མི་ཡུལ་གྱི་དག་ཞིང་དུ་ཡོང་བའི་ཟིན་ཐོ།

རྩོམ་ཡིག་འདི་ཐེངས་ 1122 བཀླགས་འདུག


གོ་ཡེ་ཤེས་རྒྱ་མཚོ།

༡༽
ངའི་ཕ་ཡུལ་ནི་འདི་ནས་རྒྱང་རིང་གི་རི་ཁུག་ལུང་ཀྱོག་ཏུ་མཆིས་ཤིང་། ཕྱོགས་བཞི་རི་བོས་ཡོངས་སུ་བསྐོར་ཏེ་ཆགས་ཡོད་སྟབས། ཆ་རྒྱུས་ཡོད་མཁན་ཞིག་མ་ཡིན་ན་གནས་དེ་རུ་གྲོང་པ་ཞིག་ཡོད་མེད་ཀྱང་ཧ་གོ་མི་ཐུབ་པའི་ཚོད་དུ་མཆིས། ཕ་ཡུལ་གྱི་རི་སྐེད་དང་། གྲོང་པའི་གཡས་གཡོན་སྔུན་རྒྱབ་རྣམས་སུ་ཞིང་ཁ་མང་པོ་གྲལ་སྟར་བསྒྲིགས་ནས་ཆགས་ཡོད་ལ། གཤིས་ཆུ་ཟེར་བའི་ཆུ་ཕྲན་ཞིག་ཀྱང་ལུང་པའི་ཕུ་ནས་གྲོང་གཞུང་བརྒྱུད་དེ་ལུང་འདབས་སུ་ནམ་རྒྱུན་བཞུར་གྱི་ཡོད།

གནས་འདིའི་མི་མང་ཤོས་ནི་བོད་མི་བྱིངས་ལྟར་རྒྱུ་འབྲས་བརྩི་ཞིང་བསམ་པ་བཟང་ལ། དྲང་པོ་དྲང་བཞག་བྱེད་མཁན་དེ་འདྲ་ཡིན་ཞིང་། ཁོ་ཚོས་དགུན་དུས་ལས་གཞན་པའི་དུས་ཚོད་ཕལ་ཆེར་ཞིང་ལས་གཉེར་ཏེ་རང་ཉིད་དང་ཁྱིམ་ཚང་གི་ཁ་གསོ་ཐབས་བྱེད་ཀྱི་ཡོད། ཕ་ཡུལ་གྱི་ནུབ་ངོས་སུ་རི་བྱ་རྒོད་ཀྱི་མགོ་དང་འདྲ་བ་ཞིག་གི་སྒང་དུ་དགོན་པ་ཆུང་ཆུང་ཞིག་ཆགས་ཡོད་པ་ནི།ཡུལ་མི་རྣམས་ཀྱིས་ཤི་གསོན་གྱི་སྐྱབས་འཇུག་ཞུ་ས་དང་། ཁོ་བོའི་ཆུང་དུས་ཀྱི་ལང་ཚོའི་མྱུ་གུ་འབུས་ས་རེད། དེ་ཡང་ཁོ་བོའི་དགོན་པ་ནི་དགུན་ཁ་དྲོ་ལ་དབྱར་ཁ་ཅུང་ཟད་བསིལ་བའི་ས་རུ་ཆགས་ཡོད་པས་དྲོ་གྲང་སྙོམས་པོར་མཆིས་ལ། གནས་འདི་རུ་ཁོ་བོ་བྱིས་པ་ཡིན་དུས་སུ་ཚེས་བཅུ་དང་ཉེར་ལྔ་སོགས་འཚོགས་ཏེ་མཆེད་གྲོགས་དག་དང་ལྷན་དུ་ཡུན་རིང་པོར་བསྡད་མྱོང་སྟབས། ཁོ་བོའི་སེམས་ངོས་སུ་བག་ཆགས་འཇོག་མཁན་ཤུགས་ཆེ་ཤོས་ཤིག་ཡིན།

༢༽
ཞོགས་པའི་དུས་ཀྱི་ཉི་ཟེར་ཕ་ཡུལ་གྱི་རི་མགོར་འཕྲོས་པ་དང་ཆབས་ཅིག་དུད་ཚང་རེའི་སྒོ་ནས་མང་ཉུང་ལ་མ་ལྟོས་པའི་སྒོ་ཟོག་རྣམས་ཕྱི་ལ་བདས་ཏེ་སྐབས་ཤིག་རིང་འུར་འུར་ཟིང་ཟིང་བྱེད་པ་དང་། དོ་དགོང་ཉི་མ་ནུབ་ཕྱོགས་ཀྱི་ལ་རྒྱབ་ཏུ་ག་ལེར་བཞུད་པའི་སྐབས་སུ་ཡང་། ད་ནངས་སྔ་དྲོའི་ཟོག་ཁྱུ་དེ་ཕྱུགས་རྫིས་རང་ཁྱིམ་དུ་དེད་འོང་དུས། ཡང་བསྐྱར་འུར་འུར་ཟིང་ཟིང་ཐེངས་ཤིག་བྱེད་པ་ལས་གཞན། ཕ་ཡུལ་ནི་དུས་རྒྱུན་ལྷིང་འཇགས་སེར་གནས་ཤིང་།འཕྲུལ་འཁོར་གྱི་རིགས་དག་ནི་ལོ་རེའི་ནང་དུ་ཐེངས་རེ་གཉིས་ཤིག་ལས་ཕལ་ཆེར་མཐོང་རྒྱུ་མེད་ལ། ཁ་པར་གཏན་ནས་མཐོང་མ་མྱོང་བའི་མི་གང་མང་ཡིན་པ་ནི་སྨོས་མེད་རེད། (སྐབས་འདིར་ཁོ་བོས་ཤོད་ཀྱིན་པ་ནི། མི་ལོ་ཉི་ཤུ་རྩ་གྲངས་ཡར་སྔོན་གྱི་ཕ་ཡུལ་གྱི་གནས་ཚུལ་ཡིན་པ་ལས། ད་ལྟའི་གནས་ཚུལ་མ་ཡིན།)དེ་ལྟ་བུའི་འཚོ་བའི་གནས་ཚུལ་འོག་ཏུ་སྐད་ཆ་འགའ་རེ་ཐོས་པ་དག་ཀྱང་ཕ་ཡུལ་ཡར་མར་གྱི་སྐད་ཆ་ཡིན་པ་ལས། ཐག་རིང་གི་སྐད་ཆ་དེ་འདྲ་ཚོར་གྱི་མེད་པའི་དབང་གིས་ཐག་རིང་གི་གནས་ཚུལ་ཡང་གསལ་པོར་རྟོགས་ཀྱི་མེད། འོན་ཀྱང་སྟེས་དབང་ཞིག་གམ་ཡང་ན་སྔོན་བསགས་ཀྱི་ལས་དབང་ཞིག་ཡིན་མི་ཤེས་མོད། གང་ལྟར་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་སྨད་ཙམ་ལ། ངའི་ཕ་ཡུལ་དུ་ཐག་རིང་ནས་ཡོང་བའི་བླ་མ་ཁ་ཤས་དགེ་བསྐུལ་དུ་འབྱོར་ཞིང་། ཤེས་གསལ་ལྟར་ན་ཁོང་ཚོ་ནི་བླ་རུང་སྒར་ནས་ཕེབས་པའི་གོ་འཇོའི་བླ་མ་ཁ་ཤས་རེད་འདུག་ལ། བླ་མ་ཡིད་བཞིན་ནོར་བུའི་མཚན་དེ་ངས་ཁོང་ཚོའི་ཞལ་ནས་ཐོག་མར་ཐོས་ཤིང་། གསེར་རྟ་བླ་རུང་སྒར་ཞེས་པའི་མིང་དེ་ཡང་བདག་ལ་མཚོན་ན་དང་པོར་ཐོས་པ་ཡིན། ངས་དྲན་པ་ལྟར་ན། དགེ་བསྐུལ་དུ་ཕེབས་པའི་བླ་མ་རྣམས་ཀྱིས་དབང་སྡུད་གསོལ་འདེབས་དང་། འོད་དཔག་མེད་ཀྱི་སྒྲུབ་ཐབས་བདེ་ཆེན་མྱུར་ལམ། ད་དུང་བྱ་ཁྱུང་གི་རྟགས་ཅན་གྱི་གོང་རྟགས་ཤིག་བཅས་བསྣམས་འདུག་ཅིང་།དེ་དག་གི་ཕན་ཡོན་ཡང་ང་ཚོར་ཞིབ་ཏུ་གསུངས་སོང་བས། ངའི་ཕ་ཡུལ་གྱི་ཡུལ་མི་མང་ཆེ་བས་དགེ་བསྐུལ་དེ་ཚོ་ཁས་བླངས་སོང་ལ།བདག་ཀྱང་དེ་དུས་ལོ་ངོ་བཅུ་གསུམ་བཅུ་བཞི་ཞིག་ལས་མ་ཡིན་མོད།འོན་ཀྱང་ཡི་གེ་ཡག་པོ་འདོན་ཤེས་ཀྱི་ཡོད་སྟབས། གོང་གི་དགེ་བསྐུལ་དེ་དག་ལ་དབང་སྡུད་གསོལ་འདེབས་ཁྲི་གཅིག་དང་། ཨ་མི་དྷེ་ཝ་འབུམ་གསུམ། འོད་མཚན་བྱེ་ཆུང་གཅིག་བཅས་ཁས་ལེན་ཞུས་པ་ཡིན། སྐབས་དེར་ཁོ་བོ་ལོ་ན་ཆུང་བས་གཞན་དག་ནི་གང་ཡང་ཤེས་ཀྱི་མི་འདུག་མོད། འོན་ཀྱང་བླ་རུང་སྒར་དང་བླ་མ་ཡིད་བཞིན་ནོར་བུར་བཅས་པར་ཆོས་དང་འབྲེལ་བའི་བག་ཆགས་བཟང་པོ་ཞིག་ནི་བཞག་པ་ཡིན།

༣༽
ཕ་ཡུལ་གྱི་ན་མཉམ་ཚོ་དང་ལན་རེར་འགྲིག་ལ་ལན་རེར་འཛིང་བ་དང་། གྲོང་ཆོག་ལའང་ཅུང་ཟད་འགྲོ་བ་སོགས་ཀྱིས་ངའི་བྱིས་དུས་ཀྱི་འཚོ་བ་རིམ་གྱིས་མཇུག་རྫོགས་ཏེ་དུས་རབས་ཉེར་གཅིག་པའི་མགོ་ཚུགས་པའི་ཕྱི་ལོ་སྟེ། ཉིས་སྟོང་གཅིག་གི་ལོར་ངའི་མཆེད་གྲོགས་བསོད་ནམས་ནོར་བུ་ལགས་བླ་རུང་སྒར་ནས་ཕ་ཡུལ་དུ་ཡོང་ཞིང་། སྐབས་དེར་ངེད་ཚོས་ཁོང་ནི་གསེར་རྟ་སྒར་ནས་ཡོང་བ་ཡིན་སྟབས་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། ཁོང་གི་ས་ནས་ངས་བླ་རུང་སྒར་གྱི་སྤྱི་བྱེའི་གནས་ཚུལ་མང་པོ་དང་། ལྷག་པར་དུ་བླ་མ་ཡིད་བཞིན་ནོར་བུ་དང་བླ་མ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱི་རྣམ་ཐར་མང་དུ་ཐོས་ཤིང་། ཁོང་གིས་ཀྱང་ལོ་ན་ཆུང་དུས་དཔེ་ཆ་བལྟ་དགོས་རབས་སོགས་མང་པོ་ཞིག་ཤོད་ཀྱི་ཡོད་སྟབས། ཁོ་བོ་ནི་དེ་ནས་བཟུང་བླ་རུང་སྒར་དང་བླ་མ་ཡིད་བཞིན་ནོར་བུ་སོགས་ལ་དད་འདུན་ཅུང་ཟད་འཇོག་ཤེས་མཁན་ཞིག་ཏུ་གྱུར་པ་མ་ཟད། ནམ་རྒྱུན་བླ་རུང་སྒར་ནས་ཡོང་བ་རེད་ཟེར་བའི་གྲྭ་བཙུན་རེ་མཐོང་དུས་དེའི་བསམ་བློ་ཀུན་སྤྱོད་རྣམས་མི་གཞན་དང་གཏན་ནས་འདྲ་གི་མི་འདུག་སྙམ་པའི་ཚོར་བ་ཞིག་རྒྱུན་དུ་འབྱུང་གི་ཡོད་ལ། བླ་རུང་སྒར་དུ་སློབ་གཉེར་ལ་འགྲོ་རྒྱུ་བྱུང་ན་སྙམ་པའི་འདོད་བློ་ཞིག་ཀྱང་ནམ་རྒྱུན་སྐྱེ་ཡི་ཡོད། དེ་ལྟ་ན་ཡང་འགལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ང་ནི་བླ་རུང་སྒར་དུ་སློབ་གཉེར་ལ་ཡོང་རྒྱུ་མ་བྱུང་བར། གྲོང་ཆོག་གི་འདུ་འཛི་ལ་བློ་གཡེང་ཞིང་། རྒྱ་གླིང་གི་འགྱུར་ཁུག་ལ་ཞེ་ཆགས་ཏེ་སྔར་བཞིན་ཕ་ཡུལ་དུ་ལུས།

༤༽
ཕ་ཡུལ་གྱི་ཡུལ་མི་ཚོའི་སེམས་སུ་ལྷ་ས་ནི་དག་པའི་ཞིང་ཁམས་དངོས་དང་ཇོ་བོ་ཡིད་བཞིན་ནོར་བུ་ནི་ཞིང་ཁམས་དེ་ན་བཞུགས་པའི་སྟོན་པ་ངོ་མ་ཉིད་དུ་ངོས་འཛིན་གྱི་ཡོད་སྟབས། ཡུལ་མི་རྣམས་ལས་སུ་ལྷ་ས་རུ་འགྲོ་མྱོང་ན་དེ་ནི་མི་དེའི་གཟི་བརྗིད་དུ་བརྩི་ཞིང་། ཡུལ་མི་རྣམས་ཀྱང་ནམ་རྒྱུན་ལྷ་ས་རུ་ཇོ་ཐོད་གཏུག་པར་འགྲོ་བར་ཧ་ཅང་དགའ། བར་སྐབས་ཤིག་ནས་ངའི་ཕ་ཡུལ་གྱི་ཁྱིམ་ཚང་མང་པོ་ལྷ་ས་རུ་གནས་སྤོ་བྱེད་པའི་མཐོ་རླབས་ཤིག་འཕྱུར་ཅིང་།སྐབས་དེར་ངེད་ཚོའི་ཁྱིམ་ཚང་ཡང་ཕ་ཡུལ་དུ་མ་བསྡད་པར་ཉིས་སྟོང་གཉིས་ལོའི་ལོ་མཇུག་ཏུ་ལྷ་སར་སྤོས། ཁོ་བོ་ལྷ་སར་སླེབས་རྗེས་མི་མང་པོ་དང་འབྲེལ་འདྲིས་བྱུང་བའི་དབང་གིས་བླ་རུང་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཐོས་པ་ནི་སྔར་ལས་ཇེ་མང་ཡིན་ཞིང་། སྟབས་ལེགས་པ་ཞིག་ལ་ལྷ་ས་ནས་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་སྐྱེ་བ་སྔ་ཕྱིའི་རྣམ་གཞག་དང་། བག་ཆགས་དོང་སྤྲུག་གི་ལན་དུ་བརྗོད་པ་སོགས་མང་པོ་ཞིག་མཇལ་རྒྱུ་བྱུང་། དེ་ཡང་ཁོ་བོ་ཆུང་དུས་ནས་དཔེ་དེབ་སྣ་ཚོགས་ཀློག་པར་སྤྲོ་བ་ཡོད་མཁན་ཞིག་ཡིན་སྟབས། བླ་མའི་གསུང་དེ་དག་ཁོམ་དུས་སུ་ཞིབ་ཏུ་ཀློག་གི་ཡོད་ལ། དེ་དག་ལས་སྐྱེ་བ་སྔ་ཕྱིའི་རྣམ་གཞག་གི་ཆ་ཤས་འགའ་རེ་ལ་གོ་བ་ཏོག་ཙམ་ལོན་གྱི་ཡོད་པ་ལས། གཞན་རྣམས་དེ་ཙམ་གོ་ཡི་མེད་རུང་གང་ལྟར་སྤྲོ་སྣང་དང་བཅས་ཏེ་ཀློག་གི་ཡོད། སྐབས་དེར་ཁོ་བོས་སྐྱེ་བ་སྔ་ཕྱིའི་རྣམ་གཞག་གི་རྒྱབ་ཤོག་ངོས་སུ་བླ་མ་ཁོང་ཉིད་རྒྱ་མཚོ་ཞིག་གི་འགྲམ་དུ་ཞལ་མཚོ་ངོས་སུ་གྱུ་སྟེ་བཞུགས་པ་དང་།
དེར་བདེར་གཤེགས་ཁྱེད་ཀྱིས་ལེགས་བསྩལ་པའི།།ཤེས་རབ་མིག་ནི་དག་པ་ཡིས།།ངམ་གནག་སྲིད་པའི་རྒྱ་མཚོ་ལ།།ལྟ་བའི་སྤོབས་པ་རྣམ་པར་དགེ།ཞེས་བྲིས་པ་དེ་ཚོ་མཐོང་དུས་ངའི་སེམས་པ་རབ་ཏུ་དྲངས་འགྲོ་གི་ཡོད་ཅིང་། ཁོང་གིས་བྲིས་པའི་ཚིགས་བཅད་དེ་ཡང་ནས་ཡང་དུ་ངག་ནས་སྐྱོར་གྱི་ཡོད།དེར་བརྟེན་ཚིགས་བཅད་དེ་ད་དུང་ཡང་བློ་ཐོག་ན་འདུག་ཅིང་སྐབས་འདིར་ངས་ཡིག་ཐོག་ཏུ་འབེབས་དུས་སུའང་མ་དཔེ་ལ་ལྟ་ཙམ་ཡང་བྱེད་དགོས་བྱུང་མ་སོང་།

༥༽
བླ་མ་ཡིད་བཞིན་ནོར་བུའི་མཚན་ལ་ངེད་ཚོའི་ཕ་ཡུལ་དུ་མཁན་པོ་འཇིགས་འཕེན་ཞུ་ཞིང་། དེ་ནི་ཁོང་གི་མཚན་དངོས་འཇིགས་མེད་ཕུན་ཚོགས་ཞེས་པ་དེ་བསྡུས་ཀྱང་སྒྲ་མ་དག་པར་སོང་བ་རེད། གང་ལྟར་ཁོང་ནི་ངེད་ཚོའི་ཕ་ཡུལ་དུ་སངས་རྒྱས་དངོས་ཤིག་ལ་ངོས་འཛིན་པ་ལས། སྤྱིར་བཏང་གི་བླ་མ་ཞིག་ལ་ངོས་འཛིན་གཏན་ནས་བྱེད་ཀྱི་མེད། དེ་ཡང་ཁོང་གི་སྐུ་སྐྱེ་གོང་མ་ཉག་བླ་བསོད་རྒྱལ་རིན་པོ་ཆེ་ངེད་ཚོའི་ཕ་ཡུལ་དུ་ཡུན་རིང་པོར་བཞུགས་པས་དེ་དང་སྨོན་ལམ་གྱི་འབྲེལ་བ་ཞིག་གིས་ཡིན་ནམ། གང་ལྟར་ཁ་ཐག་རིང་བ་དང་། སྐབས་དེར་འགྲིམ་འགྲུལ་སྟབས་བདེ་མིན་པ་སོགས་ཀྱི་རྐྱེན་གྱིས་ཁོང་སྐུ་དངོས་ཀྱི་གདུལ་བྱར་གྱུར་པ་ཉུང་ཉུང་ཡིན་རུང་། ཕ་ཡུལ་དང་ལྷ་ས་རུ་ཡོད་པའི་ཕ་ཡུལ་གཅིག་པའི་ཡུལ་མི་ཚོས་ཁོང་ལ་དད་པ་དང་འདུན་པ་འཇོག་སྟངས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། ཁོ་བོ་ཡང་ཁོར་ཡུག་དེ་འདྲའི་ནང་ནས་འཚར་ལོངས་བྱུང་བ་དང་། ལྷག་པར་དུ་ཉིས་སྟོང་གསུམ་ལོར་མཆེད་གྲོགས་བསོད་ནམས་ནོར་བུ་ལགས་ལྷ་སར་ཕེབས་བྱུང་ཞིང་། ཁོང་གིས་བླ་མ་ཡིད་བཞིན་ནོར་བུ་དང་འབྲེལ་ཡོད་ཀྱི་རྣམ་ཐར་སྐོར་མང་པོ་ཡང་ཡང་གསུངས་གནང་བས། ངས་བླ་མ་ཡིད་བཞིན་ནོར་བུ་ཁོང་ནི་གུ་རུ་རིན་པོ་ཆེ་དངོས་ཡིན་རྒྱུ་རེད་སྙམ་སྟེ། སེམས་གཏིང་ནས་དད་པ་དང་འདུན་པ་འཇོག་ཤེས་ཀྱི་ཡོད།


མཆེད་གྲོགས་བསོད་ནམས་ནོར་བུ་ལགས་ལྷ་སར་ཅུང་ཙམ་བཞུགས་རིང་། ཁོམ་པ་ནམ་ཡོད་ལ་ངེད་ཚོ་བར་སྐོར་དང་།རྩེ་སྐོར་སོགས་སུ་མཉམ་དུ་འགྲོ་ཞིང་། དེའི་རིང་ལ་ངས་ཁོང་གི་ས་ནས་བླ་རུང་སྒར་སྤྱི་ཁྱབ་ཀྱི་འགྲོ་ལུགས་དང་རབ་བྱུང་བ་དག་གི་ཀུན་སྤྱོད། ད་དུང་བླ་མ་རྣམ་པའི་མཛད་པ་ཁག་མང་པོ་ལ་རྒྱུས་ལོན་བྱུང་བས། དུས་དེ་ནས་བཟུང་སྟེ་ངའི་སེམས་པ་ནི་བླ་རུང་སྒར་གྱིས་ཕྲོགས་ཏེ་གཏན་ནས་ཕྱིར་ལྡོག་མེད་པར་གྱུར། དེར་བརྟེན་སྐབས་དེར་ངས་ཆོས་དང་འབྲེལ་ཡོད་ཀྱི་བྱ་དངོས་མང་པོ་ཞིག་གི་དག་རྫུན་དེ་བླ་རུང་གིས་ཇི་ལྟར་ཐག་བཅད་པ་གོ་ན་དེ་ལྟར་འཛིན་གྱི་ཡོད་ལ། ལྷག་པར་དུ་དེ་དེ་ལྟར་ཡིན་པ་དེ་བླ་མ་ཡིད་བཞིན་ནོར་བུའམ་ཡང་ན་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གསུངས་པ་རེད་ཅེས་པ་གོ་དུས། དེ་ནས་དེའི་ཐོག་ཏུ་ཐག་བཅད་པ་ལས་གཞན་ཡར་མར་གང་ལའང་བསམ་གཞིག་བྱེད་ཀྱི་མེད། དེ་ལྟར་ང་ནི་བླ་རུང་གི་མིང་དང་པོ་མ་ཐོས་པ་ནས་ཐོས་པ་དང་། ཐོས་ནས་ཀྱང་བླ་རུང་ལ་དད་འདུན་ཅན་དུ་གྱུར་ལ། དད་འདུན་ཅན་ནས་སེམས་ཐག་ཉེ་པོ་བྱེད་མཁན་ཞིག་ཏུ་གྱུར་ཏེ།ལྷ་སར་བླ་རུང་ནས་ཡོང་བའི་ཕ་ཡུལ་གཅིག་པའི་རབ་བྱུང་བ་དག་དང་འཕྲད་དུས། དེ་སྔོན་ཕར་ཚུར་ངོ་ཤེས་ཀྱི་མེད་རུང་། ངས་དེ་ཚོའི་ཉེ་སར་བཏུད་ཅི་ཐུབ་ཀྱིས་ཁོ་ཚོའི་ས་ནས་བླ་རུང་ལ་རྒྱུས་ལོན་བྱེད་ཀྱི་ཡོད་ལ། ཁོང་ཚོ་དང་རང་ཉིད་བར་ཐག་ཤིན་ཏུ་ཉེ་བའི་ཚོར་སྣང་ཞིག་ཀྱང་འབྱུང་གི་ཡོད། སྐབས་ཐོག་དེར་ང་ལ་མཆེད་གྲོགས་བསོད་ནམས་ནོར་བུས་བསྐུལ་མ་ཡང་ཡང་གནང་བ་དང་། རང་ཉིད་ཀྱང་བླ་རུང་སྒར་དུ་འགྲོ་འདོད་ཆེས་ཆེར་ཡོད་སྟབས་དེའི་དོན་དུ་སྟ་གོན་མང་པོ་བགྱིས་ཀྱང་། ཡིད་ཕངས་པ་ཞིག་ལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་བསོད་ཟད་ང་ནི་གནས་སྐབས་རིང་མི་ཡུལ་གྱི་དག་ཞིང་དུ་བགྲོད་པའི་གོ་སྐབས་མ་བྱུང་བར་ལྷ་སར་ལྷག་པ་དེ་ནི་རྗེས་ཕྱོགས་ཀྱི་འགྱོད་པ་དུ་མའི་འབྱུང་སྒོ་རུ་གྱུར།

༧༽
དེ་ལྟར་སྔོན་བསགས་བསོད་ནམས་ཀྱི་དབང་གིས་གུས་པ་སྐབས་ཤིག་རིང་བླ་རུང་དུ་ཡོང་རྒྱུ་མ་བྱུང་རུང་། གོང་དུ་བཤད་པའི་དྲང་ཕྱོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཀྱི་འབྲས་བུ་དུས་སུ་སྨིན་པའི་སྟོབས་ཀྱིས། བོད་མེ་སྤྲེལ་ལོ་སྟེ་ཕྱི་ལོ་ཉིས་སྟོང་བཞི་ལོའི་ལོ་མཇུག་ཏུ་ཁོ་བོ་བླ་རུང་དུ་ཡོང་བའི་སྐལ་བ་བྱུང་། དེ་ཡང་སྐབས་དེར་འགྲིམ་འགྲུལ་སྟབས་བདེ་དེ་འདྲ་མིན་སྟབས་དེང་སང་ལྟར་དུ་རླངས་འཁོར་ནམ་དགོས་ན་རྙེད་ཀྱི་མེད་པས། ཨ་ཕ་ངེད་གཉིས་ལྷ་སའི་མེ་ཏོག་ལྡུམ་རར་རླངས་འཁོར་བཙལ་དུ་སོང་ཞིང་། བཙལ་བཙལ་མཐར་ཉིན་ཁ་ཤས་ཀྱི་རྗེས་ནས་དཀར་མཛེས་སུ་འགྲོ་བའི་རླངས་འཁོར་ཞིག་རྙེད་བྱུང་བས་དེའི་ནང་དུ་འགྲོ་རྒྱུ་བྱས་པ་ཡིན། རླངས་འཁོར་ཞིག་རྙེད་བྱུང་ཟེར་བ་ལ་བལྟས་ན་དེང་སང་ལྟ་བུའི་རླངས་འཁོར་སྟབས་བདེ་དེ་འདྲ་ཞིག་ལོས་ཡིན་ནི་བསམ་པར་མི་བྱ་སྟེ། སྐབས་དེར་ཁོ་བོ་འཛུལ་ཏེ་ཡོང་བའི་རླངས་འཁོར་དེ་ནི་ཟོང་འཁོར་ཞིག་ཡིན་ཞིང་། ཟོང་འཁོར་གྱི་འཁོར་སྒམ་དུ་མི་དྲུག་ཅུ་རེ་གྲངས་ཤིག་དང་། ཁ་ལོ་ཁང་དུ་མི་བརྒྱད་རེ་བཙངས་ཏེ་ཡོང་བ་རེད་ལ། མི་དྲུག་ཅུ་རེ་གྲངས་དེ་ཡང་འཁོར་སྒམ་གྱི་ལྕགས་སྒ་ལ་མ་ཐུག་བར་ཅ་ལག་བརྩིགས་རྗེས་དེའི་སྟེང་དུ་བསྡད་དེ་ཡོང་བ་རེད། ཚེས་གྲངས་ནམ་ཡིན་ད་ལྟ་བརྗེད་དེ་ངེས་ཀྱི་མི་འདུག་མོད། འོན་ཀྱང་། ཉིས་སྟོང་བཞི་ལོའི་བོད་ཟླ་བཅུ་པའི་ནང་ཞིག་ལ་ཁོ་བོ་ལྷ་ས་ནས་ཆས་ཏེ་ཡོང་ཞིང་། ལམ་བར་དུ་དགུན་ཁའི་གྲང་རླུང་དང་བསྡེབས་པའི་དཀའ་ཚེགས་གང་མང་ཞིག་བརྒྱུད་མཐར་ཟླ་དེའི་ཟླ་མཇུག་ཏུ་མི་ཡུལ་གྱི་དག་ཞིང་སྟེ་གདན་ས་བླ་མ་རུང་དུ་འབྱོར། ད་ལྟ་དྲན་གསལ་ལ་ཁོ་བོ་བླ་རུང་དུ་འབྱོར་བའི་ཉིན་དེར། ད་ལྟའི་གན་དྷོ་ལའི་མདུན་དུ་དགེ་འདུན་པ་མང་པོ་འཛོམས་ཏེ་ཡར་འགྲོ་མར་འགྲོ་བྱེད་ཀྱི་འདུག་ཅིང་། ང་བསུ་རུ་ཡོང་བའི་མཆེད་གྲོགས་ཤིག་ལ་སྐད་ཆ་འདྲི་དུས།དེ་ནི་འདོན་ཡོན་དུ་ཕུལ་བའི་ཅ་ལག་རྣམས་འཚོང་གི་ཡོད་པ་རེད་ཟེར་གྱི་འདུག

༨༽
མི་ཡུལ་གྱི་དག་ཞིང་སྟེ་གནས་མཆོག་བླ་མ་རུང་གི་སྐབས་དེའི་རྣམ་པ་ནི། བླ་རུང་ལུང་པའི་མདོ་ནས་སྒྱུ་འཕྲུལ་གྱི་བར་དུ་ལམ་ཆེན་རིང་པོ་ཞིག་འཐེན་ཡོད་ཅིང་། སྐབས་དེར་ལམ་ཆེན་དེ་སྣུམ་ལམ་དུ་བཟོས་ཚར་མི་འདུག་པས་དགུན་དུས་སུ་རླུང་འཚུབ་རེ་ལྡང་དུས་ཐལ་རྡུལ་ཅུང་ཟད་ལྡང་པོ་འདུག ལུང་པ་འདིའི་གཡས་གཡོན་ཉིན་སྲིབ་གང་སར་གྲྭ་ཤག་གིས་བྱུར་བུར་གཏམས་ཤིང་། དབང་མདོག་གི་གྲྭ་ཤག་དག་ནི་ཕལ་ཆེར་ཤིང་ལས་གྲུབ་པ་རྐྱང་རྐྱང་སྟེ། ཨར་འདམ་ལས་བྱས་པའི་གྲྭ་ཤག་ནི་རེ་གཉིས་ཤིག་ལས་མཐོང་རྒྱུ་མི་འདུག་ལ། ཤིང་ཁང་དེ་དག་ནི་སྤྱོད་ལམ་བཞི་ཤོང་གི་ཁང་པ་སྟབས་བདེ་མོ་དེ་འདྲ་རེད། དེ་འདྲའི་ཤིང་ཁང་གི་ནང་དུ་དགེ་འདུན་པ་འགའ་རེས་ནི་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ལ་གཞོལ་ཏེ་ཐུན་མོང་གི་རིག་གནས་ནས་གཞུང་ཆེན་བཀའ་པོད་ལྔ། སྔགས་བླ་མེད་དང་བཅས་པ་ལ་འཆད་ཉན་གནང་གི་ཡོད་ཅིང་། འགའ་རེས་ནི་སྤོང་བ་བསམ་གཏན་གྱི་འཁོར་ལོ་ལ་གཅིག་ཏུ་བརྩོན་ཏེ། ཐུན་མོང་བློ་ལྡོག་རྣམ་བཞིས་བློ་སྦྱང་བ་ནས་བཟུང་སྟེ་ཐུན་མིན་མན་ངག་རྫོགས་པ་ཆེན་པོའི་བར་གྱི་ལམ་གནད་དག་ཉམས་བཞེས་གནང་གི་ཡོད།དེ་གཉིས་ལས་གཞན་པའི་དགེ་འདུན་པ་དག་གིས་ནི་གཙོ་བོར་བྱ་བ་ལས་ཀྱི་འཁོར་ལོ་ལ་བརྩོན་པ་སྟེ། དཔེར་ན་དཔལ་འབྱོར་དང་གཞུང་ལས་སོགས་ཀྱི་བྱ་བ་བསྒྲུབས་ཏེ་སྤོང་ཀློག་གི་ལས་ལ་བརྩོན་པའི་དགེ་འདུན་པ་དག་ལ་ཞབས་ཕྱི་ཞུ་གནང་གི་ཡོད།སྔོན་ནས་ད་ལྟའི་བར་དུ་བླ་རུང་གི་དགེ་འདུན་པ་ཞིག་ཡིན་ནས་བཟུང་འཁོར་ལོ་རྣམ་པ་གསུམ་པོ་གང་རུང་ལ་མ་བརྩོན་པར་སྒར་འདིར་འདུག་ས་མེད་ཅིང་། དེ་ཡང་སྡོམ་པ་དང་དམ་ཚིག་རྣམ་པར་དག་པ་གཞིར་འཛིན་དགོས་པ་རེད། དེ་ལྟར་ཁོ་བོས་བྱིས་དུས་ཀྱི་རྨི་ལམ་སྦྲུམ་སའི་ཕ་ཡུལ་དང་། སྤུན་མཆེད་ཀྱི་མཚོ་མོ་འཁྱིལ་སའི་ལྷ་ས་དག་རྒྱབ་ཏུ་བསྐྱུར་ཏེ་ཕ་གཅིག་བླ་མ་རིན་པོ་ཆེའི་གདན་ས་རུ་འབྱོར་རྗེས། ཐོག་མར་ཕ་ཡུལ་གཅིག་པའི་རབ་བྱུང་བ་ཞིག་གི་སར་གནས་ཚང་གཡར་ནས་བསྡད་པ་དང་།དེ་ནས་རིམ་གྱིས་ཁང་པ་ཞིག་ཉོས་ཏེ་རང་ཉིད་གཅིག་པུར་བསྡད་པ་ཡིན། དེ་ལྟར་བསྡད་དུས་དང་ཐོག་ཟླ་བ་གཅིག་གཉིས་ཙམ་གྱི་རིང་ལ་ས་རྒྱུས་དང་མི་རྒྱུས་དེ་འདྲ་མེད་པ་དང་། རང་གཅིག་པུས་འཚོ་བ་སྐྱེལ་དུས་ཟ་མ་བཟོ་སྟངས་མི་ཤེས་པ། ད་དུང་འབྲོག་སྐད་དེ་ཙམ་མི་གོ་བ་སོགས་བཤད་རིན་མེད་པའི་དཀའ་ངལ་ཡང་ཏོག་ཙམ་བྱུང་མོད། འོན་ཀྱང་། རིམ་གྱིས་ས་འདྲིས་ཆུ་འདྲིས་སུ་སོང་བའི་སྟབས་ཀྱིས་སྔར་གྱི་དཀའ་ངལ་དེ་དག་འཇའ་ཡལ་བ་བཞིན་དུ་གྱུར་ཏེ། ང་ནི་གནས་འདིའི་ཁོར་ཡུག་ལ་ཤིན་ཏུ་ལོབ་པར་གྱུར།

༩༽
ཕྱི་ལོ་ཉིས་སྟོང་བཞི་ལོའི་ལོ་མཇུག་ཏུ་ཁོ་བོས་བླ་མ་དབང་ཆེན་གྱི་མདུན་ནས་ཀུན་བཟང་བླ་མའི་ཞལ་ལུང་དང་། སི་ཏུའི་ཞལ་ལུང་གི་དཔེ་ཁྲིད་ཞུས་ཤིང་། དེ་ནི་གུས་པ་བླ་རུང་དུ་ཡོང་ནས་ཐེངས་དང་པོར་ཞུས་པའི་དཔེ་ཁྲིད་ཡིན་ལ།ཉིས་སྟོང་ལྔ་ཡི་ལོ་གསར་དུ་ཚེས་དུས་ཁོ་བོ་རིག་གནས་འཛིན་གྲྭར་གསར་དུ་ཞུགས་པ་ཡིན། དེ་ཡང་སྒྲ་ཕབ་ནག་པོ་ཞིག་དང་། སྒྲ་ཐག་ཁ་ཤས། གློག་རྫས་ཆེ་བ་གསར་པ་ཆ་གཅིག དེ་མིན་ད་དུང་སྐབས་དེའི་དཔེ་ཁྲིད་ལ་མཁོ་བའི་དཔེ་དེབ་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་བཅས་རྒྱབ་ཁུག་ཏུ་བཅུག་ནས་ཁྱེར་ཏེ་དཔེ་ཁྲིད་ལ་འགྲོ་ཡི་ཡོད་ཅིང་། འདི་ནི་ཁོ་བོ་རིག་གནས་འཛིན་གྲྭར་དཔེ་ཁྲིད་ལ་འགྲོ་བའི་རྣམ་པ་རེད།སྐབས་དེ་དུས་ཀྱི་སློབ་སྦྱོང་བྱེད་ལུགས་དེ་ད་ལྟ་ལྟ་བུའི་བྲེལ་ཟིང་ཅན་དེ་འདྲ་མ་ཡིན་ཞིང་དུས་ཚོད་ཀྱང་རིང་ཙམ་ཡོད་པའི་དབང་གིས། སུམ་རྟགས་དག་གསུམ་དང་།སྙན་ངག་ལེའུ་བར་པ། ད་དུང་མངོན་བརྗོད་དང་ལོ་རྒྱུས་སོགས་ལའང་སློབ་སྦྱོང་གང་འཚམས་བྱེད་རྒྱུ་བྱུང་། དེ་ལྟར་སློབ་སྦྱོང་བྱས་པའི་བརྒྱུད་རིམ་ཁྲོད། ངས་རིམ་གྱིས་རྡོ་རྗེའི་མཆེད་གྲོགས་མང་པོ་ཞིག་ངོ་ཤེས་པར་གྱུར་ཅིང་། ག་ལེ་ག་ལེར་ཁོང་ཅག་དང་ཤིན་ཏུ་འདྲིས་པར་གྱུར། སྔོན་ཆད་ཁོ་བོ་ཕ་ཡུལ་དང་ལྷ་ས་ན་ཡོད་དུས། བླ་རུང་གི་རབ་བྱུང་བ་དག་གི་གྲྭ་གཤིས་ཤིན་ཏུ་འཇམ་ལ་ལེགས་པ་ཐོས་མྱོང་ཞིང་།སྐབས་དེར་ནི་རྒྱང་རིང་ནས་སྐད་ཆ་ཐོས་པ་ཙམ་ལས་རང་ཉིད་དངོས་ལ་ཆ་རྒྱུས་ཞིབ་མོ་མེད་མོད། འོན་ཀྱང་། ཐེངས་འདིར་སྔོན་ཆད་ཐོས་པའི་སྐད་ཆ་དག་བདེན་པ་བདེན་དྲང་ཡིན་པ་རང་ཉིད་ཀྱི་ཉམས་མྱོང་དངོས་ཀྱིས་ར་སྤྲོད་བྱུང་བ་མ་ཟད།དངོས་གནས་ཐོས་པ་ལས་ཀྱང་ལྷག་པ་ཞིག་སྟེ། གནས་འདིའི་རབ་བྱུང་བ་དག་གིས་མི་མཐོ་དམན་སུ་འདྲ་ཞིག་ཡིན་རུང་། གཉོམ་ཆུང་ཚུལ་མཐུན་གྱི་ཀུན་སྤྱོད་ཅན་ལ་བརྩི་མཐོང་ཞུ་གི་ཡོད་པ་ལས། ང་རྒྱལ་ཁེངས་དྲེགས་ཀྱི་བསམ་པ་ཅན་ལ་ཡི་རངས་བྱེད་ཀྱི་མེད་ཅིང་། ཁྱེད་རང་མི་དབུལ་ཕྱུག་གང་འདྲ་ཞིག་ཡིན་རུང་། གཤིས་འཇམ་ཡ་རབས་ཀྱི་སྤྱོད་པ་ལ་གནས་མཁན་ལ་བསྟོད་བསྔགས་གནང་གི་ཡོད་པ་ལས།གཤིས་རྩུབ་མ་རབས་ཀྱི་སྤྱོད་པ་ཅན་ལ་མཉེས་པོ་གནང་གི་མེད། དེར་བརྟེན་སྔོན་ཆད་གཤིས་ཀ་རྩུབ་ཙམ་ཡིན་པའི་མི་ཞིག་ཡིན་རུང་། གནས་འདིར་ཐོན་དུས་སྔོན་ཆད་ཀྱི་གཤིས་ཀ་དེ་ག་ལེར་འགྱུར་ཏེ་རིམ་གྱིས་ཇེ་འཇམ་ཇེ་འཇམ་ལ་འགྲོ་བ་མངོན་སུམ་གྱིས་གྲུབ།

༡༠༽
དེ་ལྟར་གུས་པ་རིག་གནས་འཛིན་གྲྭར་ལོ་གཅིག་བསྡད་རྗེས་རིམ་གྱིས་འཁོར་འདས་ཀྱི་གསང་བ་སྟོན་པའི་ནང་པའི་གཞུང་ཆེན་ཁག་ལ་རང་གི་ནུས་ཚོད་ཀྱིས་སློབ་སྦྱོང་བྱེད་མགོ་བརྩམས་པ་ཡིན། དེ་ཡང་སྐབས་དེའི་བླ་རུང་གི་སློབ་མ་དག་གིས་གཞུང་ཆེན་སློབ་སྦྱོང་བྱེད་ལུགས་ནི་རགས་རིམ་ཙམ་ཞིག་འདི་ལྟ་སྟེ།ཞོགས་པ་སྔ་མོར་མལ་ལས་ལངས་ཏེ་ལོ་དེའི་སྦྱང་གཞིར་གྱུར་པའི་གཞུང་ཆེན་ཁག་གི་རྩ་བ་བློ་ལ་བཟུང་བ་དང་། བློ་ལ་གང་འཚམས་བཟུང་རྗེས་དེ་ནས་རང་རང་གི་འཛིན་ཁང་དུ་འཚོགས་ཏེ་འཛིན་གྲྭའི་མཁན་པོས་ཉིན་རེའི་ཆོས་ཁྲིད་གསུངས་པ་ལ་མཉན་དགོས་ལ། དེ་ཡང་ཆོས་ཁྲིད་ཀྱི་དབུ་ཡན་ལག་བདུན་པ་དང་སྐྱབས་སེམས།བྱང་སྡོམ་ལེན་པ་སོགས་ཀྱིས་བཟུང་ཞིང་། མཇུག་བཟང་སྤྱོད་སྨོན་ལམ་གྱིས་བསྒྲིལ་ཏེ་འགྲོ་བ་ནི་སྔོན་ནས་ད་ལྟའི་བར་གྱི་བླ་རུང་གི་ཕྱག་བཞེས་རྨད་དུ་བྱུང་བ་ཞིག་ཡིན།ཆོས་ཁྲིད་གྲོལ་རྗེས་རང་ཁྱིམ་དུ་ཡོང་སྟེ་ད་ནངས་འཛིན་གྲྭའི་མཁན་པོས་ཁྲིད་པའི་རྩ་བ་ལྟ་བུའི་གཞུང་དེ་ལ་དཔེ་ཀློག་བགྱིད་ཅིང་། ད་ནངས་མཁན་པོས་གསུངས་པའི་གཞུང་ལུགས་ཀྱི་དཀའ་གནད་སྐོར་ལ་སེམས་ཞིབ་མོས་ཕྱིར་དྲན་རེ་བགྱིད་པ་དང་།དེ་རྗེས་རྩ་བ་དེའི་འགྲེལ་བར་གྱུར་པའི་རང་ལུགས་ཀྱི་ཡིག་ཆ་ཡོད་ན་དེ་དང་། མེད་ན་དེའི་བོད་འགྲེལ་ཚད་ལྡན་ཞིག་ལ་དཔྱད་པ་ཞིབ་མོས་དཔེ་ཀློག་བགྱིས་པ་གཞིར་བཟུང་། དེ་དང་འབྲེལ་ཡོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཡིག་ཆ་དང་། ད་རུང་དེའི་རྒྱབ་རྟེན་དུ་རྒྱ་འགྲེལ་ཚད་ལྡན་དག་ལའང་དཔེ་ཀློག་གནང་གི་ཡོད། དེ་ལྟར་ཉིན་གུང་རང་ཤག་ཏུ་དཔེ་ཀློག་གང་འཚམས་གནང་རྗེེས་ཕྱི་དྲོའི་ཆུ་ཚོད་བཞི་པ་ཡས་མས་སུ་བགྲོ་གླེང་དུ་འགྲོ་དགོས་ཤིང་། དེ་ཡང་འཛིན་གྲྭ་གཅིག་པའི་མཆེད་གྲོགས་རྣམས་མཉམ་འདུས་ཀྱིས་གཙོ་བོར་དེ་རིང་འཁྲིད་བྱའི་གཞུང་གི་དཀའ་གནད་ཀྱི་སྐོར་ལ་བགྲོ་གླེང་ཞིབ་ཕྲ་བྱེད་ཀྱི་ཡོད་ཅིང་། སློབ་སྦྱོང་བྱེད་སྟངས་འདིས་ནི་གཞུང་ལུགས་ལ་ཞིབ་ཕྲའི་གོ་བ་གཏིང་ཇེ་ཟབ་ཏུ་འགྲོ་བར་ཤིན་ཏུ་ཕན། ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀྱི་སྟེང་དུ་དགེ་འདུན་པ་རྣམས་ཀུན་དགའ་ར་བའི་ནང་དུ་འཛོམས་ཏེ་ཆོས་རའི་རྩོད་པ་མགོ་ཚུགས་ཀྱི་ཡོད། དེ་ཡང་དམ་བཅའ་བས་གཞུང་ལུགས་ཀྱི་དཀའ་བའི་གནད་གང་རུང་ཞིག་གི་ཐོག་ནས་རང་གི་ལྟ་བ་གསལ་པོར་སྨྲས་ཏེ་རྟགས་གསལ་བར་རྟགས་གསལ་གཏོང་དུ་འཇུག་པའམ། ཡང་ན་རྟགས་གསལ་བས་དོགས་གནད་གང་རུང་ཞིག་གི་ཐོག་ནས་མགོ་བཙུགས་ཏེ་རྟགས་གསལ་གཏོང་བའི་སྒོ་ནས་གཞུང་ལུགས་ལ་བརྡར་ཤ་གཅོད་ཀྱི་ཡོད་ཅིང་། དེ་ལྟར་རྩོད་པ་བྱེད་པའི་སྐབས་ཀུན་ཏུ་རྒོལ་སྔ་ཕྱི་གཉི་གས་དྲན་ཤེས་བཞིན་དང་ལྡན་པའི་ངང་ནས་རྩོད་པ་རྒྱག་གི་ཡོད་ལ། ཚིག་ངན་སྨྲ་བ་དང་ངོ་མཚང་འབྲུ་བ། ད་དུང་ཆགས་སྡང་གིས་རྩོད་པ་བྱས་ཏེ་ཆོས་ལ་བརྟེན་ནས་སྡིག་གསོག་པ་ལ་ནི། སྒར་གྱི་དགེ་སློབ་ཡོངས་ཀྱིས་ནམ་རྒྱུན་དགག་བྱ་ནན་ཆེར་བྱེད་ཀྱི་ཡོད། དེ་ལྟར་ཕྱི་དྲོའི་རྩོད་པ་གྲོལ་རྗེས་དགེ་འདུན་པ་རང་རང་སོ་སོ་རང་ཤག་ཏུ་ཕེབས་ཏེ། སླར་ཡང་དེ་རིང་ཁྲིད་པའི་གཞུང་ཚན་དེ་དང་འབྲེལ་ཡོད་ཀྱི་རྒྱ་བོད་ཀྱི་གཞུང་དག་ཀློག་པ་དང་། ད་གིན་བགྲོ་གླེང་དང་རྩོད་པའི་སྐབས་སུ་བཏོན་པའི་དོགས་གནད་དག་ལ་གཞུང་ལུགས་དང་བསྡུར་ཏེ་རང་གི་རྣམ་དཔྱོད་ཀྱིས་དཔྱད་པ་ཞིབ་ཏུ་གནང་གི་ཡོད།

༡༡༽
དེ་ལྟར་གོང་གསལ་གྱི་སློབ་སྦྱོང་གི་ཁོར་ཡུག་དེ་འདྲ་བ་ཞིག་གི་ནང་ནས། ཁོ་བོས་རང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་སློབ་དང་། གཤིས་བཟང་ཡ་རབས་ཀྱི་ཆོས་ཀྱི་མཆེད་པོ་རྣམས་ཀྱི་མཛའ་བརྩེ་ཡི་འོག་ཏུ་མདོ་སྔགས་ཀྱི་རིག་གཞུང་ནོར་བུ་འདྲ་བ་དག་ལ་ཐོས་བསམ་བྱས་པའི་བརྒྱུད་རིམ་ཁྲོད། ཐོག་མར་གཞུང་ལུགས་དེ་དང་དེའི་ཐ་སྙད་ལ་མ་འདྲིས་པའི་དབང་གིས་དཀའ་ངལ་བྱུང་བ་དང་། བར་དུ་འཚོ་བའི་དཀའ་ངལ། ཐ་མར་རྒྱུགས་སྣ་མ་སྣ་ཚོགས་ལ་ཞུགས་པའི་དཀའ་ངལ་སོགས་དཀའ་ངལ་མང་པོ་ཞིག་བྱུང་མོད། དེ་དག་ནི་སྐབས་འདིར་ཞིབ་མོར་གླེང་བར་མི་བྱ་ཞིང་། དེ་ལྟར་ཐོས་བསམ་བྱས་ནས་ཡུན་རིང་སོང་བས་བླ་རུང་གི་ཕྱིའི་ཁོར་ཡུག་དང་། ནང་གི་མཛད་སྤྱོད་ཁག་ལ་ཆ་རྒྱུས་ཇེ་བས་ཇེ་ཟབ་ཏུ་གྱུར་པ་མ་ཟད། དེ་དང་མཉམ་དུ་བླ་རུང་གི་ཕྱག་བཞེས་ཡིད་དུ་འོང་བ་དག་གིས་ཁོ་བོའི་སེམས་པ་དབང་མེད་དུ་འཕྲོག་འགྲོ་གི་ཡོད་ཅིང་། ཕྱག་བཞེས་དེ་དག་ལས་ངའི་སེམས་ལ་ཆེས་འབབ་ཤོས་ཤིག་ནི་སྒར་གྱི་སྒྲིགས་ལམ་རེད། དེ་ཡང་བླ་རུང་གི་སྒྲིགས་ལམ་གཙོ་བོ་ཁག་ནི། མི་རེ་གཉིས་ཤིག་གིས་འདི་དང་དེ་དགོས་སོགས་ཀྱི་བཀས་བཅད་བཞག་པ་མ་ཡིན་པར། འདུལ་གཞུང་དང་སྔགས་གཞུང་རྒྱ་མཚོ་ལྟ་བུ་ལ་གཞི་བཅོལ་ནས། སྟོན་པ་སངས་རྒྱས་ཀྱིས་ཇི་ལྟར་གསུངས་པ་དེ་ག་རང་ཕྱག་ལེན་དུ་བཏབ་པ་སྟེ། རྒྱུ་མཚན་དེའི་དབང་གིས་གནས་འདིར་རྒྱུན་བཞུགས་ཀྱི་གྲྭ་བཙུན་སུ་ཞིག་ཡིན་རུང་། གོ་ས་མཐོ་དམན་དང་། མིང་ཡོད་མེད། ད་དུང་རྒྱབ་རྟེན་མང་ཉུང་སོགས་ཀྱི་ཁྱད་པར་གང་ཡང་མེད་པར་ཚང་མས་གཅིག་གྱུར་གྱིས་སྒར་གྱི་རྩ་བ་དང་ཡན་ལག་གི་སྒྲིགས་ལམ་དག་ལ་བརྩི་སྲུང་བྱེད་དགོས་ཤིང་། གལ་སྲིད་ཁྱེད་རང་སྡོམ་དང་དམ་ཚིག་ཉམས་པ་ལྟ་བུའི་རྩ་བའི་སྒྲིགས་ལམ་དང་འགལ་ཡོད་ཚེ། དེ་ལ་དགེ་འདུན་གྲངས་ཚང་གི་དགེ་བསྐོས་དག་གིས་བརྟག་དཔྱད་ཞིབ་ཏུ་བགྱིས་ཤིང་། འགལ་ཡོད་ངེས་གཏན་ཡིན་ཕྱིན་ཁྱེད་རང་ཆེན་པོ་དང་མཐོན་པོ་ཇི་ཙམ་ཡིན་རུང་གནས་དབྱུང་གི་ལས་ལ་སྦྱར་རྒྱུ་ལས། ཕྱུག་པོས་རྒྱུ་དང་བཙན་པོས་དབང་ཆ་བེད་སྤྱོད་བྱ་ས་ནི་གང་ཡང་མེད། གལ་ཏེ་རྩ་བ་དང་ཡན་ལག་གི་སྒྲིགས་ཁྲིམས་དག་ལ་བརྩི་སྲུང་ནན་ཏན་བྱེད་ཅིང་། དེའི་དབང་གིས་སྡོམ་དང་དམ་ཚིག་ཉམས་པ་སོགས་གཏན་ནས་བྱུང་མེད་ན། ཁྱེད་ལ་འགའ་ཞིག་གིས་ཆགས་སྡང་དང་གནོད་སེམས་ཀྱི་དབང་གིས་ཉེས་མེད་བསྙོན་འཛུགས་ཇི་ལྟར་བྱས་རུང་། སྒྲིགས་ཁྲིམས་པ་དག་གིས་མདོ་རྒྱུད་ཀྱི་ཁུངས་དང་བསྡུར་བ་དང་། དངོས་ཡོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བགྱིས་ནས་མཐོང་ཐོས་དོགས་པའི་སྐྱོན་མེད་ན། ཁྱེད་རང་ཐོབ་དང་གོ་ས་གང་ཡང་མེད་པའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་རུང་སེམས་ལྷོད་ལྷོད་ཀྱིས་སྒར་དུ་བཞུགས་ན་ཆོག་གི་ཡོད། དེས་ན་མཁས་དབང་དགེ་ཆོས་ཀྱིས། མདོར་ན་རང་རེས་འདུལ་བ་ལུང་ནས་རྣ་བས་ཐོས་པ་དེ་ཀུན། སིངྒ་ལར་སླེབས་ན་གསོན་པོ་རེ་མིག་གིས་མཐོང་རྒྱུ་འདུག་གསུངས་པ་ཇི་བཞིན། ནམ་རྒྱུན་མདོ་རྒྱུད་ཁག་ནས་ཐོས་པའི་ལག་ལེན་མང་པོ་ཞིག་བླ་རུང་ནས་འཚོ་བའི་ཁྲོད་དུ་དངོས་སུ་ཕྱག་ལེན་ལ་བཏབ་གནང་གི་ཡོད།

༡༢༽
ང་དང་བཅས་པའི་མི་མང་པོ་ཞིག་གི་སེམས་པ་དབང་མེད་དུ་འཕྲོག་འགྲོ་བའི་བླ་རུང་གི་ཕྱག་བཞེས་གཞན་ཞིག་ནི། འདྲ་མཉམ་ཆེན་པོ་གསུམ་རེད། དེ་ཡང་འདྲ་མཉམ་ཆེན་པོ་གསུམ་ནི། དང་པོ་གྲལ་ཐོབ་འདྲ་མཉམ་ཡིན་པ་སྟེ། བླ་རུང་གི་རབ་བྱུང་བ་མཐོ་དམན་དྲག་ཞན་ཚང་མའི་གྲལ་ཐོབ་འདྲ་མཉམ་ཡིན་ཞིང་། དེ་ཡང་འདྲ་མཉམ་འདྲ་མཉམ་ཟེར་ནས་བསླབ་གྲལ་བསྒྲིགས་པ་སོགས་ལའང་ཅི་མི་སྙམ་དུ་འཇོག་པ་དང་། བླ་སློབ་བར་དུའང་གུས་བཀུར་མེད་པ་དེ་འདྲ་མ་ཡིན་པར་མཐའ་གཉིས་སུ་མ་ལྷུང་བ་ཞིག་ཡིན། དེའི་སྟབས་ཀྱིས་གནས་འདིའི་ལོ་རྒྱུས་སུ་ཐོབ་དང་གོ་ས་རྩོད་པའི་ལག་རྗེས་ལས་བྱུང་བའི་རྩོད་རྙོག་ནི་གཏན་ནས་བྱུང་མྱོང་མེད།གཉིས་པ་རྙེད་པ་འདྲ་མཉམ་ཡིན་པ་སྟེ། དགེ་འདུན་པར་བགོ་རྒྱུའི་རྙེད་པ་ཞིག་ཡིན་ཕྱིན། ཁྱོད་ནི་མིང་ཆེན་པོ་དང་གོ་ས་མཐོན་པོ་རེད་འདུག་ཅེས་ཉིས་སྐལ་སུམ་སྐལ་སྤྲོད་ཀྱི་མེད་ལ། ཁོ་ནི་གཉོམ་ཆུང་ནུས་མེད་ཀྱི་གྲྭ་རྐྱང་ཞིག་རེད་ཅེས་པའམ། ཡང་ན་བསམ་བློ་དེ་འདྲ་བ་ཞིག་ཁོག་ཏུ་བཅུག་སྟེ་རང་སྐལ་ནས་ཕྲི་བ་དེ་འདྲ་ནམ་ཡང་མཛད་ཀྱི་མེད་པར་ཚང་མར་འདྲ་མཉམ་དུ་བགོད་ཀྱི་ཡོད། དེར་བརྟེན་གནས་འདི་ནས་རྙེད་པ་ལ་མང་ཉུང་ཤོར་བའི་གཉོམ་ཆུང་གི་འཁུན་སྒྲ་ནི་གང་ནས་ཀྱང་ཐོས་རྒྱུ་མེད། གསུམ་པ་ལས་ཀ་འདྲ་མཉམ་ཡིན་པ་སྟེ། བླ་རུང་སྒར་གྱི་རྒྱུན་བཞུགས་ཀྱི་རབ་བྱུང་བ་ཞིག་ཡིན་ཕྱིན། ཚང་མས་ལས་ཀ་འདྲ་མཉམ་དུ་བྱེད་དགོས་ཤིང་། རང་འཁྲིའི་ལས་འགན་དེ་སུའི་ཕྲག་ཏུ་བབ་པ་ཡིན་ན་དེས་ཧུར་བརྩོན་གྱིས་བསྒྲུབ་དགོས་པ་ལས། གོ་ཐོབ་ཡོད་མཁན་དག་གིས་ལས་ཀ་སྒྲུབ་མི་དགོས་ཤིང་། ལས་ཀ་ཞིག་ཡིན་ཕྱིན་རབ་བྱུང་དཀྱུས་མ་ཞིག་གིས་བསྒྲུབ་དགོས་པ་ལྟ་བུ་གཏན་ནས་མིན། དེར་བརྟེན་གནས་འདི་ནས་དགེ་འདུན་པའི་ཆེད་དུ་ཡིན་པའི་ལས་ཀ་ཞིག་རང་གི་མགོ་ལ་བབ་ཉིན་ནས་ནུས་ཚོད་ལྕོགས་ཚོད་ཀྱིས་རང་གིས་བསྒྲུབས་ཏེ་འགྲོ་མཁན་ལས། ང་ལ་འདི་མི་འབབ་དང་འདི་མི་འོས་ཞེས་པའི་སྐད་ཆ་ནི་ཧ་ལམ་ཐོས་རྒྱུ་མེད། གོང་བཤད་དག་གིས་གཙོས་པའི་བླ་རུང་གི་ཕྱག་བཞེས་ཁག་སེམས་ལ་འབབ་དྲགས་པའི་དབང་གིས་ཁོ་བོ་ཚུད་པའི་བླ་རུང་གི་གྲྭ་བཙུན་ཕལ་མོ་ཆེའི་སེམས་སུ་ཆོས་སྒར་འདི་ནི་རང་ཉིད་ཀྱི་ཁྱིམ་ཚང་ལྟ་བུར་ཆགས་ཡོད་ཅིང་། གནས་འདིའི་དགེ་བའི་བཤེས་གཉེན་དག་ནི་ཁྱིམ་ཚང་དེའི་ནང་གི་ཕ་མ་ལྟ་བུར་གྱུར་ཡོད།

༡༣༽
མིའི་མི་ཚེ་ཟེར་བ་དང་ལོ་ཟླ་ཟེར་བ་འདི་ནི་མྱུར་དུ་མྱུར་དུ་རྫོགས་ཀྱིན་འདུག་པས། བསམ་ལོང་དྲན་ལོང་མེད་པར་ལོ་ཟླ་མང་པོ་འདས་ཏེ་ད་ལྟ་ཁོ་བོ་བླ་རུང་དུ་ཡོང་ནས་མི་ལོ་བཅོ་ལྔ་ལྷག་ཙམ་སོང་ཟིན་འདུག མི་ལོ་བཅོ་ལྔའི་རིང་ལ་ཁོ་བོས་གནས་འདིའི་དགེ་བའི་བཤེས་གཉེན་རྣམ་པའི་བདུད་རྩི་ལྟ་བུའི་བཀའ་སློབ་ཀྱི་བྲོ་བ་མྱང་རྒྱུ་བྱུང་ཞིང་། རྡོ་རྗེའི་མཆེད་པོ་དག་གི་འོ་མ་ལྟ་བུའི་མཛའ་བརྩེ་ལ་ལོངས་སུ་སྤྱོད་རྒྱུ་བྱུང་བ་མ་ཟད། ད་དུང་མ་ཡུམ་སློབ་གླིང་འདི་ནས་ངས་གུ་ཡངས་བག་ཕེབས་དང་། སེམས་ཀྱི་བདེ་སྐྱིད་ཅེས་པ་ལའང་གོ་བ་ཏོག་ཙམ་ལོན་ནས་བྱུང་། དེས་ན་མཚམས་འདི་ནས་ངས་རང་ཉིད་ཀྱིས་ཡུན་རིང་སློབ་སྦྱོང་བྱ་སའི་མ་ཡུམ་སློབ་གླིང་ལ་བཀའ་དྲིན་ཆེ་ཞེས་ཞུ་དགོས་ཏེ། དེའི་རྒྱུ་མཚན་ནི། ཁྱེད་ཀྱིས་ཡང་དག་ཤེས་རིག་གི་ནུ་ཞོ་མངར་མོ་ཁོ་བོ་ལ་ཕངས་མེད་དུ་བསྣུན་ནས་ཁོ་བོའི་མི་ཚེ་རིན་ཐང་དང་ལྡན་པར་བྱས་པས་རེད། དེ་བཞིན་དུ་སློབ་གླིང་འདིར་བཞུགས་ཀྱི་དགེ་བའི་བཤེས་གཉེན་རྣམས་དང་། ལྷག་པར་དུ་རང་ལ་ཆོས་འབྲེལ་དངོས་ཐོབ་ཀྱི་དགེ་བའི་བཤེས་གཉེན་ཡོངས་ལ་བཀའ་དྲིན་ཆེ་ཞེས་ཞུ་འོས་ཏེ། དེ་ནི་ཁྱེད་ཅག་གིས་བདག་ལ་འདི་ཕྱི་གཉི་གར་བདེ་བའི་མི་ཚེའི་ཁ་ཕྱོགས་ལེགས་པོ་ཞིག་བསྟན་ཡོད་པས་ཡིན། ད་དུང་རང་དང་དམ་ཚིག་གི་ཐག་པས་དམ་དུ་སྦྲེལ་བའི་རྡོ་རྗེའི་མཆེད་པོ་ཡོངས་ལའང་བཀའ་དྲིན་ཆེ་ཞེས་ཞུ་དགོས་ཏེ། དེ་ཡང་ཁྱེད་ཅག་གི་ཤེས་ཡོན་དང་མི་གཞི་ཀུན་སྤྱོད་ཀྱིས་རྨོངས་པ་བདག་ལ་སྙིང་ནས་སེམས་འགུལ་ཐེབས་སུ་བཅུག་པས་སོ།།

༡༤༽
ངའི་སེམས་ཀྱི་ཟབ་ས་ན་འཁྱིལ་བའི་མ་ཡུམ་སློབ་གླིང་དང་ཁ་འབྲལ་བར་ཉིན་མང་པོ་མེད་པའི་ད་ལྟའི་དུས་འདིར། ངས་ནི་ཁ་རོག་གེར་མ་ཡུམ་སློབ་གླིང་གི་ཕྱི་ནང་ཀུན་ལ་མྱོང་རོལ་བྱེད་ཀྱི་ཡོད་ཅིང་། དལ་ཅག་གེར་འདས་ཟིན་པའི་བྱ་བ་ཁག་ལ་ཕྱིར་དྲན་བགྱིད་ཀྱི་ཡོད། དེས་ན་ད་ལྟའི་སྐབས་འདིར་ངས་ཁོམ་སྐབས་དང་བསྟུན་ཏེ་སྒྱུ་འཕྲུལ་ལྷ་ཁང་ལ་སོགས་པའི་ལྷ་ཁང་དག་གི་གསེར་མདོག་གི་རྒྱ་ཕིབས་ཀྱི་འོད་སྣང་མིག་གིས་མྱོང་གི་ཡོད་ཅིང་། གྲྭ་ཤག་གི་ཡང་སྟེང་དུ་བཙུགས་པའི་དམར་མདོག་གི་དབང་དར་དག་གི་རྡེབ་སྒྲ་ལ་རྣ་བས་ཉན་གྱི་ཡོད། དེ་བཞིན་དུ་དེང་སང་ཁོ་བོ་རྡོ་རྗེའི་མཆེད་གྲོགས་དག་དང་འཕྲད་དུས་སྟབས་བདེའི་སྐད་ཆ་ལས་བརྒལ་ཏེ་སྐད་ཆའི་ཐག་པ་ཇེ་རིང་དུ་གཏོང་གི་ཡོད་ལ། བླ་རུང་གི་བར་གསེང་དག་ཏུ་ཡར་མར་ལ་འགྲོ་དུས། ནམ་རྒྱུན་གྱི་གོམ་སྟབས་བྲེལ་མོ་དེ་བཤོལ་ནས་དལ་བ་དལ་བུས་གོམ་པ་སྤོས་ཏེ་འགྲོ་བཞིན་ཡོད་དོ།། །།
༢༠༢༠•༣•༣ཉིན་བྲིས།

བསམ་ཚུལ་ཕྲིས།

སྐུ་ཉིད་ཀྱི་གློག་འཕྲིན་ཁ་བྱང་གཞན་གྱིས་མཐོང་མི་ཐུབ། སྐར་རྟགས་ཅན་རྣམས་ངེས་པར་དུ་སྐོང་དགོས། *