ནགས་ཤོད་ཅོང་བརྡའི་འབོལ་རྩོམ་ཞིག
རྩོམ་ཡིག་འདི་ཐེངས་ 1875 བཀླགས་འདུག
བཙན་གཡེམ་ཐེབས་མ་ཐེབས།
དྲ་ལམ་དུ་ནག་མོ་འགའ་བཙན་གཡེན་ཐེབས་སོང་སྐོར་ཞིག་འགྲོ་བཞིན་འདུག་པ་དང། དེར་ལ་ལས་ཧང་ནག་པོ་དགུ་སངས་མདོག་གིས་བོད་མི་རིགས་ཀྱི་ཞབས་ནས་ཐག་ཞགས་ལྔ་བཅུའི་ལམ་དུ་དྲུད་སོང་མདོག་བྱ་བཞིན་འདུག་པས། ཕྲན་གྱིས་བཙན་གཡེམ་གྱི་སྐོར་ལ་དོགས་སློང་ཅུང་ཟད་བྱ་འདོད་བྱུང་། སྤྱིར་བོད་ནི་རང་བྱུང་གི་ལྕགས་རི་མཐོ་བས་དང་ཕྱི་འབྲེལ་གྱི་ལམ་ལུགས་མ་དར་བས། ཅུང་སྒེར་གཤིས་ཅན་གྱི་མི་རིགས་ཤིག་ཡིན། བོད་མི་རིགས་ཀྱི་བསམ་བློའི་འཁྱེར་སོ་དང་། རིན་ཐང་བལྟ་ཚུལ་སོགས་མི་རིགས་གཞན་དང་མི་འདྲ་ས་མང་པོ་ཡོད་པའི་ནང་ནས་བུད་མེད་ཀྱིས་བཙུན་ཚུགས་འཛིན་སྟངས་འདི་གཅིག་ཡིན། དེས་ན། རྫ་ཁ་རི་ཁ་ནས་དང་། ལྷས་འགྲམ་ཆུ་འགྲམ་ནས། ན་སྦུག་སྤང་སྦུག་ནས་བུད་མེད་གཅིག་མནན་སོང་བ་རྒྱུན་ལྡན་ཡིན་ཞིང་། བུད་མེད་གང་དེས་དང་པོ་ཡིན་ལ་མིན་ལ་བྱ་དར་བ་རེད། འཕུར་མཉེ་དང་ལྡག་འཇིབ་ཀྱི་གོ་རིམ་གང་ཡང་བརྒྱུད་མི་དགོས་པའི་བྲེལ་བ་ཚབ་ཚུབ་ཀྱི་འབྲོག་ལས་དེ་ཚར་བ་དང་། དེ་བཙན་གཡེམ་ཡིན་པའི་དབང་དུ་བྱས་ན། ལས་ཀ་དེ་ཚར་བ་དང་ཁྱོད་མོའི་མ་ཐུབ་པའི་དགྲ་བོ་ཡིན་པ་རེད། མོས་ཁྱོད་ལ་གྱོད་ཁ་མཆུ་བརྒྱག་ཆོག་པ་རེད། མི་དཔུང་རྒྱུ་དཔུང་བཤམས་ཆོག་པ་རེད། དེ་ལས་ལྡོག་སྟེ། བུད་མེད་དེ་རྦེད་དེ་འགྱུར་ཚར་བ་རེད། དེ་ནས་བཟུང་མོ་ཁྱོའི་སྐེ་ལ་འཁྲི་ཡོང་བ་རེད། དེ་ནས་བཟུང་མོ་ཁྱོའི་ཡིན་ཤག་ཤག་བྱ་དར་བ་རེད། ང་ཁོས་མནན་སོང་ཞེས་མ་སྲུ་མོ་ལའང་མི་བཤོད་པ་དེ་རྒྱུ་མཚན་དེ་འདྲ་འགའ་ཡོད་པ་རེད། མ་གཞི་གསར་བུ་ཞིག་གིས་ངས་ཁྱོད་མནན་རྒྱུ་ཡིན་ཞེས་བཤད་ན། བུད་མེད་དེས་ཡ་འགྲིག་གི་རེད་ཅེས་ནག་ཧར་རེར་འཛེད་འདུག་མཁན་ཞིག་ཕལ་ཆེར་བོད་ཀྱི་གྲོང་གསེབ་ཁུལ་དུ་མེད། ལྷག་ཏུ་ལོ་རབས་བརྒྱད་ཅུ་དགུ་བཅུའི་གོང་ལ་མེད། དེ་འདྲ་ཞིག་ཡོད་པའི་དབང་དུ་གཏོང་ན། དེ་ནི་བུད་མེད་མི་བཙུན་པ་ཞིག་ཏུ་བལྟ། དེར་བརྟེར། བུད་མེད་ཚོས་རང་ཉིད་བཙུན་ཚུགས་ཡག་པོ་ཞིག་འཛིན་རྒྱུའི་དོན་དུ། ཡང་ན་བུད་མེད་ཀྱི་ལ་རྒྱ་སྲུང་རྒྱུའི་དོན་དུ། ཕོ་གསར་ཞིག་ལ་དགའ་ནའང་ལས་སླ་མོར་ཁེས་ལེན་མི་བྱེད། ལྷག་ཏུ་བུ་མོ་ལོ་ཆུང་དག་གིས་ལས་སླ་མོ་ཡ་མི་ཟེར། དེ་འདྲ་ཡིན་པས། “ལོ་བཅོ་ལྔའི་ཁོག་བསམ་ཁ་སྐྲག་”ཅེས་པའི་ཉམས་མྱོང་གི་སྡོམ་འདི་བྱུང་བ་རེད། དེ་འདྲའི་མཁྲེགས་པོ་བྱས་ན་ཕོ་གསར་དེའི་སེམས་སུའང་བུ་མོ་དེ་ལས་སླ་མོ་ཁྱོན་ནས་མི་འདུག་པས་མི་ཚེའི་སྐྱ་ཡར་འོས་སོ་སྙམ་དར་བ་རེད། དེ་མ་གཏོགས་དེང་སང་ངས་ཁྱོད་མནན་རྒྱུ་ཡིན་ཟེར་ན། ནག་ཧར་རེར་འཛེད་འདུག་མཁན་དེ་ཚོ་ནུབ་ལུགས་ཡིན་ན་མ་གཏོགས་ཤར་ལུགས་མ་རེད། བོད་ལུགས་དེ་བས་མ་རེད། ལྷག་ཏུ་གྲོང་གསེབ་ཀྱི་ལམ་ལུགས་གདའ་ག་བ་ག་བ། དེས་ན། རྫ་ཁ་རི་ཁ་ནས་ནག་མོ་ཞིག་མནན་སོང་བར་བཙན་གཡེམ་བྱས་སོང་ཟེར་དར་ལེ་མ་རེད། དེ་བཙན་གཡེམ་མིན་པ་ཕ་ཨ་ཁུ་དག་གིས་ཤེས་བཞིན་ཡོད་པ་རེད། གལ་སྲིད། དངོས་གནས་བཙན་གཡེམ་བྱས་སོང་ན། བོད་ཀྱི་གྲོང་གསེབ་མི་རྒོད་དེ་ཚོ་སྲོག་གི་རྩེད་མོ་བརྩེ་མཁན་ཞིག་རེད་མ་གཏོགས། སྣ་སྒོར་བལ་རུག་བཞག་ཀྱང་སུད་སུད་མེད་པ། གྱོང་ཁུར་ཏེ། སྡུག་ཁོག་ཏུ་སྒོམ་ནས་འདུག་མཁན་དེ་འདྲ་མ་རེད། དེས་ན། ཁོ་ཚོ་ཁུ་སིམ་མེར་འདུག་དོན་ཅི་རེད། ཁོ་ཚོས་སོ་སོའི་བུ་མོར་ཤ་མ་ཚ་བ་དང་། སྙིང་མ་ཉེ་བ་ག་ལ་ཡིན། ཁོ་ཚོ་ལ་ཁོག་བརྩིས་ཡོད་པ་རེད། ཁོ་ཚོས་བཙན་གཡེམ་ཡིན་མིན་གྱི་ས་མཚམས་ཆུ་མཚམས་ཧ་གོ་བཞིན་ཡོད་པས་རེད། འོ་ན་བོད་ལ་བཙན་གཡེན་ཡིན་མིན་གྱི་ས་མཚམས་གང་ནས་ཤེས་ཟེར་ན། ནག་མོ་གཅིག་གི་སྒང་ལ་བུ་གཉིས་གསུམ་རུབ་སྟེ། རྐང་ལག་བཟུང་ཞིང་ཁ་མིག་བཀབ་ནས། མནན་རེས་དང་མནན་རེས་བྱས་སོང་བ་དང་གཅིག། རྡོ་དང་ཁུ་ཚུར་བྱས་ཏེ། མནན་བཅུག་ན་བཅུག་ལེ་ཡིན། མ་བཅུག་ན་རྡུང་གི་ཡིན་ཟེར་བ་སོགས་དྲགས་ལས་བྱས་སོང་བ་སོགས་བཙན་གཡེམ་གྱི་གྲལ་དུ་གཏོགས། གཞན་མ་གཏོགས་སྤང་འཇམ་ས་ནས་ཉི་མ་དྲོ་ས་ནས། ཕ་ཨ་ཁུའི་སྔས་འགྲམ་ནས། མ་སྲུ་མོའི་གཡས་གཡོན་ནས་ཁེར་རུ་ཁེར་ཐུག་བརྒྱབ་ནས་མནན་སོང་བ་བཙན་གཡེམ་ཡིན་ས་མི་འགྲོ། དེ་ཅི་ལྟར་མི་འགྲོ་ཟེར་ན། ཁྱོད་ཀྱིས་ཨེ་ཁུང་མཛུབ་ཤུམས་ཙམ་ཞིག་སྲུང་མི་ཐུབ་ཟེར་ན་ཆ་ཡོད་རྒྱུས་ཡོད་ཀྱི་རྣ་ལ་འགྲོ་བའི་སྐད་ཆ་མ་རེད། ལས་ཀ་དེ་ལ་སྔོན་འགྲོའི་ཆ་རྐྱེན་ཁ་ཤས་མ་ཚང་ན་ཕོ་གསར་མདུང་བཟུང་སྡད་པ་འདྲ་ཞིག་ཡོད་ན་མ་གཏོགས། ཕྱི་གོས་ནང་གོས་ཚང་མ་རེ་རེ་བཞིན་འཕུད་མི་དགོས་པ། ཉིས་མདུད་སུམ་མདུད་བརྒྱབ་ཡོད་པའི་སྐེད་རགས་བཤིགས་མི་དགོས་པ། རང་གཞན་གཉིས་ཀའི་དོར་ཆབ་དཀྲོལ་མི་དགོས་པ། ཕྱི་ལྭ་ནང་ལ་ཚང་མ་འཕིགས་ནས་ཤོར་ཡོང་མཁན་ཞིག་ཡོད་མ་རེད། ལྷག་ཏུ་ཕ་ཨ་ཁུའི་འགྲམ་ནས་མ་སྲུ་མོའི་ཟུར་ནས་ཁྱོད་ཀྱིས་སྐད་ཤུགས་ཆེན་པོ་རྒྱབ་ན་ཆོག། ཁོ་ཚོས་ཁྱོད་སྡུག་དེ་འདྲ་ཞིག་ཡོད་ཁོ་ཐག་ཡིན་ན་སྣང་མེད་དུ་བསྐྱུར་ག་ལ་སྲིད། བོད་ཀྱི་སྒེར་གཤིས་ཅུང་ཟད་མི་ཤེས་པར་བོད་ནི་ནུབ་ལུགས་ལྟར་ཡོང་གི་མི་འདུག་ཅེས་འུར་མཁན་ཚོ་ལ་ཞུ་རྒྱུར། བོད་ཀྱི་པགས་རྩག་དགྲ་གནོན་ཁྲོ་བོ་ལ་མི་མཛའ་བ་ལྟར་ནུབ་ལྭ་ནག་པོ་སྲོང་བཙན་སྒམ་པོའང་མི་མཛའ་བ་ཤེས་དགོས།
སྤྱི་ལོ་༢༠༡༩/༡༡/༢༩ ལ།
བསམ་ཚུལ་ཕྲིས།