རི་སྤྱང་གི་སྙན་ངག་གསར་པ་གཉིས།
རྩོམ་ཡིག་འདི་ཐེངས་ 717 བཀླགས་འདུག
ཐོག་མའི་སེམས་བསྐྱེད།
རི་སྤྱང་།
རང་ཉིད་ནི་ལོ་འདི་ཡི་སྨྱུ་གུ་ཞིག་སྟེ།
ཅི་ཡང་མེད་པའི་ས་བོན་སྐྱ་རུག་ཅིག་ཏུ་སེམས།
ད་ལྟ་ནས་རྒྱུ་ཆུ་ལུད་དྲོད་གསུམ་འཛོམ་པར་བྱས་ན།
མི་འགྱངས་པར་རེ་བའི་ལང་ཚོ་ལ་འདབ་དྲུག་གི་སྙེ་མ་སྨིན་ཏེ།
སྟོན་གྱི་རང་མདངས་མཁའ་ལ་འཆར་དུས་སུ།
ལོ་འདབ་རེ་རེས་མི་སེམས་ལ་འོད་སྣང་སྩོལ་ནུས་པར་ཤོག་ཅིག
ཡང་ན་མཛེས་སྡུག་ལྡན་པའི་སྤང་ཐང་ཞིག་ལ་འགྱུར་ནས།
ནད་ཀྱིས་གདུང་བའི་སེམས་ཅན་ལ་བདེ་སྐྱིད་ཀྱི་ཆར་ཐིགས་རེ་ཕབ་ནུས་པར་ཤོག་ཅིག
ང་རང་གནས་འདིར་ཅི་ཞིག་གི་ཆེད་དུ་འོང་བ་ཡིན།
རང་གི་ལང་ཚོ་སྔར་མེད་པའི་མེ་ཏོག་ཅིག་སྐྱེས་པའི་ཆེད་དུ་ཡིན།
ཤེས་བྱ་ནམ་མཁའི་སྐར་ཚོགས་ཇི་བཞིན་མང་ན་ཡང་།
ཤེས་བྱའི་ཟེགས་མ་གང་ཡང་རུང་བ་ཞིག་ཐོབ་པའི་ཆེད་དུའོ། །
ཡོད་ཚད་བློས་གཏོང་བྱས་ཏེ་གནས་འདིར་སླེབས་པ།
རང་གིས་རང་ཉིད་ལ་བསྒྱུར་བཅོས་བྱས་ཏེ།
ཡང་དག་པའི་ལམ་བུ་ཞིག་འཚོལ་དུ་འོང་བ་ཡིན།
ལམ་དེ་ཕྱིའི་ལྟ་སྣང་ལ་འགག་སྒོ་ཇི་ལྟར་དོག་ན་ཡང་།
སྙིང་སྟོབས་ཀྱི་སྒོ་ཆེན་ཡངས་པོར་ཕྱེས་ཏེ་དལ་གྱིས་སྐྱོད་དང་།
རང་ཉིད་རྒྱུ་བའི་ལམ་བུ་ནི་རིན་ཐང་སྟོང་ལས་ལྷག་པའི་ནོར་བུ་ཞིག་ཡིན་ངེས།
༢༠༢༠/༤/༡༢
ང་རྒྱལ་གྱི་རླུང་བུ་བསིལ་བསིལ་གཡུག་ཆོག
ཆམ་ནད་ཀྱིས་གདུང་བའི་གཞོན་ནུ་འདི་ཚོ།
དྲག་ཏུ་འཚུབ་པའི་རླུང་དམར་གྱི་དབུས་ན།
མི་ག་གེ་མོ་ཞིག་གི་ལྟག་རྒྱབ་ཏུ་ལྷོག་ལྷོག་ཏུ་འགུལ་བཞིན་པའི་དྲ་འབུ་འགའ་རེད།
ཡང་ན་རང་ཉིད་བོར་ནས།
ས་མཐར་འཁྱམ་པའི་ཁྱི་རྒན་ཞིག་མཚུངས་པ་ལའང་།
ང་ཚོ་ལ།
རང་རང་ལ་ཐུན་མོང་མ་ཡིན་པའི་ལྟ་ཚུལ་ཡོད་ཆོག
ང་ཚོ་ལ།
གཞན་གྱི་ཚབ་བྱེད་མི་ཐུབ་པའི་ང་རྒྱལ་གྱི་མགོ་འཕང་ཡོད་ཆོག
ང་ཚོས་གསེར་གྱི་དུས་ཚོད་ལ་རྔུལ་གྱི་ཕྲ་ཤན་བརྒྱབ་ཆོག
ང་ཚོ་ཡིས་རང་གི་ང་རྒྱལ་གྱི་རླུང་བུ་བསིལ་བསིལ་གཡུག་ཆོག
ང་ཚོ་ཡིས་རང་གི་ལམ་བུ་ལ་མེ་ཏོག་གི་འཇའ་ཚོན་བསླ་ཆོག
ང་ཚོ་ནི་གཞན་གྱི་ལག་ནང་གི་འགྱིག་རྡེའུ་དེ་ཡང་མ་ཡིན
ང་ཚོ་ནི་གཞན་གྱི་ལྟག་རྒྱབ་ཀྱི་དྲ་འབུ་དེ་ཚོ་མ་ཡིན།
ང་ཚོ་ནི་མི་ཆེན་ཚོར་ངོ་དགའ་སྤྲེལ་ལྷད་འཁྲབ་པའི་བྱིས་པ་དེ་ཚོའང་དེ་བས་མ་ཡིན །
༢༠༢༠/༣/༩
བསམ་ཚུལ་ཕྲིས།