛམ་གླིང་གི་ཆོས་ལུགས་གང་ཡིན་རུང་དེ་དག་གིས་མི་ལོ་སྟོང་ཕྲག་མང་པོའི་སེམས་ཁམས་གསོ་ཐུབ་པས། དེ་དག་ལ་ངེས་པར་གུས་བཀུར་དགོས་པ་ཡིན་གསུངས།
​ཁྱད་པར་དུ་མགོན་པོ་གང་ཉིད་ཀྱིས་དེ་སྔོན་རྒྱའི་དཔོན་རིགས་འགས་བོད་ལ་ཚན་རྩལ་དར་བར་བྱས་ན། ཆོས་དད་ག་ལེར་བརླག་འགྲོ་གི་རེད་ཅེས་བཤད་ནའང་། དུས་རབས་ཕྱེད་ཙམ་འགོར་བའི་ད་ལྟའི་ཆར་སྐད་ཆ་དེ་ནི་རྦད་དེ་ལྡོག་ནས་ཡོད་པས། ང་ཚོས་ཅི་ཙམ་གྱིས་ནང་པའི་དབུ་ཚད་ཀྱི་གཞུང་ལ་སློབ་གཉེར་བྱེད་ཐུབ་ན། དེ་ཙམ་གྱིས་ནང་ཆོས་ཀྱི་རིན་ཐང་མཇལ་ཐུབ་ཅིང་། བླ་མ་རིན་པོ་ཆེས་མི་ལོ་སུམ་ཅུ་ལྷག་ཙམ་གྱི་རིང་ཚན་རིག་པ་དང་མཉམ་དུ་ལྷག་བསམ་རྣམ་དག་གིས་བགྲོ་གླེང་བྱས་པའི་འབྲས་བུར། ནང་ཆོས་ནས་གསུངས་པའི་ནང་སེམས་ཀྱི་རྣམ་གཞག་གིས་ཚན་རིག་པ་ཤེས་རབ་ཅན་ཚོ་ཡང་ཡིད་འཕྲོག་བཞིན་ཡོད་ཅིང་། ནང་པའི་གཞུང་ནས་བྱུང་བའི་ལྟ་ཚུལ་མང་པོས་འཇིག་རྟེན་སྤྱི་ལ་སྨན་པས། ད་ལོ་ནས་བཟུང་ཆོས་དང་མ་འབྲེལ་བའི་དགེ་རྒན་གྱི་ཟབ་སྦྱོང་ཞིག་ཀྱང་གོ་སྒྲིག་བྱ་འཆར་ཡོད་ཅིང་། དེར་ཡེ་ཤུ་དང་། ཁ་ཆེ། ཧིན་རྡུ་བཅས་ཆོས་ལུགས་མང་པོ་ཡོད་སྐོར་བཅས་བཀའ་སྩལ།
​རྒྱ་གར་གྱི་ནང་ཆོས་དེ་འཛམ་གླིང་གི་རྒྱལ་ཁབ་དང་། སྐད་ཡིག་མང་པོའི་ནང་དར་ཡོད་ཀྱང་། ནཱལེནྡྲ་ཐོར་ཞིག་ཏུ་སོང་བའི་རྗེས་སུ་སྟོན་པའི་གསུང་རབ་བཀའ་འགྱུར་གྱི་དགོངས་དོན་ལ། གཏིང་ཟབ་མོའི་སྒོ་ནས་སློབ་གཉེར་རྒྱ་ཆེན་པོ་བྱེད་པའི་སྲོལ་དེ་བོད་གཅིག་པུ་མ་གཏོགས་མེད།
རྒྱ་ནག་དང་། ཉི་ཧོང་ལྟ་བུར་ཆ་མཚོན་ན། གསང་སྔགས་ཀྱི་ཚིག་མང་པོ་ཞིག་འདོན་གྱི་ཡོད་ནའང་། དེའི་དོན་དག་ཇི་བཞིན་དུ་ཤེས་རྟོགས་ཆེད་གཞུང་ཆེན་སློབ་གཉེར་བྱེད་པའི་ལམ་སྲོལ་བྱུང་མེད།
​ཡེ་ཤུའི་གྲྭ་བཙུན་ཚོས་རང་ཉིད་བློས་བཏང་སྟེ་མི་སེར་ཉམ་ཐག་ཚོར་སྲི་ཞུ་སྒྲུབ་སྟངས་དེ་ནི། མིག་དཔེར་འོས་པའི་གཞན་ཕན་གྱི་བྱ་བ་ཞིག་ཡིན་ཞིང་། ང་ཚོ་བོད་ཀྱི་གྲྭ་བཙུན་ཚོས་ནི་ཇ་ཞིམ་པོ་བཏུང་ནས་སྡོད་པ་ལས་བྱ་བ་དེ་ལག་བསྟར་ཐུབ་མེད་པས། ནང་པའི་གྲྭ་བཙུན་ཚོས་སྤྱི་ཚོགས་ལ་སྲི་ཞུ་སྒྲུབ་རྒྱུ་དེ་ལ་དྭགས་ནས་འགོ་བཙུགས་ན་ལེགས་ཚུལ་སྐུ་རྩེད་དང་སྦྲགས་ནས་གསུངས།
མཐའ་དོན་ཕྱིའི་ལྷ་ཁང་འཛུགས་སྐྲུན་བྱེད་པ་ལས་ཀྱང་ནང་གི་ཐོས་བསམ་སློབ་གཉེར་གལ་ཆེ་བས་མཚན་ཉིད་སློབ་གྲྭའི་སློབ་ཕྲུག་ཚོས་ངེས་པར་སློབ་གཉེར་ལ་འབད་དགོས་ཞེས་བཀའ་བསྩལ་ཏོ།།

༣༦] ཞི་བའི་མཆོད་རྟེན།
འདི་ནི་ཉི་ཧོང་ནང་བསྟན་ཚོགས་པ་ཞིག་གིས་འཛམ་གླིང་གི་ས་ཆ་གང་སར་མཆོད་རྟེན་བརྒྱ་ཕྲག་བཞེངས་ཡོད་པའི་གྲས་ནས་གཅིག་ཡིན། གླེའི་ཁྲོམ་ལམ་གཙོ་བོ་ནས་སྤྱི་ལེ་ ༣ ་ཙམ་གྱི་རི་རྩེར་བཞེངས་ཡོད་ཅིང་། མཆོད་རྟེན་གྱི་ཟུར་ནས་གླེ་ཧྲིལ་པོར་ལྟ་ཐུབ་པས་ཉིན་རྒྱུན་ཡུལ་སྐོར་བ་དག་གིས་འཚང་ཀ་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༨༥ ལོར་ཐོག་མའི་རྨང་གཞིར་༧གོང་ས་མཆོག་ནས་རབ་གནས་མཛད། མི་རྣམས་ཀྱིས་ཉི་ཧོང་དགོན་པ་ཞེས་འབོད། མཆོད་རྟེན་གྱི་ཕྱོགས་བཞིར་སངས་རྒྱས་སྐུ་བལྟམས་པ་སོགས་མཛད་ཆེན་བཞིའི་སྐུ་བརྙན་འབུར་བཟོས་བྱས་ཏེ་བཞེངས་ཡོད་པས། མཆོད་རྟེན་འདིས་ཉི་ཧོང་དང་བོད་བརྒྱུད་ནང་བསྟན་ཟུང་འབྲེལ་གྱིས་ཞི་བདེའི་ནུས་ཤུགས་ལ་རྗེས་དྲན་བྱས་ཡོད།
༣༧] དེང་རབས་ཀྱི་ལ་དྭགས།
​བྱུང་རབས་ཀྱི་ངོས་ནས་སྐུ་ཞབས་བ་ཀུ་ལ་རིན་པོ་ཆེའི་དཀའ་སྤྱད་དང་། ཕྱོགས་སུ་མ་ལྷུང་བའི་ཐུགས་རྗེའི་གཟིགས་སྐྱོང་འོག་མང་ཡུལ་ལ་དྭགས་ཀྱི་ཆེས་ཐོག་མའི་ཤེས་ཡོན་ཅན་གྱི་མི་སྣ་ཁག་རིམ་གྱིས་སྤྱི་ཚོགས་ཁྲོད་འབུར་ཐོན་བྱུང་ཞིང་། དེ་དག་གིས་རང་མི་རིགས་ཀྱི་སྐད་ཡིག་དང་། རིག་གནས། དད་མོས། ཆབ་སྲིད་འཛིན་སྐྱོང་བཅས་ལ་གཅེས་སྤྲས་དང་འགན་འཁུར་གྱི་འདུ་ཤེས་ངོས་ཟིན་པ་བྱས་ཡོད་ཅིང་། ཁྱད་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མང་ཡུལ་གྱི་ལྗོངས་འདིར་ཡང་ཡང་ཞབས་སོར་བཀོད་དེ་ཐུན་མོང་གི་རིག་གནས་སྤྱི་དང་། བྱེ་བྲག་ནང་བསྟན་འདི་ཉིད་མི་ཉམས་རྒྱུད་འཛིན་ཡོང་སླད། ལ་དྭགས་ཀྱི་མི་རབས་གསར་པ་ཚོར་འགན་འཁྲི་ཡོད་པ་ངོས་ཟིན་པའི་ཐོག་ནས། རང་གི་མི་ཚེའི་ཁྲོད་ངེས་པར་ལག་བསྟར་དགོས་པའི་ཐུགས་བརྩེའི་བཀའ་སློབ་ལན་མང་བསྩལ་བ་དང་། རྒྱ་གར་གཞུང་གི་ཡང་དག་པའི་ཆབ་སྲིད་འཛིན་སྐྱོང་གི་བཀའ་དྲིན་འོག ད་ལྟའི་ཆར་ལ་དྭགས་ཁྱོན་ཡོངས་སུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སློབ་གྲྭ་ཆེ་ཆུང་སུམ་བརྒྱ་ལྷག་ཡོད། ལ་དྭགས་དབུས་མཚན་ཉིད་སློབ་གྲྭ་གཅིག་པུར་ཡན་ལག་སློབ་གྲྭ་ལྔ་བཅུ་བརྒལ་བ་བྱུང་ཡོད་ཅིང་། སྤྱིའི་ཆ་ནས་བཤད་ན། ལ་དྭགས་ཀྱི་མི་རབས་གསར་པ་དག་ནི་ཡིག་རྨོངས་ཀྱི་གནས་བབ་ལས་རྦད་དེ་གྲོལ་ཡོད།
༣༨] རྒྱལ་ས་གླེའི་འཚོ་ཐབས།
​ད་ལྟའི་ཆར་ལ་དྭགས་མི་མང་གི་ཡོང་འབབ་གཙོ་བོ་ནི། ཡུལ་སྐོར་བར་བརྟེན་ཡོད་དེ། གལ་སྲིད་འཛམ་གླིང་གི་ས་ཆ་གང་ས་ནས་ཡོང་བའི་ཡུལ་སྐོར་བ་དག་མེད་ན། གླེ་གཙོ་བོར་གྱུར་པའི་ལ་དྭགས་ཀྱི་དེང་རབས་གྲོང་ཁྱེར་དག་འཕེལ་རྒྱས་སུ་ཁག་པོར་གྱུར་ཡོད་དེ། གླེ་ལྟ་བུར་མཚོན་ན། འཚོ་བའི་ཐོན་ཁུངས་བརྒྱ་ཆ་བརྒྱད་ཅུ་ཙམ་ནི་ཡུལ་སྐོར་བའི་ཆེད་མགྲོན་ཁང་དང་། སྣེ་ཤན་ཁང་། ཟ་ཁང་། ཚོང་ཁང་གཉེར་མཁན་ཁོ་ན་ཡིན་པས། མགྲོན་པོ་མེད་ཚེ་ཚོང་ལས་དེ་དག་ཀྱང་རང་བཞིན་གྱིས་གཉེར་ཐབས་མེད་པར་གྱུར་ཡོད། སྤྱིར་བཏང་རྒྱ་གར་གྱི་ཆབ་སྲིད་འཛིན་སྐྱོང་དེ་ཧ་ཅང་བརྟན་པོ་དང་། ངོས་སྙོམས་ཅན་ཡིན་པའི་ཆ་ནས་ས་གནས་འདི་དག་ལ་ཆབ་སྲིད་ཀྱི་དུས་ཟིང་ཡོང་ཉེན་ཅུང་ཆུང་ནའང་། ངོས་གཞན་ཞིག་ནས་ནི། ལ་དྭགས་ཀྱི་ས་བབ་མང་པོ་ཞིག་རྒྱ་གར་གྱི་དགྲ་ཟླར་གྱུར་པའི་པ་ཁི་སི་ཐན་དང་། བྱེ་བྲག་རྒྱ་གར་གྱི་དྲག་དམག་གིས་སྲུང་སྐྱོབས་འོག་ཡོད་པའི་ཁ་ཆེའི་གྲོང་ཁྱེར་ཀ་ཤི་སྨིར་གྱི་ཆབ་ཁོངས་དང་འབྲེལ་ནས་ཡོད་པས། ཆོས་ལུགས་སྒེར་གཅོད་པ་དང་། ཆབ་སྲིད་སྒེར་གཅོད་པ་དག་གིས་དོན་མེད་མི་གསོད་ཁྲག་སྦྱོར་གྱི་བྱ་ངན་མང་པོ་ཞིག་གི་ཤུགས་རྐྱེན་ཀྱང་ས་ཁུལ་འདིར་ཡོང་མི་སྲིད་པ་གཏན་ནས་མིན་པས། ས་མཚམས་དེ་དག་ཏུ་དུས་ཟིང་འདྲ་བྱུང་ཚེ། དེས་ལ་དྭགས་མི་མང་གི་འབྱུང་འགྱུར་གྱི་ཡར་ཐོན་དང་དེང་རབས་ཀྱི་འཚོ་ཐབས་ལ་ཡང་གྱོང་གུན་ཆེན་པོ་ཡིང་སྲིད་པ་ཡིན།

༣༩] ལ་དྭགས་ཀྱི་ཁམ་བུ།
​ལ་དྭགས་ཀྱི་ས་ཆའི་བརྒྱ་ཆ་བདུན་ཅུ་ལྷག་ཚོན་མདངས་སྣ་ཚོགས་པའི་བྲག་རི་ཡིན་པས། བཟའ་འབྲུའི་ཐོན་ཁུངས་ཀྱི་ཆ་ནས་རང་ཁ་རང་གསོ་ཐུབ་ཙམ་ལས་ཚོང་ཟོག་ཕྱིར་འདྲེན་ཐད་དེ་ཙམ་ཤུགས་རྐྱེན་མེད་ནའང་། ལ་དྭགས་ཀྱི་ཁམ་བུ་ནི། ལ་དྭགས་ཙམ་མ་ཟད་ཁ་ཆེ་དང་། རྒྱ་གར་ཡུལ་དབུས། བོད། བལ་ཡུལ། སོག་པོ་སོགས་ལུང་པ་མང་པོའི་ནང་སྐད་གྲགས་ཅན་ཞིག་ཡིན་ཞིང་། གནའ་སྔ་མོ་ནས་བོད་དུ་མངའ་རིས་ཁམ་བུ་ཞེས་གྲགས་ཆེ་བར་བཤད། ཁྱད་པར་དུ་དབྱར་ཟླ་བདུན་པར་གླེ་རྒྱལ་སའི་གྲོང་ཁྱིམ་དང་། མགྲོན་ཁང་གི་གཡས་གཡོན་གང་དུ་སོང་ཡང་། ཁམ་སྡོང་དག་གི་ངོས་སུ་ཁམ་བུ་དམར་པོ་དང་། དམར་སེར། སེར་སྐྱ། ཟིང་སྐྱ་སོགས་ཁ་དོག་འདྲ་མིན་མཐོང་རྒྱུ་ཡོད་ཅིང་། ཁྱོན་ལ་དྭགས་ཀྱི་ཁམ་བུ་འདྲ་མིན་བཅུ་གྲངས་ཤིག་ཡོད། ཡུལ་སྐོར་ཧ་ཅང་མང་བའི་སྲང་ལམ་གྱི་གཡས་གཡོན་གང་སར། ལོ་རེའི་ཁམ་བུ་གསར་པ་འཚོང་མཁན་གྱི་བུད་མེད་ཚོས་བང་བསྒྲིགས་ནས་ཁམ་བུ་འཚོང་བཞིན་པ་མཐོང་ཐུབ། ད་དུང་སྔར་ལོ་ནས་ཉི་མར་སྐམ་ཏེ་ཉར་ཚགས་བྱས་པའི་ཁམ་བུ་དག་འགྱིག་དྲིལ་བྱས་ཏེ་འཚོང་གི་ཡོད་ཅིང་། མདོག་དམར་ནག་ཏུ་གྱུར་ཟིན་པའི་ཁམ་བུ་དེ་དག་ནི། རྒྱ་མ་རེར་ཧིན་སྒོར་དྲུག་བརྒྱ་ལྷག་རེ་གནས་ཀྱི་ཡོད། ཁམ་བུར་ཡང་ནང་བཅུད་བྱུང་ཟིན་པ་དང་། ཚོན་རྩིས་བྱུགས་ཟིན་པ་སོགས་འདྲ་མིན་སྣ་ཚོགས་ཡོད་ཅིང་། ལ་དྭགས་ཀྱི་ཁམ་བུ་ཞེས་ཡུལ་སྐོར་བ་ཚོས་ཧ་ཅང་དགའ་མོས་བྱེད་ས་ཞིག་ཡིན།
༤༠] ལ་དྭགས་ཀྱི་ཁ་ཆེ།
​​ཕྱི་ལོ་ ༡༨༤༠ ཙམ་ནས་ལ་དྭགས་མི་མང་གི་རང་དབང་ཀཱཤིསྨིར་གྱི་མངའ་འོག་ཏུ་ཤོར་བ་ནས་བཟུང་། ལ་དྭགས་ཀྱི་མི་རིགས་ཁྲོད་ཁ་ཆེའི་ཆོས་རྒྱུད་པ་ཡོང་མགོ་བརྩམས་ཡོད་པ་ང་ཚོས་ཚོད་དཔག་མེད་བྱེད་ཐུབ་པ་ཡིན། ད་ལྟའི་ཆར་ལ་དྭགས་ཀྱི་མི་གྲངས་བརྒྱ་ཆའི་བཅོ་ལྔ་ཙམ་ཁ་ཆེ་ཡིན་ཞིང་། དེ་དག་གི་རང་གི་ཆོས་ལུགས་ཀྱི་ལྟ་གྲུབ་དང་། བཟང་སྤྱོད་རྒྱུད་འཛིན་བྱས་ཡོད་པར་མ་ཟད། གླེ་རྒྱལ་སར་ཁ་ཆེ་ལྷ་ཁང་ཆེན་པོ་གཉིས་ཡོད་ཅིང་། གཅིག་བསྐྱར་གསོ་བྱེད་བཞིན་པའི་སྒང་ཡིན། ༧གོང་ས་མཆོག་གིས་ལ་དྭགས་ཁ་ཆེ་བ་ཚོའི་མི་རིགས་ཀྱི་ལར་ཞེན་དང་། ཆིག་སྒྲིལ། ཆོས་ལུགས་ཀྱི་དད་མོས་ལ་བསྔགས་བརྗོད་ལན་མང་གནང་མྱོང་ཞིང་། ཁ་ཆེ་བ་ཚོས་ཀྱང་༧ཁོང་གི་སྐུ་མདུན་ནས་མི་ཚེར་ཕན་པའི་ལམ་སྟོན་བཀའ་སློབ་དང་། སློབ་གསོ་མང་པོ་ཞུས་ཏེ་ཅི་ཐུབ་ཀྱིས་ལག་བསྟར་བྱས་ཡོད། 
རེ་ཞིག་མཇུག་རྫོགས་སོ།
ཟུར་ལྟའི་ཡིག་ཁུངས།
༡] ལ་དྭགས་ཀྱི་དགོན་པ་ཁག་གི་ལོ་རྒྱུས། ཌོཀ་ཌར་འཇམ་དབྱངས་རྒྱལ་མཚན་གྱིས་རྩོམ་བསྒྲིགས་བྱས་པ།
༢] ལ་དྭགས་ཀྱི་རྟེན་རྙིང་ཐོ་ཡིག ས་ཕུད་ངག་དབང་དཔལ་ལྡན་གྱིས་བརྩམས།
༣] ལ་དྭགས་ཀྱི་འགྲུལ་ཡིག ར་བེན་དྷར་ཁལ་རཱས་བརྩམས།
༤] www. the map of Ladakh
༥] alchi ཨ་ལྕི། བརྙན་དེབ། the living heritage of Ladakh
རྩོམ་འདི་དོ་བདག་གིས་ངེད་དྲྭ་བར་གནང་བས་གཞན་དུ་འདྲེན་བཀོད་བྱས་ན་སྤྱིའི་འགྲོ་སྟངས་བཞིན་རྩོམ་གྱི་ཡོང་ཁུངས་འགོད་དགོས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *