ཆང་གཞོན་ནུའི་སྙན་ངག་གསར་པ་གཉིས།
རྩོམ་ཡིག་འདི་ཐེངས་ 651 བཀླགས་འདུག
རང་བྱུང་ཁམས་དང་ཚེ་སྲོག་ལ་མྱ་ངན་དང་དགོངས་དག་ཞུ།
ཆང་གཞོན་ནུ། མཚོ་ལྷོ།
སྲིད་པའི་གངས་རི་ལ་ཚ་དྲོད་ཀྱིས་གཙེས་ཤིང་།
བསྐལ་བའི་མཚོ་ཆེན་ལ་མི་གཙང་བས་སྦགས་ནས།
སའི་གོ་ལ་ཉིད་ཀྱི་ཚེ་སྲོག་ལ་རྒོལ་བ་ཐེབས་དུས།
སའི་གོ་ལའི་གློ་བ་ལྟ་བུའི་ནགས་ཚལ་སུ་ཡིས་བྲེགས།
སའི་གོ་ལའི་བྲང་གཞོང་ལྟ་བུའི་གཏེར་ཁ་སུ་ཡིས་བསྔོགས།
སའི་གོ་ལའི་ཁྲག་རྒྱུན་ལྟ་བུའི་གཙང་བོར་སུ་ཡི་ནད་དུག་ཕོག
སའི་གོ་ལའི་བུ་ཕྲུག་ལྟ་བུའི་སྲོག་ཆགས་དག་སུ་ཡིས་དམར་གསོད་བཏང་།
རང་བྱུང་ཁམས་ལ་བརྩི་བཀུར་གནང་རོགས།
དེ་ནི་མིའི་རིགས་ཀྱིས་རང་ཉིད་ལ་བརྩི་བཀུར་གནང་བ་ཡིན།
རང་བྱུང་ཁམས་ལ་མ་གུས་པའི་བྱས་ཉེས་དེས།
ཚེ་སྲོག་ལ་མ་གུས་པའི་འབྲས་བུ་རུ།
ང་ཚོར་བསམ་ཡུལ་ལས་འདས་པའི་ཆག་སྒོ་བསྐྱལ་ཡོང་།
དེ་རིང་ང་ཡིས་འོད་ལམ་ལམ་གྱི་མཆོད་མེའི་མདུན་དུ།
དེ་རིང་ང་ཡིས་སྙན་ལྷང་ལྷང་གི་ཆོས་དབྱངས་ཁྲོད་ནས།
མགོ་བོ་སྨད་ཅིང་གཉའ་ཞུམ་ནས།
ཁྱེད་ལ་འགྱོད་བཤགས་བྱེད།
ཁྱེད་ལ་དགོངས་དག་ཞུ།
འདོད་ཧམ་ཆེ་བའི་མིའི་རིགས་ཀྱི་ཚབ་ཏུ་འགྱོད་བཤགས་བྱེད།
སྒེར་སེམས་ཆེ་བའི་མིའི་རིགས་ཀྱི་སླད་དུ་དགོངས་དག་ཞུ།
གཤེད་མ་ལྟ་བུའི་མི་ཁ་ཤས་ཤིག་གིས།
སྙིང་རྗེ་མེད་པའི་དམར་གསོད་ཀྱི་གཡུལ་བཤམས་ནས།
རི་སྐྱེས་ཀུན་གྱི་ཚེ་སྲོག་ལ་ཁྲག་གི་འཁོར་ལོ་བསྐོར་ནས།
ཡ་ང་བའི་གསོད་གཏུབ་གཙབ་གསུམ་བྱས་ཏེ།
ཁོ་ཚོའི་ཚེ་སྲོག་ལ་རིན་ཐང་ཨེན་ཙམ་ཡང་མ་སྤྲད་པས།
ད་ནི་ཁོ་ཚོས་ཀྱང་ཆེས་གདུག་རྩུབ་ཆེ་བའི།
ཆེས་སྙིང་རྗེ་མེད་པའི།
བྱེད་ཐབས་ཤིག་གིས་གཤེད་མ་ཚོར་རོ་སྐྱིན་བླངས།
དགྲ་ཤ་བརྩད་པ་མ་ཡིན་ནམ།
མིའི་རིགས་ལ་ཞེ་སྡང་དང་ཁྲོང་ཁྲོ་ཡོད་པ་ནང་བཞིན།
ཁོ་ཚོ་ལ་འང་ཞེ་སྡང་དང་ཁོང་ཁྲོ་ཡོད་ངེས།
མིའི་རིགས་ལ་བྱམས་སེམས་དང་སྙིང་རྗེ་མངའ་བ་བཞིན་དུ།
ཁོ་ཚོར་ཡང་བྱམས་སེམས་དང་སྙིང་རྗེ་མངའ།
ང་ཚོས་ཞེ་འཁོན་རྩོད་སྲིད་པ་ཇི་བཞིན།
ཁོ་ཚོས་ཀྱང་ཞེ་འཁོན་རྩོད་སྲིད།
འདི་ནི་ང་ཚོས་ཁོ་ཚོ་ལ་བཙན་བཙུགས་པ་རེད།
ནད་ཡམས་ཀྱི་འཇིགས་པ་ཆེན་པོས།
སའི་གོ་ལ་ཧྲིལ་བོ་ཁྱུར་མིད་བཏང་།
བློ་དཀར་གྱི་ལྷ་རྗེ་དང་སེམས་དཔའ་ཚོ།
ཁྱེད་ཚོར་གུས་འདུད་ཞུ།
ནད་ཀྱིས་གཟིར་བའི་རིགས་མཐུན་གྱི་སྤུན་ཟླ་ལགས།
རིམས་ནད་དེ་ཁྱོད་ལ་ཕོག་པ་སྙིང་ལ་གཟན།
རིམས་ནད་དེ་ཁྱོད་ལ་གཏན་ནས་མི་འབབ་མོད།
འདི་ནི་སུ་ཞིག་གི་བྱས་ཉེས་ཡིན་ངེས།
ཁྱོད་ཀྱི་དོན་དུ་ངས་མྱ་ངན་ཞུ།
ཁྱོད་ཀྱི་དོན་དུ་ངས་སྨོན་ལམ་གསོལ་འདེབས་མང་ཙམ་བྱས།
ང་ལ་འདི་ལས་ལྷག་པའི་ནུས་པ་ཅི་ཡང་མེད།
ཅི་ཡང་མེད་པའི་ང་ལ་ཡོད་པ་ནི་ཁྱོད་ལ་བསྐྱེད་པའི་གདུང་སེམས་ཡིན།
ཅི་ཡང་མེད་པའི་ང་ལ་ཡོད་པ་ནི་ཁྱོད་ལ་བཏབ་པའི་སྨོན་འདུན་ཡིན།
ཁྱོད་ཀྱི་དཔའ་མ་ཞུམ་ཨང་།
གཉའ་མ་ཆག་ཨང་།
ང་ཚོར་མཛེས་སྡུག་གི་སང་ཉིན་ཡོད་པ་གདོན་མི་ཟ།
ང་ཚོས་རང་བྱུང་ཁམས་ལ་འགྱོད་བཤགས་བྱས་ན།
ང་ཚོས་རང་བྱུང་ཁམས་ལ་དགོངས་དག་ཞུས་ན།
ང་ཚོས་ཚེ་སྲོག་ལ་བརྩི་བཀུར་བྱས་ན།
ང་ཚོས་མགོ་བོ་འགྱོགས་པའི་དུས་ཤིག་ལོས་ཡོད།
སེམས་ཀྱི་ཕུ་ནུ་མིང་སྲིང་།
ང་ཚོར་སྐྱིད་ཀྱི་ཉི་མ་འཆར་བའི་དུས་ཤིག་ལོས་ཡོད།
རང་བྱུང་ཁམས། ངས་ཁྱེད་ལ་མྱ་ངན་དང་དགོངས་དག་ཞུ།
ཚེ་སྲོག་ལགས།ངས་ཁྱེད་ལ་མྱ་ངན་དང་དགོངས་དག་ཞུ།
ང་ཚོར་མ་འོངས་པ་ཡོད། སང་ཉིན་ཡོད།
སྙིམ་པར་ལྷུང་བའི་མཚན་སྐར་སུམ་ཅུ།
ཀ
ལན་བུའི་སྣེ་རུ་ཟིལ་བ་ཆགས་པའི།
སློག་པའི་གོང་ཁ་དགུན་གྱི་བ་མོས་བཟུང་བའི།
པད་མ་འདྲ་བའི་བརྩེ་ལྡན་སྒྲོལ་མ་ལགས།
ང་ནི་ཁྱོད་ཀྱི་ཉི་ཟླའི་སྤྱན་ཟུང་ལ་དུངས།
ཁ
འཆར་ཀའི་ཉི་གཞོན་ཤར་རིའི་རྩེ་ནས་འཕགས་བྱུང་།
མཚན་གྱི་དུང་ཟླ་མུན་པའི་མཁའ་ནས་ཚེས་བྱུང་།
ཁྱེད་ཀྱི་ཞལ་རས་དང་འདྲ་བར།
ཞལ་གྱི་འཛུམ་ཆུང་དང་འདྲ་བར།
ག
རེད་ཡ། བརྩེ་ལྡན་གྱི་སྒྲོལ་མ།
མི་ལོ་དུ་མའི་རྗེས་སུ།
ང་ཡིས་སླར་ཡང་ཀུ་ཤུ་དམར་བོ་ལྟ་བུའི།
ཁྱོད་ཀྱི་མཁུར་ཚོས་ཀྱི་དམར་ཤ་དྲན་སྲིད།
ང
དུས་ཀྱི་འགྱུར་བག་གི་ཁྲོད་ནས།
ཁ་སྐྱེངས་ནས་མགོ་བོ་དུད་པའི་སྨན་ཆུང་།
གཉོམ་དུང་དུང་གི
ཞེ་རྩ་མཆི་མས་བརླན་པའི།
འབྲོག་མོ་ཁྱོད་རང་རྩྭ་ཐང་ནས་འབོར་སྲིད།
ཅ
ང་ནི་རྩེད་ཆས་བོར་བའི་བྱིས་པ་ཇི་བཞིན།
ཁྱོད་རང་གང་སར་འཙལ་ངེས།
ཡིན་ནའང་ང་ལ་ཐོབ་པ་ནི།
སྡུལ་བསྔལ་འབའ་ཞིག་གོ །
ཆ
དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད།
བརྩེ་ལྡན་གྱི་སྒྲོལ་མ།
ཁྱོད་ཀྱི་རྒྱབ་གཟུགས་མག་མོག་ཏུ་གྱུར་ནས།
ང་ལ་དྲན་གདུང་གི་ན་ཟུག་སྒྱེ་གང་བསྐྱུར་ནས་འགྲོ་སྲིད།
ཇ
ཆེས་མངར་བ་ནི་ཁྱོད་ཡིན་ལ།
ཆེས་སྐྱུར་བའང་ཁྱོད་རེད།
ས་འདི་རུ་ཁྱོད་ཉིད་མེད་པས།
ཡོད་ཚད་ལ་དོན་སྙིང་གིས་སྟོངས།
ཉ
མཚན་མོའི་རྨི་ལམ་དུ།
ཁྱོད་རང་སླེབས་བྱུང་།
ཁྱོད་རང་སླེབས་པ་ན། ངའི་སྙིང་གཏམ་གྱི་ཤྭ་འོད་བརྡོལ་བྱུང་།
ནམ་ལངས་རྗེས། ཁྱོད་རང་ངའི་གམ་དུ་མི་འདུག
ཏ
རེད་ཡ། མི་ཡུལ་གྱི་སྒྲོལ་མ་ལྷ་མོ།
འབྲོག་ཐང་ནས་བོར་བའི་ངའི་རྣམ་ཤེས་གསོན་པོ།
ཁྱོད་རང་སོང་བ་ནས་བཟུང་།
ངའི་འཇིག་རྟེན་ལ་དབྱར་ཟླ་ཚེས་ཐབས་མ་བྱུང་།
ཐ
ད་ལྟ།
ནོར་ལུག་གི་རྦ་རླབས་འཕྱོ་བའི་རྗེས་ན།
འུར་ཆ་ཐོགས་པ་གཞོན་ནུ་མ་ཚོ་གང་དུ་སོང་།
ལ་གཞས་ལེན་ཤེས་པའི་སྨན་ཤར་ཚོ་གང་དུ་སོང་།
ད
དེ་བས་ཀྱང་།
མཚན་སྐར་ཁྲ་ལེམ་མེར་བཀྲ་བའི་ནུབ་མོར།
ཆུང་འདྲིས་ཁྱི་ཡིས་རྨུགས་འགྲོ་བར་སེམས་ཁུར་ཆེ་བའི།
བུ་མོ་དེ་ཚོ་གང་དུ་སོང་།
ན
སེམས་ཀྱི་བརྩེ་ལྡན་སྒྲོལ་མ་ལགས།
སྙིང་གི་བྱུ་རུ་དམར་ཆུང་ལགས།
ཁྱོད་ནི་དེ་ཚོའི་གྲས་ཀྱི་གཅིག་ཡིན་ནམ།
ཁྱོད་ནི་དེ་ཚོའི་གྲ་ས་ཀྱི་གཅིག་ཡིན།
པ
དགུན་ཟླ་མཐའ་མ་འདི་ལ་ཁ་བ་བབས་བྱུང་།
ང་ཡིས་ཁ་བའི་ཁྲོད་ནས་ཁ་བ་དྲན་དགོས་སོང་།
ཁ་བ་ལྟ་བུའི་ཁྱོད་ཀྱི་ཡོད་ཚད་དྲན་དགོས་སོང་།
ཁ་བ་ལྟ་བུའི་ཁྱོད་ཀྱི་ཕྱི་ནང་གསང་གསུམ།
ཕ
ད་ལྟ་ཡོད་ཚད་ལ་འགྱུར་བ་བྱུང་འདུག
ད་ལྟའི་མི་རྣམས་ཀྱི་མདུན་དུ།
བརྩེ་དུང་ཟེར་བའི་ཐ་སྙད་འདི་ལ་རིན་ཐང་ཅི་ཡང་མེད།
ཁྲེལ་གཞུང་ཕྱི་ཐག་ཅན་གྱི་ཁྱོད་རང་གང་དུ་འཚོལ།
བ
སྐེ་ལ་སྲུང་འཁོར་བཏགས་པའི་ཁྱོད་ལ།
གསེར་གྱི་གའུ་མི་དགོས།
དངུལ་གྱི་མགུལ་རྒྱན་ཡང་མི་དགོས།
ངས་ཁྱོད་ལ་སེར་ཆེན་མེ་ཏོག་གི་སྐེ་རྒྱན་ཞིག་བསླ།
མ
ལྭ་འདབ་རླུང་གིས་བསྐྱོད་ནས།
ཕྱག་གཡས་ཐོད་ལ་ཀེར་ཏེ།
ཁྱོད་ཀྱིས།
སུ་ཞིག་གི་ལོག་ཕེབས་ལ་རྒྱང་མིག་འཕེན།
ཙ
ངང་སྒུག་གི་གོ་རིམ་ནི་མནར་གཅོད་ཀྱི་གོ་རིམ་ཡིན།
དུས་ཀྱི་འཁོར་སྐྱོད་བརྗེས་ནས་དབྱར་ཁ་ཚེས་སོང་།
ལྷོ་མོན་ཁུ་བྱུག་སྔོན་མོའང་ཕྱིར་ལ་སླེབས་བྱུང་།
སྒྲོལ་མ། ཁྱོད་རང་ནམ་ཞིག་ལ་ཕྱིར་ལོག་རྒྱུ།
ཚ
བཅོ་ལྔའི་ལྷ་ཟླ་ཚེས་སོང་།
ཁྱོད་ཀྱི་བྱད་བཞིན་ཨེ་ཡིན།
མཚན་སྐར་ལྷམ་མེར་འཚེར་བྱུང་།
ཁྱོད་ཀྱི་མིག་ཟུང་ཨེ་ཡིན།
ཛ
ནུབ་ཁའི་ཉི་མ།
ས་སྲོད་ཀྱི་མཚམས་སྤྲིན་དམར་བོ།
ང་ལ་མཚན་མོ་སླེབ་ཏུ་མ་འཇུག
ང་ནི་གཉིད་མི་ཡོང་བའི་མཚན་མོར་སྐྲག
ཝ
བརྩེ་ལྡན་སྒྲོལ་མ་ལྷ་མོ།
ཞིང་ཚིགས་སུ་མངོན་པ་ཁྱོད་ཀྱི་མགོ་དཀྲིས་ཨེ་རེད།
བརྩེ་ལྡན་སྒྲོལ་མ་ལྷ་མོ།
འབྲོག་ཐང་དུ་གྲགས་པ་ཁྱོད་ཀྱི་གླུ་སྐད་ཨེ་རེད།
ཞ
ང་ཁོ་ནར་དབང་བའི་ལ་གཞས་དེ་ལེན་རོགས།
ང་ཁོ་ནར་བཤད་པའི་སྙིང་གཏམ་དེ་བཤད་རོགས།
ང་ཁོ་ནར་བསྟན་པའི་སེམས་པ་དེ་སྟོན་རོགས།
ང་ཁོ་ནར་་་།
ཟ
ཟླ་བའི་བསིལ་ཟེར་ལས་ཁྱེད་ཀྱི་བརྩེ་བ་ཚོར།
རླུང་བུའི་རྒྱུ་བག་ལས་ཁྱེད་ཀྱི་ཞི་འཇམ་ཚོར།
ཆུ་མོའི་དྭངས་ཤ་ལས་ཁྱེད་ཀྱི་གཤིས་ཀ་མཐོང་།
སྒྲོལ་མ། ང་ལ་འདི་ལས་གཞན་ཅི་ཞིག་དགོས་ཨང་།
འ
དགུན་ཁ་ནི་སྡིག་ཉེས་ཡོད་པའི་དུས་ཚིགས་ཤིག་ཡིན།
ང་ཁྱོད་དང་གྱེས་དུས་དགུན་ཁ་ཞིག་ཡིན།
དགུན་ཁ་ནི་དགེ་བ་མོད་པའི་དུས་ཚིགས་ཤིག་ཡིན།
ང་ཁྱོད་དང་འཕྲད་དུས་དགུན་ཁ་ཞིག་ཡིན།
ཡ
མེ་ཏོག་གིས་ཁྱོད་མཚོན་མི་ནུས།
ཟླ་བས་ཁྱོད་མཚོན་མི་ནུས།
འཇའ་ཚོན་གྱིས་ཀྱང་ཁྱོད་མཚོན་མི་ནུས།
དེས་ན། ཁྱོད་ཁོ་ནས་ཁྱོད་མཚོན་པར་བྱ།
ར
བཞོ་ཟེའུ་འཛིན་པའི་ཁྱོད་རང་དྲན།
འོ་མའི་མཆོད་ཁ་འཕེན་པའི་ཁྱོད་རང་དྲན།
བེའུ་རྡང་དང་འབྲི་རྡང་བར་ན།
རླུང་ནག་ལྟར་རྒྱུ་བའི་ཁྱོད་རང་དྲན།
འོ་ཇ་དཀར་ཡོལ་གང་འདྲེན་ཞོར།
འཛུམ་ཆུང་སྟོན་པའི་ཁྱོད་རང་ལྷག་ཏུ་དྲན།
ལ
འཛུམ་མདངས་ལྷུག་ལྷུག་གི
ཧབ་ཆ་སིང་སིང་གི
དགོད་འཛུམ་འཚེར་འཚེར་གྱི།
ལ་གཞས་ལ་དུང་བའི་ཁྱོད་རང་།
ངའི་དུས་གསུམ་དུ་ཁྱོད་རང་སླེབས་ཤོག
ང་ལ་འགྲམ་པ་གླན་རོགས།
ཤ
ཧ་ཅང་དྭངས་པའི་རྫ་ཆུ་བསིལ་མ།
ཁྱོད་ཀྱི་མིག་མཐའ་ནས་བཞུར་ཏེ།
ངའི་སེམས་ཁོང་དུ་འཁྱིལ།
ང་རང་འཁྱག་སིབ་སིབ། གྲང་ཤུར་ཤུར།
ས
རི་རྩེ་ནས་བསང་ཞིག་ཕུད་པ་ཁྱོད་ཀྱི་དོན།
བསང་དུད་ལང་ལོང་གི་ཁྲོད་ནས།
སྨོན་ལམ་ཞིག་བཏབ་པ་ཡང་ཁྱོད་ཀྱི་དོན།
ལྷ་ཁང་ནས་ཕྱག་ཅིག་འཚལ་བ་ཁྱོད་ཀྱི་དོན།
མི་ཚོགས་ཟང་ཟིང་གི་ཁྲོད་ནས།
གསོལ་འདེབས་ཤིག་བྱས་པའང་ཁྱོད་ཀྱི་དོན།
ཧ
དར་ལྕོག་བསིལ་རླུང་གིས་བསྒུལ་བྱུང་།
ལྷབ་ལྷུབ་ཏུ།
མེ་ཏོག་ཆར་ཆུ་ཡིས་བཀྲུས་བྱུང་།
ལམ་ལམ་དུ།
ངའི་སེམས་པ་ཁྱོད་ཀྱིས་བསྒུལ་བྱུང་།
སྨྲེང་ཤུར་ཤུར།
ཨ
འབྲི་མོ་རྡང་ལ་བཏགས་ཟིན།
ལུག་ཁྱུ་ལྷས་ལ་འཁོར་ཟིན།
རྟ་ཕོ་སྒང་ནས་བརྟད་ཟིན།
སྒྲོལ་མ་ལྷ་མོ། ད་ནི་འཛུམ་ཆུང་གྱི་ལེར།
སྐད་ངག་ལྷང་ངེར།
གློད་མ་ཚར་བའི་སྙིང་གཏམ།
བླངས་མ་ཚར་བའི་ལ་གླུ།
རྒྱུན་སྐྱོང་རོགས།
བསམ་ཚུལ་ཕྲིས།